བོད་ཐང་དབར་གྱི་གོང་གུ་རྨེ་རུའི་སྐོར་གྱི་བརྗེད་ཐོ།
རྩོམ་པ་པོ།:སེང་ཁྲི་བློ་གྲོས།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2021-11-22
ཀློག་གྲངས།:
བོད་ཐང་དབར་གྱི་གོང་གུ་རྨེ་རུའི་སྐོར་གྱི་བརྗེད་ཐོ།
སེང་ཁྲི་བློ་གྲོས།
མེས་པོ་ཚོས་སྐུ་སྲོག་ལ་བརྗེས་པའི་གོང་གུ་རྨེ་རུ།
ལོ་རྒྱུས་པའི་མིག་འོག་ནས་བོར་བའི་གོང་གུ་རྨེ་རུ།
ཕྱི་རབས་པའི་ནང་སེམས་ཀྱིས་བོར་བའི་གོང་གུ་རྨེ་རུ།
གོང་གུ་རྨེ་རུ་ཞེས་པ་གླེང་བའི་ཐོག་མར། བོད་ཀྱི་ཁྲི་བཙན་པོ་རལ་བ་ཅན་གྱི་སྐུ་ཚེའི་ནང་གི་མཛད་རྗེས་གལ་ཆེན་གླེང་དགོས་པས། ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཁྲི་བཙན་པོ་རལ་བ་ཅན་གྱི་སྐབས་སུ། རྒྱ་ཡུལ་ཆམ་ལ་ཕབ་ནས་གཙིགས་བཟུང་སྟེ། །བོད་རྒྱའི་མཚམས་སུ་དབོན་ཞང་ལྷ་ཁང་བརྩིགས། །གནམ་ལ་ཆེ་བ་ཉི་ཟླ་ཟུང་གཅིག་སྟེ། །ས་ལ་ཆེ་བ་བཙན་པོ་དབོན་ཞང་གྲགས། །བཀའ་གཙིགས་ཡི་གེ་རྡོ་རིང་གསུམ་ལ་བརྐོས། །ཕྱིན་ཆད་བོད་རྒྱ་རང་རང་ཡུལ་ན་བདེ། །དམག་མི་བྱ་བར་གཙིགས་བཟུང་བྲོ་ཡིས་བསྩལ། །ཞེས་པ་ལྟར། བོད་ཆེན་པོའི་བཙན་པོ་ཁྲི་རལ་བ་ཅན་དང་། ཐང་གི་གོང་མ་མུའུ་ཙུང་ལིས་ཧྲན་གཉིས་ཀྱི་དུས་སུ་བོད་དང་ཐང་གི་དབར་གྱི་དམག་འཁྲུག་ལ། བོད་ཀྱི་ལོ་པན་དང་རྒྱའི་ཧ་ཤང་རྣམས་ཀྱིས་བར་འདུམ་མཛད་ནས། ཕྱོགས་གཉིས་ཀྱི་ཆབ་སྲིད་གཅིག་ཏུ་མོལ། དཔང་དུ་གནམ་གྱི་ཉི་ཟླ་དང་། ལྷ་ཀླུ་གཉན་པོ་དག་བཞག་ནས་བཀའ་གཙིགས་ཡི་གེ་རྡོ་རིང་གསུམ་ལ་བརྐོས་ནས། གཅིག་བོད་ཆེན་པོའི་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་བཙུགས། ད་ལྟའང་མ་ཉམས་པར་རྔམ་ཟིལ་དང་བཅས་ཀྲོང་ངེར་འགྱིང་བའི་ཡོངས་གྲགས་སུ་དབོན་ཞང་རྡོ་རིང་ཞེས་པ་དེ་ཡིན། གཅིག་ནི། ཐང་གི་རྒྱལ་ས་ཁྲང་ཨན་(དེང་དུས་ཀྱི་ཤིས་ཨན)དུ་འབོད་པ་དེར་བཙུགས། རྡོ་རིང་དེ་ད་ལྟའང་ཡོད་པར་ཕུན་ཚོགས་ཚེ་རིང་སོགས་ཀྱིས་བཤད། གཞན་གཅིག་ནི། བོད་དང་ཐང་གི་ས་མཚམས་གསལ་འབྱེད་ཀྱི་རྟགས་སུ། གོང་གུ་རྨེ་རུ་ཞེས་པའི་ཡུལ་དུ་བཙུགས། རྡོ་རིང་དེ་ཧྥ་རན་སེའི་མི་ཞིག་གིས་རྐུ་འཁྱེར་བྱས། ཞེས་ཀྱང་ཕུན་ཚོགས་ཚེ་རིང་གིས་དེབ་ཐེར་ཀུན་གསལ་མེ་ལོང་དུ་བཤད་མོད་བདེན་པའི་གཏམ་དུ་གོ་དཀའ། གང་ལྟར་ཡང་ད་ལྟའི་ཆར། ང་ཚོས་གོང་གུ་རྨེ་རུའི་རྡོ་རིང་བོར་སོང་ལ། རྡོ་རིང་བཙུགས་སའི་གོང་གུ་རྨེ་རུ་ཞེས་པའི་ས་གནད་གལ་ཆེན་དེ་ཡང་བོར་སོང་། དེའང་མ་རེད། ང་ཚོས་བོར་སོང་བ་ནི་དེ་གཉིས་ཀ་མ་རེད། ང་ཚོས་བོར་སོང་བ་ནི་བོད་ཐང་གཉིས་ཀྱི་ས་མཚམས་རེད། མེས་པོ་གོང་མའི་སྐུ་སྲོག་ལ་བརྗེས་པའི་མངའ་ཁོངས་རེད།
![](http://www.amdotibet.cn/d/file/p/2021/11-22/5094b9d56cc79a36a0aa36770523d305.jpg)
བོད་ཀྱི་བཙན་པོ་ཁྲི་རལ་པ་ཅན་དང་། ཐང་གི་གོང་མ་མུའུ་ཙུང་ལིས་ཧྲན།
༡
ཆོས་འབྱུང་དང་དེབ་ཐེར་ཁྲོད་ཀྱི་གོང་གུ་རྨེ་རུ་བྱ་བའི་མིང་བརྡའི་སྐོར།གོང་གུ་རྨེ་རུ་ཞེས་པའི་མིང་འདི་ལ། འབྲི་ཚུལ་མི་མཐུན་པ་ཁ་ཤས་ཡོད་ལ། དཔེར་ན། བདེ་སྐྱིད་ཀྱིས་རྩོམ་སྒྲིག་བྱས་པའི་རྦ་བཞེད་ཕྱོགས་བསྒྲིགས་ཚན་པ་དང་པོ། སྦ་བཞེད་ཞབས་བཏགས་མ་ཞེས་པར། རྒྱའི་གོང་བུ་དམེ་རུར་རྒྱ་རྗེའི་གཙུག་ལག་ཁང་དང་། བཙན་པོའི་གཙུག་ལག་ཁང་རེ་བཞེངས་སུ་གསོལ། ཞེས་པ་དང་། གཞན་ཡང་དེ་ཉིད་ལས། རྒྱའི་གོང་བུ་དམེ་རྡུར་རྒྱ་རྗེའི་གཙུག་ལག་ཁང་དང་། གོང་དུ་བུས་མེ་རུའི་རྡོ་རིང་ལ་བྲིས་པོ། ཞེས་གཞུང་གཅིག་ཏུའང་འབྲི་ཚུལ་ཐ་དད་པ་གསུམ་བྱུང་ཡོད། ཉང་ཉི་མ་འོད་ཟེར་(༡༡༣༦-༡༢༠༤)གྱི་ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། ཤཱཀྱ་རིན་ཆེན་སྡེའི་ཡར་ལུང་ཇོ་བོའི་ཆོས་འབྱུང་། ས་སྐྱ་བསོད་ནམས་རྒྱལ་མཚན་(༡༣༡༢-༡༣༧༥)གྱི་རྒྱལ་རབས་གསལ་བའི་མེ་ལོང་། དཔའ་བོ་གཙུག་ལག་ཕྲེང་བའི་(༡༥༠༤-༡༥༦༦)ཆོས་འབྱུང་མཁས་པའི་དགའ་སྟོན། སོགས་ཀྱི་འབྲི་ཚུལ་ལ་མི་མཐུན་པ་ཆེར་མི་འདུག་སྟེ། ཐམས་ཅད་དུ། གོང་གུ་རྨེ་རུ་དང་། གུང་གུ་རྨེ་རུ་ཞེས་པའི་མིང་འདི་གཉིས་གང་རུང་གིས་སྤྱད་འདུག