logo

བན་ཤུལ་དཔལ་མཁར་རྒྱལ། ཡུལ་བཀྲ་ཤིས་དབྱར་མོ་ཐང་གི་བརྗེད་ཐོ།

རྩོམ་པ་པོ།:བན་ཤུལ་དཔལ་མཁར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-03-01 ཀློག་གྲངས།:
ཡུལ་བཀྲ་ཤིས་དབྱར་མོ་ཐང་གི་བརྗེད་ཐོ།
བན་ཤུལ་དཔལ་མཁར་རྒྱལ།
        བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བཀའ་གཙིགས་ཡི་གེ གཙིགས་ཀྱི་རྡོ་རིང་སོགས་ལས་བྱུང་བའི་དབྱར་མོ་ཐང་ནི། ཤིན་ཏུ་གནད་ཆེ་བའི་ས་མིང་རྙིང་པ་ཞིག་ཡིན། ཡིན་ནའང་། དུས་ཀྱི་དར་རྒུད་སོགས་ཀྱི་དབང་གིས་སམ། དབྱར་མོ་ཐང་གིས་བཏགས་པའི་ཡུལ་ག་ལ་པ་དེའི་ཁྱབ་ཁོངས་དང་། གང་དུ་ཆགས་པ་སོགས་ལ་ངོས་འཛིན་མི་འདྲ་བ་མང་པོ་བྱུང་ཡོད། དེ་ལྟ་མོད་ཀྱང་། འདིར་བོད་ཀྱི་ཡིག་ཚང་གི་དབང་བཙན་པར་བྱས་ཏེ། བརྗེད་ངེས་ཆོམ་པོ་འཇོམ་པའི་ངོར་མི་བརྗེད་པའི་ཐོར་ཅུང་ཟད་དགོད་པ་ལ།
        ཆུ་ཕོ་སྟག་དེ་ཕྱི་ལོ༡༤༢༢ལོར་ཞལ་བཤུས་བགྱིས་པའི་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས༩༣༩ནས་ཐོན་པའིབཀའ་གཙིགས་དང་རྡོ་རིང་གི་ཡི་གེན། བློན་པོ་ཀ་ཧཱུ་ཏི་ལས་སྩོགས་དབྱར་མོ་ཐང་ལ་བཀྱོན་ཕབ་ཅིང་ཤིང་ཀུན་དང་ཙོང་ཁ་ཕྱོགས་ཀྱི་ཁྲོམ་ཆེན་པོ་ཞེས་འཁོད་ཡོད། འདི་ནི་དབྱར་མོ་ཐང་ཞེས་བྱ་བའི་ས་མིང་བྱུང་སྔ་བའི་ཡིག་ཚང་དེ་ཡིན་ནམ་ཅི། ཀྲིའི་རྡོ་རིང་ཡི་གེ་ལས་བྱུང་བའི་རྒྱའི་བློན་པོ་ཀ་ཧཱུ་ཏི་ནི། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན༡༤༡༥-༡༤༩༨གྱིས་མཛད་པའིཉི་མའི་རིགས་ཀྱི་རྒྱལ་རབསན། ཆུ་མོ་ལུག་ལ་བོད་དམག་བྱས་པ་ན། ཐའེ་ཙུང་གཤེན་བཅུར་བྲོས། བོད་དམག་རྒྱ་ཡུལ་བྱང་ཧུར་སླེབས་པས། རྒྱའི་བློན་པོ་ཀ་ཧུ་ཏིས་བོད་ལ་ངོ་བལྟས་ཞེས་བཀོད་ཡོད། དེ་ལྟར་ན། ཆུ་མོ་ལུག་སྟེ་ཕྱི་ལོ༧༤༣ལོར་རྒྱ་བོད་བར་ལ་འཁྲུག་པ་ཆེན་པོ་ཞིག་གཡོས་ཡོད་ཅིང་། དེའི་ཕྱིས་ཀྱི་ལོ་ཉེར་གཅིག་རྗེས་ཏེ་ཕྱི་ལོ༧༦༤ལོའི་མཇལ་དུམ་གྱི་དུས་སུ་ད་དུང་རྒྱའི་བློན་པོ་ཀ་ཧུ་ཏི་བཞུགས་ཡོད་པ་གསལ་ཡོད། དེའི་ཕྱིར། དབྱར་མོ་ཐང་ནི་མཇལ་དུམ་སྔ་ཕྱིའི་ས་ཚུགས་གཙོ་བོ་ཞིག་རེད་སྙམ། དེ་བཞིན་དུ། ནུབ་ཕྱོགས་ཧྥ་རན་སིར་ཉར་ཚགས་གནང་བའི་ཏུན་ཧོང་བོད་ཡིག་གི་ཡིག་ཚང་ཨང་རྟགས༠༠༡༦ཀྱི་ནང་གིདེ་ག་གཡུ་ཚལ་སྨོན་ལམནའང་། དབྱར་མོ་ཐང་ཁྲོམ་ཆེན་པོ་ཞེས་བྱུང་ཡོད་ཅིང་། ཡུལ་དེ་ནི་རྒྱ་དྲུག་འཇང་གསུམ་ལ་མཇལ་དུམ་གནང་སའི་ས་ཆ་ཞིག་ཡིན་པའང་གསལ་བོར་བཀོད་ཡོད། དེ་ག་གཡུ་ཚལ་སྨོན་ལམ་ལས་བྱུང་བའི་འཇལ་དུམ་འདི་ནི། ཁྲི་གཙུག་ལྡེ་བཙན་རལ་པ་ཅན༨༡༥-༨༣༦གྱི་སྐུ་དུས་སུ་བློན་ཆེན་པོ་ཞང་ཁྲི་སུམ་རྗེ་དང་ཞང་ལྷ་བཟང་པོ་གཉིས་ཀྱིས་བྱས་པར་གསལ་ནའང་། འདི་དང་ཆུ་སྟག་ལོ་སྟེ་ཕྱི་ལོ༨༢༣ལོར་བཙུགས་པའི་ལྷ་སའི་རྡོ་རིང་གི་མཇལ་དུམ་དེ་གཉིས་གཅིག་ཡིན་མིན་ལ་མུ་མཐུད་དུ་དཔྱད་དགོས་སྙམ། གང་ལྟར་ཡང་། དེ་ག་གཡུ་ཚལ་སྨོན་ལམ་ལས་བྱུང་བའི་མཇལ་དུམ་དེ་ནི་དུས་རབས་བརྒྱད་པའི་ནང་རེད། དེ་ལྟར་ན། དབྱར་མོ་ཐང་ནི་དུས་རབས་བརྒྱད་པ་ནས་དགུ་བའི་ནང་དུ། བཙན་པོའི་རྒྱལ་རབས་ཀྱི་མཐའ་འདུལ་དང་འབྲེལ་བའི་མཇལ་དུམ་ཐང་ངམ་མདོ་ཁམས་ཡུལ་གྱི་ས་ཆ་དམིགས་བསལ་པ་ཞིག་ཡིན་པ་རྟོགས་ཐུབ་ཀྱི་ཡོད།
        གཞན་ཡང་ནུབ་ཕྱོགས་ཧྥ་རན་སིར་ཉར་ཚགས་གནང་བའི་ཏུན་ཧོང་བོད་ཡིག་གི་ཡིག་ཚང་ཨང་རྟགས༠༠༤༣ཀྱི་ནང་དུ། གནམ་རྩེ་མགོན་ཙུན་གྱི་ཞལ་ནས་དབྱར་མོ་ཐང་གི་གངས་རྙིང་ཞིག་ལ་དགུང་གི་ཉི་མ་སྤུན་བདུན་བྱུང་ཞེས་དང་། ཡང་ཆབ་མྱིག་བཟང་པོ་དང་དབྱར་མོ་ཐང་གིས་མཐུ་དེ་ཕྱག་ཏུ་བཞེས་ཞེས་སོགས་དབྱར་མོ་ཐང་ལན་གསུམ་བྱུང་བའི་བརྗོད་