logo

ལྡོང་དངོས་ཞེས་པའི་སྡེ་མིང་ཐོགས་ཚུལ།

རྩོམ་པ་པོ།:ལྡོང་བསྟན་ཤེར། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-04-13 ཀློག་གྲངས།:
ལྡོང་དངོས་ཞེས་པའི་སྡེ་མིང་ཐོགས་ཚུལ་ལ་དཔྱད་པ་གཟུར་གནས་གཏམ་གྱི་རོལ་མོ།
ལྡོང་བསྟན་ཤེར།

གླེང་སློང་བ།
        སྤྱིར་བཏང་ང་ཚོའི་བོད་ཀྱི་ས་མིང་དང་ཆུ་མིང་དང་སྡེ་མིང་ཚོ་མིང་སོགས་ཀྱི་འབྲི་སྟངས་ལ་སྔོན་བྱོན་མཁས་དབང་རྣམས་ཀྱི་གསུང་ན་གཅིག་གྱུར་དང་གཏན་འབེབ་མེད་པ་དང་། ལྷག་པར་ཉེ་བའི་ལོ་འགའི་རིང་ནས་གནའ་བོའི་ས་མིང་ཆུ་མིང་སོགས་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་འགྲེལ་སྟངས་སྣ་ཚོགས་ཤིག་གི་ཚ་རླབས་འཕྱུར་བཞིན་པ་འདིས་གདོད་མའི་ས་མིང་ཆུ་མིང་དང་སྡེ་མིང་ཚོ་མིང་སོགས་ནག་གསུབ་གཏོང་གིན་པའི་སེམས་ཚོར་ཞིག་ཀྱང་ངང་གིས་སླེབས་འོང་བས་སྡེ་མིང་ཚོ་མིང་སོགས་ཀྱི་འབྲི་སྟངས་ལ་རྒྱུན་པར་དོ་སྣང་བྱེད་ཀྱིན་ཡོད། ང་ཚོས་ཤེས་གསལ་ལྟར་རྩྭ་ཆུ་སྒེར་ལ་བགོས་ཏེ་ས་མཐའ་ལྕགས་ཀྱིས་བསྐོར་བའི་དུས་དེ་ནས་བཟུང་ས་མིང་ཆུ་མིང་སོགས་རིམ་གྱིས་ཡལ་བཞིན་པའི་མགོ་བརྩམས་ཤིང་། མང་པོ་ཞིག་གིས་སྡེ་མིང་ཚོ་མིང་སོགས་རང་ས་རང་ཡུལ་གྱི་མིང་གི་འབྲི་སྟངས་ལ་བསམ་གཞིག་དང་ཁུངས་ལུང་ཅི་ཡང་མེད་པར་སེམས་ལ་གང་དྲན་དང་ལག་ལ་གང་ཡོང་འབྲི་བཞིན་པའི་སྣང་ཚུལ་ཡ་ང་བ་ཞིག་འབྱུང་བཞིན་པ་འདི་ནི་ལོ་རྒྱུས་ཀྱི་ཉེས་ཅན་དུ་མི་འགྱུར་བའི་ངེས་པ་ག་ལ་ཡོད། དེ་བས་འདིར་གླེང་བར་བྱ་བ་ནི་ལྡོང་དངོས་ཞེས་པའི་སྡེ་འདིའི་ཚོ་མིང་གི་འབྱུང་ཁུངས་དང་འབྲི་ཚུལ་ལ་སྔོན་གྱི་ལོ་རྒྱུས་དང་ཆོས་འབྱུང་རྣམས་དང་། གདན་རབས་སོགས་ལ་གཞི་བཅོལ་ཏེ་གང་ཐུབ་དབྱེ་ཞིབ་དང་ཁུངས་ལུང་འཚོམ་སྙེག་བྱ་འདོད་པ་དེ་ཡིན།
གཅིག ལྡོང་དངོས་ཞེས་པའི་ཐ་སྙད་ཀྱི་ཁུངས་བཙལ་བ།
        དེ་ཡང་སྐྱིད་ཉིན་ལུང་ཚོ་བ་ཉེར་གསུམ་གྱི་ཡ་གྱལ་རིག་སྨོན་ལྡོང་དངོས་ཞེས་པའི་འབྲོག་སྡེ་ཆེན་པོ་འདི་ནི་སྐྱེས་ལྷ་བློན་པོ་གསེར་ཆེན་གྱི་ཤར་ལྷོའི་མཚམས་ཏེ་རིག་སྨོན་ལྡོག་བཞུར་གཙང་བོའི་མགོ་ཁུངས་སུ་ཆགས་ཡོད་ལ། ངག་རྒྱུན་བསགས་པས་ཡིག་ཚང་ཞེས་པར་ལྟར། སྡེ་བ་འདིའི་རིགས་རྒྱུད་མཆེད་ཁུངས་ནི་བཙན་པོའི་དམག་གི་རྒྱུད་པ་ཡིན་པར་བཤད། སྔོན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་དམག་མི་ཕོན་ཆེན་རྒྱ་ནག་ཁྲང་ཨན་མཁར་ལ་སླེབས་ཏེ་རྒྱ་རྣམས་ཕན་པར་བྱས་ཤིང་། རྒྱའི་གོང་མ་ཁྲི་ལས་ཕབ་པའི་ལོ་རྒྱུས་ནི་འུད་བསྟོད་ཙམ་མ་ཡིན་པར་རྒྱ་བོད་ཐུན་མོང་གི་ལོ་རྒྱུས་སུ་ཡོངས་སུ་གྲགས་པ་ལྟར་ཡིན་ལ། ཕྱིས་སུ་རིམ་གྱིས་མདོ་སྨད་ཀྱི་ས་ཁུལ་གང་བཟང་གང་ཡག་རྣམས་སུ་གཞིས་ཆགས་ཤིང་ཚོ་སྡེ་མང་པོ་རིམ་གྱིས་འཕེལ་ཏེ་ཡུལ་རེབ་གོང་གཙོ་བྱས་མཚོ་སྔོན་པོའི་ཉེ་འགྲམ་སོགས་སུ་མཆེད་པར་བཤད་སྲོལ་བྱུང་ཞིང་། ལྡོང་དངོས་ཞེས་པའི་སྡེ་མིང་འདི་ལ་འབྲི་སྟངས་སྣ་ཚོགས་ཤིག་འདུག་སྟེ། སྐབས་དེ་དུས་ཀྱི་རྒན་རབས་རྣམས་ཀྱི་ངག་རྒྱུན་ལ་ཡུལ་ལུང་དེའི་ས་འཛིན་གྱི་ཐོག་མར་སླེབས་པའི་མི་རྣམས་ཀྱིས་རྡོ་བ་སྔས་བྱས་ཏེ་ཉལ་བས་རྡོ་སྔས་ཞེས་ཟེར་ཞིང་། ཉལ་ཤུལ་གྱི་རྩྭ་རྣམས་རུལ་ཡོད་པས་ན་རྩྭ་རུལ་ཐང་ཟེར་བ་ད་ལྟའང་ངོས་འཛིན་པའི་ཐང་ཆུང་ཞིག་ལ་དེ་ལྟར་དུ་འབོད་སྲོལ་ཡོད། ཡང་རྡོ་གསེག་མོད་པའི་རི་ངོས་ཞིག་ལ་ཆགས་ཡོད་པས་རྡོ་ངོས་ཞེས་བརྗོད་ལ། རྒྱ་བཟའི་དགེ་བཤེས་ཆེན་མོས་མཛད་པའི་ལོ་རྒྱུས་གྲགས་ཅན«ལྟ་བ་མཁའ་ཁྱབ་ཕྱོགས་བྲལ»ལས་དེ་ཡང་བཀའ་བཟའི་བུ་བརྒྱུད་ཀྱི་བུ་གསུམ་པ་བླ་མ་རྒྱལ་གདོང་རོ་ཞེས་པ་དེའི་བུ་ཆེ་བ་རིན་ཆེན་བཀྲ་ཤིས་གདོང་རོ་དང་ལྔ་བ་ཡི་དམ་སྐྱབས་གདོང་རོ། རིན་ཆེན་བཀྲ་ཤིས་ཀྱི་བུ་དགེ་འདུན་རྒྱལ་གདོང་རོ། ལྕགས་ཀོ་བྱམས་གདོང་རོ་ཞེས་གདོང་བའམ་མིའི་སྣ་ཆེན་པོ་ཡོད་པའི་མཚང་མིང་དེ་ཕྱིས་སུ་སྡེ་མིང་དུ་ཐོགས་ཏེ་གདོང་སྔས་ཞེས་བཏགས་པར་གསུངས་ཤིང་། ད་དུང་སྒྲ་བཤད་ཆེར་མེད་པའི་གདོང་ངེ་དང་། གདོང་ངོས། སྡོང་ངེ་། གདུང་ངེ་སོགས་དང་། གཞན་ཡང«རེབ་གོང་རུས་མཛོདདུ་བྱུང་ལྟར་ན་རབ་བྱུང་དགུ་བར་ལྡོང་ངེ་བླ་མ་རྒྱལ་ཟེར་བའི་གཏམ་བཤད་མཁས་པ་ཞིག་བྱུང་བར་གྲགས་ཤིང་། སྐབས་དེར་བོད་སོག་གཉིས་བར་ལ་དོན་རྐྱེན་བྱུང་བ་དེ་འདུམ་པའི་ཆེད་དུ་རོང་བོ་ནང་སོའི་ཚབ་ཏུ་རྒྱལ་པོའི་བེ་ཧུ་བསོད་ནམས་རྡོ་རྗེས་མཛད་དེ་བོད་སོག་འགྲིག་མཐུན་བྱུང་དུས། བོད་སོག་སྐུ་ཚབ་རྣམས་ཀྱིས་དམག་འདྲེན་ན་རྒྱལ་པོའི་བེ་ཧུས་འདྲེན་འདྲེན། གཏམ་བཤད་ན་ལྡོང་ངེའི་བླ་མ་རྒྱལ་མཚན་གྱིས་བཤད་བཤད། དགྲ་འདུལ་ན་ཧོར་ཚང་མགོན་པོ་སྐྱབས་ཀྱིས་འདུལ་འདུལ། གྲི་གཡུག་ན་འདོ་བའི་དཔོན་པོ་ཚེ་ཐར་རྒྱལ་གྱིས་གཡུག་གཡུག་ཅེས་སྐབས་དེར་རེབ་གོང་གི་ཡུལ་ལུང་དེར་སྙན་གྲགས་ཆེ་བའི་མི་བཞི་བྱུང་བར་གྲགས་སོ་ཞེས་ཉེ་རབས་ཀྱི་མཁས་པ་ལྡོང་ཆུ་ཤེལ་ལགས་ཀྱིས་བརྩམས་པའི་ལྡོང་ངེ་ལོ་རྒྱུས་མདོར་བསྡུས་ཞེས་པར་གསལ་བ་ལྟར་ལགས་ལ།
        དེ་ཡང་ཉེ་རབས་མཁས་པའི་གཙུག་རྒྱན་ཤར་ཡོངས་འཛིན་འཇིགས་མེད་ཐེག་མཆོག་ལགས་ཀྱིས་མཛད་པའི་རོང་བོ་ཕ་ཚང་ཞེས་གྲགས་པ་སྤྱི་དཔོན་ནང་སོ་ན་རིམ་གྱི་བྱུང་བ་ཅུང་ཙམ་བརྗོད་པ་ཞེས་པར། རབ་བྱུང་བཅུ་བའི་དཀྱིལ་ཙམ་ལ་གསེར་ལྗོངས་རྒྱལ་ཐང་དུ་རོང་བོ་མཁར་འབུམ་རྒྱལ་ཟེར་བའི་མིའི་རྗེས་བོར་འོས་པའི་ཡོན་ཏན་དང་ལྡན་པ་དེ་ལ་ཆུང་མ་གླིང་གྱ་བཟའ་འཁོར་མོ་སྐྱིད་དང་། ནག་ཡུ་གཟའ་སྙིང་མོ་དཔལ་གཉིས་ཡོད་པས་ལས་ཕྱི་མ་རྒྱལ་པོ་གླང་ཚང་ཤོག་ཁ་ལྡོང་ངེ་ནག་ཡུ་རིགས་ལས་བྱུང་བའི་སྐྱེ་དགུའི་བདག་མོ། རོང་བོ་ཤར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