འོན་ཀྱང་། ཅུང་དམིགས་བསལ་བ་ཞིག་འདུག་པ་ནི། རྒྱལ་དབང་ཀློང་ཆེན་པས་མཛད་པར་གྲགས་པའི་ཀློང་ཆེན་ཆོས་འབྱུང་ཞེས་པ་འདི་ཡིན་ལ། འདིའི་ནང་དུ་། རྒྱའི་གོང་བུ་མདའ་རུ་ཞེས་པའི་འབྲི་ཚུལ་གཞན་ཞིག་ཀྱང་བྱུང་ཡོད་པས་དཔྱད་དགོས་སྙམ། དེ་ལྟར་རབ་བྱུང་གཉིས་པའི་ཚུན་ཆད་ཀྱི་དེབ་ཐེར་དང་། ཆོས་འབྱུང་ཁག་ཏུ་གོང་བུ་དམེ་རུ། གོང་བུ་དམེ་རྡུར། གོང་དུ་བུས་མེ་རུ། གོང་བུ་མདའ་རུ། གོང་གུ་རྨེ་རུ། གུང་གུ་རྨེ་རུ་སོགས་འབྲི་ཚུལ་ཐ་དད་པ་དུ་མ་བྱུང་ཡང་། ད་ལྟའི་ཆར་གཅིག་གྱུར་གྱིས་ཕྱི་མ་གཉིས་ཁོ་ན་ལྟར་སྤྱོད་ཀྱིན་འདུག་པ་ལྟར་ལགས། དེ་དག་ནི་དེ་ཙམ་གཙོ་བོ་མིན་ལ། ཤེས་དགོས་པ་ནི། གནའ་བོའི་གོང་གུ་རྨེ་རུ་ཞེས་པ་ད་ལྟའི་ས་ཁུལ་གྱི་དབང་དུ་བཏང་ན། ཡུལ་ཁམས་གང་ལ་ངོས་འཛིན་དགོས་པ་དེ་ཡིན་པས། གཤམ་ནས་དེའི་སྐོར་གླེང་བར་བྱ།
![](http://www.amdotibet.cn/d/file/p/2021/11-22/dacdd4f4401ac78cb7cbd9a73f9756b8.jpg)
༢
གོང་གུ་རྨེ་རུའི་ཡུལ་ཁམས་ངོས་འཛིན་ཐད་ཀྱི་བཞེད་པ་འདྲ་མིན།གོང་གུ་རྨེ་རུ་ཞེས་པའི་ཐ་སྙད་བྱུང་བའི་དུས་ཚོད་ཅུང་སྔ་ནའང་། གནའ་བོའི་གཞུང་དེ་དག་ཏུ། གོང་གུ་རྨེ་རུའི་ཡུལ་དུ། བོད་དང་ཐང་གིས་གཙུག་ལག་ཁང་བཞེངས་ཚུལ་དང་། བོད་ཐང་ས་མཚམས་ཀྱི་རྡོ་རིང་བསླངས་ཚུལ་གྱི་སྐོར་ཙམ་ལས་གཞན་མི་གསལ། དུས་རབས་ཉི་ཤུ་པའི་རྗེས་ནས་བཟུང་། བོད་ནང་དུ་ལོ་རྒྱུས་ཀྱི་སྐོར་ལ་དཔྱད་འཇོག་བྱེད་མཁན་དང་། ལོ་རྒྱུས་ཀྱི་སྐོར་དཔྱད་རྩོམ་འབྲི་བའི་ཚ་རླབས་ཆེ་ནས་ཆེ་རུ་ཕྱིན། འོན་ཀྱང་ཁོང་ཚོས་ནམ་རྒྱུན་ཁྲི་དར་མ་འུ་དམ་བཙན་དང་། ལྷ་ལུང་དཔལ་རྡོར་བར་གྱི་གཤོབ་སྒྲུང་དེ་དང་དེ་འདྲ་བ་ལས། འདས་མ་ད་གསུམ་དུ་གལ་ཆེ་བའི་གོང་གུ་རྨེ་རུ་ལྟ་བུའི་སྐོར་ནི། སུས་ཀྱང་ཞིབ་རྒྱས་སུ་གླེང་ཐུབ་མེད། དེ་ནི་ངེས་པར་གླེང་འོས་ལ། གླེང་དགོས་པ་ཞིག་ཅིས་ཀྱང་ཡིན་ངེས། སྤྱིར་གོང་གུ་རྨེ་རུའི་ཡུལ་ཁམས་ངོས་འཛིན་ཐད་ནས། བོད་དུ་དེ་སྔོན་རྩ་བའི་གྲུབ་མཐའ་ལྔ་དྲུག་ཙམ་ཞིག་བྱུང་ཡོད་ཚོད་འདུག