བྱ་དང་ཚིག་འགྲོས་ལ་དཔྱད་ན། དབྱར་མོ་ཐང་ནི་ལན་རེར་སྤུ་རྒྱལ་བཙན་པོའི་མཇལ་དུམ་སྐབས་ཀྱི་དཔང་པོར་འཇོག་པའི་འཇིག་རྟེན་གྱི་ལྷར་བཀུར་གྱི་ཡོད་དམ་སྙམ། ལི་ཡུལ་གྱི་ཁྲམ་ཤིང་ཨང་རྟགས༠༧༤༠ནའང་ལྷ་དབྱར་མོ་ཐང་གི་ཞལ་ནས་ལྷ་ལན་རྒྱངས་ཞེས་བྱུང་བའི་ཚིག་འགྲོས་ལས་ཀྱང་། བྱེ་བྲག་ཏུ་དབྱར་མོ་ཐང་ནི་འཇིག་རྟེན་མི་སྐྱས་བཀུར་བའི་ཡུལ་ལྷར་ངོས་འཛིན་པའི་སྐབས་ཤིག་ཀྱང་བྱུང་ཡོད་པ་བདེན་དཔང་བྱེད་ཐུབ་སྙམ།
        དེ་ནས་ཕྱི་དར་གྱི་ཡིག་ཚང་ལས། ཉང་ཉི་མ་འོད་ཟེར༡༡༢༤-༡༡༩༢གྱིས་མཛད་པའིཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུདན་དབོན་ཞང་མཇལ་དུམ་ཐང་གི་གོང་རྨེ་རུ་ནི་ཙོང་ཁ་མཚོ་སྔོན་གྱི་ལྷོ་ཤར་ན་ཡོད་ཅེས་བཀོད་ཡོད། ཡིན་ནའང་། ཆོས་འབྱུང་རང་ན་དབྱར་མོ་ཐང་ཞེས་པའི་མིང་བྱུང་མེད་ལ། གོང་རྨེ་རུ་ཙམ་གྱིས་དབྱར་མོ་ཐང་གི་སའི་ཁྱབ་ཁོངས་ཐག་གཅོད་དཀའ་སྙམ། ཆོས་རྒྱལ་འགྲོ་མགོན་འཕགས་པ ༡༢༣༥- ༡༢༨༠ཡི་བཀའ་འབུམ་ནང་དུ། གཡར་མོ་ཐང་གི་སའི་ཆ་ཤིན་ཀུནགཤེན་བཅུཞེས་བཀོད་ཡོད། དེ་རྣམས་ལ་བརྟག་ན། བཀྲ་ཤིས་དབྱར་མོ་ཐང་ནི་ས་ཁྱོན་ཤིན་ཏུ་ཆེ་བའི་རྒྱ་དྲུག་འཇང་གསུམ་གྱི་མཇལ་དུམ་ཐང་ཆེན་པོ་ཞིག་གི་སྤྱི་མིང་སྟེ། དེའི་ནང་དུ་ཤིང་ཀུན༼ 临潭༽ དང་ཀྭ་ཆུ༼ 临夏༽ གྱི་ཐང་སྟེ་ཙོང་ཁ་ཆེ་ཆུང༼西宁༽ རྨེ་རུ༼清水༽སོགས་བྱེ་བྲག་གི་ས་ཆ་མང་པོ་ཚུད་ཡོད། དེའི་ཕྱིར། སྐབས་འགའ་རེར་རྒྱ་བོད་ས་མཚམས་ལས་སྤྱིའི་ས་མཚམས་དབྱར་མོ་ཐང་གིས་འབོད་པ་དང་། ལན་རེར་སྤྱིའི་ས་མཚམས་ལ་བལྟོས་པའི་ལུང་པ་བྱེ་བྲག་པ་ཤིང་ཀུན་དང་རྨེ་རུ་སོགས་ཀྱི་མིང་གིས་འབོད་བཞིན་ཡོད། གང་ལྟར། ཕྱི་དར་གྱི་དུས་སུ། གནའ་བོའི་ཡིག་རྙིང་ལས་བྱུང་བའི་དབྱར་མོ་ཐང་བྱ་བར་འབྲི་ཚུལ་གཞན་གཡར་མོ་ཐང་དང་གཡེར་མོ་ཐང་སོགས་བྱུང་ཡོད། ཡིན་ནའང་། འདི་ནི་འབྲི་ཚུལ་གཞན་ཙམ་ལས་དོན་ལ་བཙན་པོའི་དུས་ཀྱི་ས་མིང་རྙིང་པ་དབྱར་མོ་ཐང་ལྟར་བཟུང་ཆོག་པ་ཞིག་གོ། གང་ལྟར་དབྱར་མོ་ཐང་ནི། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ༡༨༤༥-༡༩༡༥མཆོག་གིས་མཛད་པའིསྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙནན། མདོ་སྨད་ལ་གཡེར་མོ་ཐང་བཏགས་པ་ཞེས་པ་ལྟར་གོ་བ་ལེན་འོས་སོ།། དེའི་སྟབས་ཀྱིས། མཁས་དབང་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིབཙན་པོའི་དུས་ཀྱི་ཡིག་རྙིང་ཚིག་མཛོདན། དབྱར་མོ་ཐང་ནི་མཚོ་སྔོན་པོ་ཁོ་ནར་ངོས་གཟུང་ཡོད་ན་རིག་པའི་གནོད་བྱེད་མང་ལ། མཚོ་སྔོན་པོའི་ས་ཆ་ཞེས་ན་མཛུབ་མོ་འཛུགས་སའི་ཡུལ་གྱི་ཁྱབ་ཁོངས་གང་ཡིན་ལ་དཔྱད་དགོས་ཤིང་། ལྷག་པར་དུ་སྐུ་ཞབས་ཝང་ཡའོ་ལགས་ཀྱིས་ཕྱི་ལོ༡༩༨༢ལོར་དཔར་བའིསྤུ་རྒྱལ་གྱི་རྡོ་རིང་དང་ཅོང་ཡིག་གི་ངོ་བཤུསཞེས་པའི་ནང་སྟག་སྒྲ་ཀླུ་གོང་གི་བང་སོའི་རྡོ་རིང་ཞལ་བཤུས་ལས།
        ལྷོ་ངོས་ཀྱི་ཐིག་འཕྲེང་སོ་གཉིས་ནས་སོ་གསུམ་ནང་གིརྒྱའི་ཁམས་སུ་གཏོགས་པ་དབྱར་མོ་ཐངཞེས་པ་རྡོ་རིང་རང་ལ་བརྟེན་ནས་ཞལ་བཤུས་བྱས་སམ། ཡང་ན་ཞལ་བཤུས་ཡི་གེ་ཞིག་ལ་བརྟེན་པ་ཡིན་མིན་གྱི་ཁུངས་འཚོལ་དགོས་ལ། དེ་བཞིན་དུ་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་ཕྱི་ལོ༡༩༩༥ལོར་སྤར་བའིབོད་ཀྱི་བརྡ་རྙིང་ཡིག་ཆ་གདམས་བསྒྲིགསབྱ་བའི་ནང་གི་ཞོལ་རྡོ་རིང་ཕྱི་མའི་ཞལ་བཤུས་ནའང་། ལྷོ་ངོས་ཀྱི་ཡིག་འཕྲེང་སོ་གཉིས་ནས་སོ་གསུམ་པའི་ནང་ན་དེ་དེ་བཞིན་དུརྒྱའི་ཁམས་སུ་གཏོགས་པ་དབྱར་མོ་ཐངཞེས་པའི་ངོ་བཤུས་དེ་ཡོང་ཡོད། རི་ཆར་སིན་གྱིས་ཕྱི་ལོ༡༩༨༥ལོར་སྤར་བའིབོད་ཀྱི་རྡོ་རིང་གི་ངོ་བཤུསཞེས་པར་ཚིག་འདི་ཇི་བཞིན་གསལ་བོ་མེད་པ་ཅི་ཡིན་ནམ། གང་ལྟར་ཁུངས་གང་ནས་ཡིན་པ་མི་གསལ་བའི་ལུང་དུམ་འདི་ནི། ཞོལ་རྡོ་རིང་ཕྱི་མའི་ཡིག་ཕྲེང་འཇིག་པའི་ཤུལལ་བརྟེན་ནས་བྱུང་བ་ཡིན་ཟེར་ན། ཚན་རིག་དང་མཐུན་པའི་སྒོ་ནས་བསྐྱར་ཞིབ་ངེས་ཅན་འགྲོ་དགོས། ཕྱི་ལོ༡༤༢༢ལོའི་ཡན་ཆོད་ལ་ཀྲིའི་རྡོ་རིང་གི་བཀའ་གཙིགས་ཡི་གེ་ཆ་ཚང་བཞུགས་ཡོད་པ་དང་།
        ཕྱི་ལོ༡༦༩༣ལོར་སྡེ་སྲིད་སངས་རྒྱ་མཚོ༡༦༥༣-༡༧༠༥མཆོག་གི་བཀའ་ལྟར་པོ་ཏ་ལའི་མདུན་དུ་སྤོས་པ་ནས་ད་ལྟའི་བར་ལ་ཡིག་ཕྲེང་མང་པོ་འཇིག་ཟིན་པ་ནི་དེ་ལྟར་དང་། དེ་ལ་དུས་རབས་ཉི་ཤུ་བར་མཁས་དབང་དགེ་འདུན་ཆོས་འཕེལ༡༩༠༣-༡༩༥༡དངོས་སུ་མཇལ་ནས་དེབ་ཐེར་དཀར་པོའི་ཕྱི་མོབོད་ཀྱི་རྒྱལ་རབས་གལ་ཆེནབྱ་བར་རྩེ་ཞོལ་རྡོ་རིང་གི་ཡིག་ཕྲེང་མང་པོ་རྡོ་ཡིས་བརྡུང་ནས་འཇིག་ཚུལ་གྱི་ལོ་རྒྱུས་བྲིས་ཡོད།
        མདོར་ན། དབྱར་མོ་ཐང་ནི་མདོ་སྨད་ཡུལ་གྱི་མིང་གི་རྣམ་གྲངས་ཤིག་ཡིན་ལ། དེའི་ནང་དུ་བྱེ་བྲག་གི་རྒྱ་བོད་ཀྱི་ས་མཚམས་ཁག་དང་། དེ་འབྲེལ་གྱི་ཁྲོམ་ཆེན་པོ། གཙིགས་ཀྱི་གཙུག་ལག་ཁང་། མཐའ་འདུལ་གྱི་མཆོད་རྟེན་སོགས་ཚུད་ཅིང་རྒྱ་དྲུག་འཇང་གསུམ་གྱིས་གྲུབ་པའི་རྒྱལ་ཁམས་ཆེན་པོ་རྣམས་འདུ་ཐུབ་པའི་མཇལ་དུམ་གྱི་ཐང་ཆེན་པོ་ཞིག་གི་སྤྱི་མིང་ལ་བྱ་སྟེ། དོན་ཐོབ་ཀྱི་མིང་ལའངཡུལ་བཀྲ་ཤིས་དབྱར་མོ་ཐངཞེས་གཙིགས་ཆེན་པོ་མཛད་པའི་ས་གཞི་ཁོད་ཡངས་ཤིང་རྒྱ་ཆེ་བ་ཞིག་གི་འབོད་མིང་ཡིན་ནོ།།

གསལ་བཤད། རྩོམ་པ་པོའི་མོས་མཐུན་མ་བརྒྱུད་པར་བརྗེད་ཐོ་འདིའི་ལུང་ཁུངས་དང་རིགས་ལམ་སོགས་ལ་འདྲ་བཤུས་སམ་བརྐུ་ལེན་གྱིས་དཔྱད་རྩོམ་སོགས་སུ་བཅོས་ཏེ་སྤེལ་ན་ཁྲིམས་ཀྱི་འགན་འཁྲི་ཡོད།
༢༠༢༢། ༢། ༢༦། ལ་ཡུལ་དབུས་ལྷ་སར།
འབྲེལ་ཡོད་འོས་སྦྱོར།