༡ མཚོ་སྔོན་མཚོ་ལྷོའི་ཁྲི་ཀ་ལ་ངོས་འཛིན་མཁན་གཅིག ༢ ཀན་སུའུ་ཐེན་ཧྲེའུ་གྲོང་ཁྱེར་ཆིན་ཧྲུའེ་རྫོང་ལ་ངོས་འཛིན་མཁན་གཅིག ༣ ཀན་སུའུ་ཉིན་ཞ་གྲོང་ཁྱེར་གྱི་刘家峡ལ་ངོས་འཛིན་མཁན་གཅིག ༤ ཧྲན་ཞི་ཞིང་ཆེན་གྱི་汧阳ཉེ་འཁོར་ལ་ངོས་འཛིན་མཁན་གཅིག ༥ སི་ཁྲོན་གྱི་གྲོང་ཁྱེར་ཁྲིན་ཏུའུ་ཡི་ཕྱོགས་སུ་ངོས་འཛིན་མཁན་གཅིག ༦ གཞན་ཡང་མཚོ་སྔོན་གྱི་རི་བོ་ཉི་ཟླ་དང་ཏཱ་ཐུང་རྫོང་སོགས་ལ་ངོས་འཛིན་པའི་བཤད་སྒྲོས་དང་ངག་རྒྱུན་ཙམ་རེ་ཡོད་མོད་བདེན་ཁ་སྟེར་ཐབས་ཟད།
དེ་དག་ལས། དང་པོ་མཚོ་སྔོན་མཚོ་ལྷོའི་ཁྲི་ཀར་ངོས་འཛིན་མཁན་ནི། བྲག་སྒོམ་པ་བསྟན་པ་རབ་རྒྱས་(༡༨༠༡–༡༨༦༦)ཡིན་ཏེ། ཁོང་གི་«མདོ་སྨད་ཆོས་འབྱུང»དུ། མངའ་བདག་ཁྲི་རལ་གྱི་དུས། རྒྱ་ནག་གི་རྒྱལ་པོ་དང་། དབོན་ཞང་འདུམ་བྱ་བར་མ་མཐུན་ནས། བོད་རུ་རེ་དམག་སྟོང་སྡེ་བཅོ་བརྒྱད་རེ་དར་ཚན་ཁྲིག་གེ་པ་ཁྲིད་དེ་རྒྱའི་གེན་པོ་རྣམས་བཀུམས། རྒྱ་ཆམ་ལ་ཕབ། དཔོན་པོ་མཉེས་པའི་སྐྱེས་ཕུལ། བོད་ཀྱི་མཆོད་གནས་ལོ་པན་རྣམས་དང་། རྒྱའི་ཧྭ་ཤང་རྣམས་ཀྱིས་དཔང་པོ་མཛད། རྒྱའི་གོང་གུ་བྱ་བར་རྒྱ་བོད་ཀྱི་ས་མཚམས་བྱས་ཏེ་དེར་བོད་བཙན་པོའི་གཙུག་ལག་ཁང་དང་། རྒྱ་རྗེའི་གཙུག་ལག་ཁང་བརྩིགས་པར་བཤད་པ་མཆོད་རྟེན་དཀར་པོར་ངོས་འཛིན་པ་དང་། མངའ་བདག་ཁྲི་རལ་ཉིད་དངོས་སུ་ཕེབས་ཤིང་རལ་བ་ནང་བཞུགས་ཀྱི་མཆོད་རྟེན་ཁྲི་ཀར་ཡོད་པ་གྲགས་ཆེ། ཞེས་གསུངས་ནས་གོང་གུ་རྨེ་རུ་དང་། ཡོངས་གྲགས་ཀྱི་མཆོད་རྟེན་དཀར་ཆུང་གཉིས་ས་གནས་གཅིག་ཏུ་ངོས་འཛིན་མཛད། འོན་ཀྱང་«མདོ་སྨད་ཆོས་འབྱུང»འདིར་རྒྱ་བོད་ས་མཚམས་ཆུ་མ་མཁར། ཞེས་པའི་ཐ་སྙད་ཅིག་ཀྱང་བྱུང་ཡོད་པས་དཔྱད་རིགས།(འདོད་ཚུལ་འདི་ཅུང་མི་འཐད་པའི་སྐྱོན་ཞིག་འདུག་སྙམ། གང་ཡིན་ཞེ་ན། ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་དུ། བོད་ཐང་གི་ས་མཚམས་ནི་ཙོང་ཀ་མཚོ་སྔོན་གྱི་ལྷོ་ཤར་དུ་ཡོད། ཅེས་པའི་ཚིག་སྣེ་གལ་ཆེན་ཐོན་ཡོད་པས། ཁྲི་ཀ་ཙོང་ཀ་མཚོ་སྔོན་གྱི་ལྷོ་ཤར་དུ་འགྱུར་ཐབས་གཏན་ནས་མི་འདུག་པས་གོང་གུ་རྨེ་རུ་མཚོ་སྔོན་ཁྲི་ཀར་ངོས་འཛིན་པ་ནི་མ་དག་པ་ཞིག་ཏུ་སྣང་།
![](http://www.amdotibet.cn/d/file/p/2021/11-22/5503859be434157deb8d569b30ae8003.jpg)
![](http://www.amdotibet.cn/d/file/p/2021/11-22/1d4b85196ca19fb9db18d38bdb652ce7.jpg)
ཆིན་ཧྲོས།
ཀན་སུའུ་ཉིན་ཞ་གྲོང་ཁྱེར་གྱི་ལིས་ཅ་འགག(刘家峡)ལ་ངོས་འཛིན་མཁན་ནི། དམུ་དགེ་བསམ་གཏན་ (༡༩༡༤—༡༩༩༣)ཁོང་ཡིན་ཏེ། ཁོང་གི་བརྩམས་ཆོས་«བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང»དུ། གོང་གུ་རྨེ་རུ་ནི་ཀ་ཅུའི་མཆོད་རྟེན་དཀར་པོ་ཡོད་ས་དེ་རེད་ཟེར་ཞིང་། མཆོད་རྟེན་འདི་སངས་རྒྱས་འོད་སྲུང་དུས་ཀྱི་མཆོད་རྟེན་ཞིག་ཡིན་ཟེར་བ་དང་། བདག་ཅག་གི་སྟོན་པའི་འཕེལ་གདུང་བཞུགས་པའི་མཆོད་རྟེན་ཡིན་ཟེར་བའི་ལོ་རྒྱུས་ཅི་རིགས་སྣང་། ཞེས་གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར་ལས་གསུངས། འོན་ཀྱང་མཆོད་རྟེན་དེ་ལོ་བཅུ་ཕྲག་འགའི་གོང་དུ་བཤིགས་ནས། དེར་ཆུ་མཛོད་ཅིག་བཟོས་ཡོད། ད་ལྟ་སླར་མཆོད་རྟེན་ཞིག་རི་ཁར་བཞེངས་ཡོད་འདུག ཅེས་གསུངས་པ་ལྟར། ང་ཚོས་ཀན་སུའུའི་ས་ཁྲ་ཞིག་ལག་ཏུ་བླངས་ནས་བལྟས་ན་ཆུ་མཛོད་དེ་མཐོང་ཐུབ། ད་ལྟའི་ས་ཁུལ་གྱི་དབང་དུ་བཏང་ན་甘肃省临夏回族自治州永靖县刘家峡ཟེར་བ་དེ་ཡིན་དགོས་སྙམ། ཁ་ཅིག་ནི་ཀ་ཅུའི་མཆོད་རྟེན་དེ་བསང་ཆུའི་ཆུ་སྔོན་ཡུལ་ཚོར་ངོས་འཛིན་མོད་སྔ་མར་བདེན་ཤས་ཆེ་སྙམ། དེ་ལ་སྐུ་ཞབས་གངས་འཚོས་གོང་ལྟར་ལྟ་ཚུལ་འདི་བཏོན་འདུག རྒྱ་བོད་ཡིག་ཚང་རྙིང་བ་ཁག་དང་རྡོ་རིང་ཡི་གེ་སོགས་སུ། ཀ་ཅུ་གྲོང་ཁྱེར་དང་ལེ་དབར་བརྒྱ་ཕྲག་དུ་མའི་ཕ་རོལ་དུ་ཡོད་པའི་ཆིན་ཧྲོས་དང་། ལུང་ཀྲིག་སོགས་ཀྱང་སྤུ་རྒྱལ་བཙན་པོའི་མངའ་ཁོངས་ཡིན་པ་གསལ་བོར་བསྟན་འདུག་པས། གོང་གུ་རྨེ་རུ་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་འཚོལ་བ་ངལ་བ་འབྲས་མེད་རེད་ཅེས་གསུངས་འདུགཧྲན་ཞི་ཞིང་ཆེན་གྱི་汧城གྱི་ཉེ་འཁོར་ལ་ངོས་འཛིན་མཁན་ནི། སྐུ་ཞབས་གངས་འཚོ་ལགས་ཡིན། ཁོང་གིས་དེ་ལྟར་འདོད་པ་ལ། རྒྱུ་མཚན་ཁུངས་བཙུན་འགའ་དྲངས་ནས་བཤད་འདུག གཅིག རྒྱ་ནག་གི་ཡིག་ཚང་སྲིད་སྐྱོང་མེ་ལོང་གི་ནང་དུ། ཐང་གི་དམག་དཔོན་ཆེན་མོ་ལི་བེ་ཅིན་ཟེར་བ་ཞིག་ཧྤུན་ཞང་(风翔)ས་ཆའི་ཅེ་དོག་དཔོན་ལ་བསྐོས་ཤིང་། ཡུལ་དེ་རུ། ཐང་གི་སོ་མཚམས་སྲུང་བའི་ལས་འགན་བསྒྲུབ་པའི་སྐོར་བཀོད་ཡོད་པ་ལ་བལྟས་ན། 风翔ནི་ཐང་གི་མངའ་རིས་ཟད་པའི་མཐའ་རུ་ཁེལ་ཡོད་འདུག ས་ཆ་དེ་ནི་ད་ལྟའི་ཧྲན་ཞི་ཞིང་ཆེན་གྱི་ཧྥུན་ཞང་རྫོང་(风翔县)ཁོངས་སུ་ཡོད། གཞན་ཡང་ཐང་ཡིག་གསར་མ་ལས། གོང་མའི་སྐུ་མཁར་གྱི་ཉེ་འདབས་ཀྱང་བྷོད་ཀྱིས་ཁོངས་སུ་བསྡུས། ཞེས་བྱུང་བས། ཆན་དབྱང་ནས་རྒྱའི་རྒྱལ་ས་ཁྲང་ཨན་བར་སྤྱི་ལེ་བརྒྱ་ལ་མ་སླེབས་ཙམ་ལས་མེད་པས་འཕལ་ཁ་འཕྲོད། གཞན་ཡང་ཀུན་མཁྱེན་འཇིགས་མེད་དབང་པོའི་ཅོ་ནེའི་བསྟན་འགྱུར་དཀར་ཆག་ལས། རལ་བ་ཅན་གྱིས་ཤན་ཟིའི(陕西)མཆོད་རྟེན་དཀར་པོ་ཡན་ཆད་དབང་དུ་བསྡུས་ཞེས་གསུངས་པ་དང་ཡང་འགྲིག དེ་བས་སྐུ་ཞབས་གངས་འཚོས། སྤུ་རྒྱལ་གྱིས་ལུང་ཀྲིག(陇州)བདག་ཏུ་བཟུང་ཞིང་ཐང་གི་སོ་དམག་གིས་ཧྥུན་ཞང་风翔བདག་ཏུ་བཟུང་བར་གཞིགས་ན། ཡུལ་དེ་གཉིས་ཀྱི་བར་དུ་ཁེལ་བའི་ཆན་དབྱང་གི་ས་ཆ་ནི། ས་མཚམས་ཡིན་པ་ཧ་གོ་ཐུབ་ཅེས་དང་། གོང་གུ་རྨེ་རུ་དང་རྒྱའི་མཆོད་རྟེན་དཀར་པོ་སོགས་ནི། ཧྲན་ཞི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཞི་ཨན་ནུབ་རྒྱུད་ཀྱི་རྫོང་ཁག་ཅིག་ཏུ་ཡོད་པ་གོར་མ་ཆག ཅེས་སོགས་བྱུང་བས། ང་ཚོས་གོང་གུ་རྨེ་རུ་འཚོལ་ན་ཧྲན་ཞི་ཞིང་ཆེན་གྱི་ནང་དུ་འཚོལ་བ་ལས། མཚོ་སྔོན་དང་། ཀན་སུའུ་སོགས་སུ་བཙལ་བ་ལ་འབྲས་བུ་མེད་ལས་ཆེ་སྙམ།
![](http://www.amdotibet.cn/d/file/p/2021/11-22/9d6d2422126fa5edc4122fb235a0b88e.jpg)
མན་ལུང་གུ་རུའི་ལམ་ཡིག
སི་ཁྲོན་གྱི་གྲོང་ཁྱེར་ཁྲིན་ཏུའུ་ཡི་ཕྱོགས་སུ་ངོས་འཛིན་མཁན་ནི། མན་ལུང་གུ་རུ་སོགས་ཡིན་ལ། ཁོང་གི་ལམ་ཡིག་ཏུ། ཁྲིན་ཏུ་གྲོང་ཁྱེར་ནས་གླིང་ཆེན་འགྱིང་རི་བསྐྱོད་པའི་ལམ་བར་དུ། བོད་ཐང་གི་ས་མཚམས་གསལ་འབྱེད་ཀྱི་མཆོད་རྟེན་ཡོད་པར་གསུངས་པ་དང་། ལམ་ཡིག་འདིར་གླིང་ཆེན་འགྱིང་རི་དང་། ཁྲིན་ཏུ་གཉིས་ཀྱི་ཤར་ལྷོའི་ངོས་འཛིན་ལ་ཉོག་འཛིང་ཅན་ཞིག་འདུག་ཀྱང་། སྐབས་དོན་མིན་པས་སྐྱུར་ཞོག གཉགས་སྟོན་པའི་གདུང་རབས་སུ། རྒྱའི་མཆོད་རྟེན་དཀར་ཆུང་ནི། དར་མདོ་ནས་མར་ཉིན་བཅུ་གསུམ་ཕྱིན་ན་ཡོད་ཅེས་སོགས་བྱུང་། དེའི་སྐོར་ལ། སྐུ་ཞབས་གངས་འཚོས་ལྟ་ཚུལ་འདི་བཏོན་འདུག ད་ལྟའི་སི་ཁྲོན་གྱི་ཁོངས་སུ་མཆོད་རྟེན་དཀར་ཆུང་ཡོད་པ་དེ་ནི། ཕྱི་ལོ་༨༢༢ལོའི་བོད་ཐང་གི་ས་མཚམས་གོང་གུ་རྨེ་རུ་མ་ཡིན་ལ། དེས་ནི་བཙན་པོ་རལ་བ་ཅན་གྱིས་བོད་ཀྱི་ཤར་ཕྱོགས་ཐང་དང་། ས་མཚམས་གསལ་འབྱེད་ལ་རྟགས་གཉིས་བཏབ་ཡོད་པར་ཚོད་དཔག་བྱས་འདུག དེ་ལ་བདེན་ཁ་སྟེར་དཀའ་ཡང་། ཧ་ཅང་དཔྱད་རིན་ཡོད་པ་ཞིག་ནི་ཅིས་ཀྱང་རེད་སྙམ། མཚམས་འདི་ནས་ཀུ་རེ་ཞིག་བཤད་ན། ད་ལྟའི་རྒྱའི་གྲོང་ཁྱེར་ཆེན་པོ། ལན་ཀྲིག ཉིན་ཞ། ཐེན་ཧྲེས། ཏུའུ་ཅང་ཡན། ཐ་ན་ཁྲིན་ཏུའུ་སོགས་ཀྱི་བོད་ཀྱི་མངའ་ཁོངས་ཡིན་ཞེས་གླེང་དུས། ན་གཞོན་མང་པོས་སྣ་དགོད་ཅིག་བྱས་ནས་དེའི་ཁུངས་གང་ཡོད་ཟེར་ན། ངས་དེ་ཚོར་དེའི་སྐོར་རྣམ་དཔྱོད་ལེགས་པའི་མེས་པོ་གོང་མའི་གསུང་རྩོམ་གྱི་ནང་དུ་མཇལ་ཐུབ་པ་ལས། ད་ལྟའི་དུས་ཀྱི་ཆོ་མེད་པའི་ཐད་གཏོང་དེ་དག་ལས་བསྐལ་བ་བརྒྱ་ལ་བལྟས་ཀྱང་ཤེས་དཀའ་ཞེས་ལབ་ངེས། གང་ལྟར་ང་ཚོས། མན་ལུང་གུ་རུའི་ལམ་ཡིག་དང་གཉགས་སྟོན་པའི་གདུང་རབས་འདི་ལས། ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་ཁྲིན་ཏུའི་ཉེ་འཁོར་དུའང་བོད་ཐང་གི་ས་མཚམས་གསལ་འབྱེད་ཀྱི་རྟགས་སུ་མཆོད་རྟེན་ཞིག་ཡོད་པ་རྟོགས་དགོས། ང་ནི་སྐུ་ཞབས་གངས་འཚོའི་དཀར་ནག་འཐབ་མོས་བྲིད་ཆེས་པས། ད་ནི་ཁོང་གི་ཕྱོགས་འཛིན་པར་འདོད་མོད། འོན་ཀྱང་ངའི་སེམས་སུ་དྲི་བ་ཞིག་ད་དུང་ལྷག་འདུག་པ་ནི། ས་སྐྱ་བའི་གོང་དུ་བོད་ཐང་གི་ས་མཚམས་གསལ་འབྱེད་རྟགས་སུ། རྡོ་རིང་དང་གཙུག་ལག་ཁང་བཞེངས་པ་ལས། མཆོད་རྟེན་དཀར་པོ་ཞིག་བཞེངས་པའི་སྐོར་མི་གསལ་བས་དེའི་རྗེས་སུ་མཆོད་རྟེན་དཀར་ཆུང་བྱ་བའི་ས་མཚམས་གསལ་འབྱེད་ཀྱི་ས་རྟགས་སུ་ངོས་བཟུང་བ་དེ་དང་། གོང་གུ་རྨེ་རུ་གཉིས་ཡུལ་ཕྱོགས་གཅིག་ལ་ངོས་བཟུང་བ་ནི་ནོར་བ་ཡིན་མིན་ལ་དོགས་པ་ཟ་ཆོག རྒྱུ་མཚན་ས་སྐྱ་བའི་སྐབས་སུ་སོག་པོས་བོད་ཡུལ་ཆོལ་ཁ་གསུམ་ཞེས་། འབྱུང་ཁུངས་གསུམ་དུ་བགོས་ནས་དབང་ཡོན་དུ་ཕུལ་ཚུལ་སོགས་སུ་རྨ་ཆུའི་ཁུག་པ་དང་པོ་ནས། རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་མདོ་སྨད་གྱི་ལིང་རྟའི་ཆོལ་ཁའི་མངའ་ཁོངས་སུ་བཤད་དུས། ད་གཟོད་བྱུང་བ་ཞིག་མིན་འགྲོ་སྙམ། ས་སྐྱའི་སྐབས་ཀྱི་ཆོལ་ཁ་གསུམ་གྱི་ནང་དུ། བོད་ཆེན་པོའི་སྣོད་བཅུད་ཡོངས་རྫོགས་མི་འདུ་བའི་སྐོར་ནི། ར་སེ་དཀོན་རྒྱམ་གྱི་དཔྱད་རྩོམ་ཞིག་ཏུ། ཞིབ་མོ་རྣམ་འཐག་གིས་བྲིས་འདུག་པ་དེ་བདེན་ཤས་ཆེ། འདི་ནི་རང་ཉིད་ཀྱི་ད་ལོའི་ལོ་སྟོད་དུ། སྐུ་ཞབས་གངས་འཚོའི་དཀར་ནག་གི་འཐབ་མོ་བཀླགས་པའི་དཔེ་ཀློག་ཟིན་བྲིས་ཤིག་ཡིན་མོད། རྗེས་སོར་དེ་ལ་བཟོས་བཅོས་ཕྲན་ཙམ་བྱས་ནས་བརྗེད་ཐོའི་མིང་བཏགས་ནས་དྲྭ་ཐོག་ཏུ་བཏང་ན་གཞན་ལ་ཕན་པའང་ཆུང་ངུ་རེ་ནི་ཅིས་ཀྱང་འབྱུང་སྙམ་ནས་བྲིས་པ་ཡིན། གང་ལྟར་ང་ཚོས་གོང་གུ་རྨེ་རུ་ཞེས་པའི་ས་གནད་གལ་ཆེན་དེ་འཚོལ་དུས། མ་མཐའ་ཡང་འདི་ཙམ་གྱི་རྨང་གཞིའི་ཤེས་བྱ་ངེས་དགོས་པ་ཡིན། མཇུག་ཏུ་ཞུ་བསམ་པ་ཞིག་ཡོད་པ་ནི། མ་འོངས་པར་ང་ཚོས་ངེས་པར་དུ་གོང་གུ་རྨེ་རུ་རྙེད་དགོས་ལ། རྙེད་པས་ཀྱང་མི་ཆོག་པར་དེའི་མཐའ་འཁོར་གྱི་རི་རྒྱུད་གལ་ཆེན་དང་། གཙང་བོ་གྲགས་ཅན་དག་ལ་གཞི་བཅོལ་ནས་མི་ལོ་སྟོང་ཕྲག་གཅིག་གིས་རྗེས་ཀྱི་ཕྱི་རབས་པས་བལྟས་ཀྱང་ཤེས་ངེས་པའི་ཟིན་ཐོ་ཞིག་འཇོག་དགོས།
༢༠༢༡.༢.༡༣བྲིས།
༢༠༢༡.༩.༡༠ཉིན་བཅོས།
༢༠༢༡.༩.༡༠ཉིན་བཅོས།
འབྲེལ་ཡོད་འོས་སྦྱོར།