་སྐྱེད་ཡུམ་སྟེ་ནག་བཟའ་སྙིང་མོ་དཔལ་དེ་ཉིད་ཡིན་ལ་ཞེས་པས། ལྡོང་དངོས་ཞེས་པའི་ཚོ་སྡེ་འདིའི་མཆེད་ཁུངས་རྒྱལ་པོ་གླང་ཚང་ཤོག་ཁའི་ནང་ཚན་ཡིན་པ་གསལ་ཐང་ཐང་ཡིན། དེས་ན་ལྡོང་དངོས་ཞེས་པའི་སྡེ་མིང་འདི་སྐབས་དེར་གསར་དུ་བཏགས་པ་ཞིག་མ་ཡིན་པར་ལྡོང་ཞེས་པའི་ཐ་སྙད་འདི་ལ་འབྲེལ་བ་དམ་ཟབ་ཡོད་པ་སྨོས་མ་དགོས། གོང་དུ་དྲངས་ཟིན་པའི་ཐ་སྙད་དེ་དག་ལས་ཆེས་རྒྱུགས་ཆེ་བ་ནི་ག་གདོང་དང་ལ་ལྡོང་གཉིས་ཡིན་ལ། ག་གདོང་ལྟ་བུ་ལ་མཚོན་ན་རྒྱ་བཟའི་དགེ་བཤེས་ཚང་གི་མཛད་པའི«རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ»ཞེས་པའི་ནང་དུ་བོད་རབ་བྱུང་བཅུ་གསུམ་པའི་མེ་ཕག༡༧༦༧ལོར་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་གྲུབ་པའི་དབང་ཕྱུག་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་གསུམ་པ་སྐལ་ལྡན་དགེ་འདུན་འཕྲིན་ལས་རབ་རྒྱས་ལགས་ལ་གོང་མ་ཆན་ལུང་གིས་རོང་བོ་ཧོ་ཐོག་ཐུ་པཎྜིའི་ཆོ་ལོ་གནང་བའི་ཆོས་སྟོན་གྱི་སྦྱིན་བདག་གདོང་སྔའི་དཀོན་མཆོག་ཚེ་རིང་གཙོ་མཛད་པའི་གདོང་སྔའི་ཚོ་བས་གཏོང་སྒོ་དཔེ་མི་སྲིད་པ་བཏང་ཞེས་ག་གདོང་སྟེ་གདོང་སྔའི་ཞེས་བྲིས་འདུག་པ་དང་། རྗེ་ཞྭ་དམར་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་རྗེ་བཙུན་ཕུན་ཚོགས་དར་རྒྱས་དཔལ་བཟང་པོས་མཛད་པའི«གདན་རབས་ཚིག་བཅུད་མའི»ནང་དུ། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་གསར་བ་ནི། །རྣམ་དཔྱོད་ཡངས་པ་གདོང་ངོས་དཔལ་འབྱོར་དང་། །འཁྱག་སྐོར་རབ་འབྱོར་གཉིས་ནས་དད་པས་བསྐྲུན། །ཞེས་གདོང་ངོས་ཞེས་བྲིས་འདུག་པ་དང་། ད་དུང་ཆབ་འགག་རྡོ་རྗེ་རིང་སོགས་ཀྱིས་རྩོམ་སྒྲིག་གནང་པའི་དཔེ་ཚོགས་པོད་བཅུ་ལྷག་ཡོད་པའི་ནང་སྡེ་མིང་ཚོ་མིང་འབྲི་དུས་ལ་ལྡོང་ངེས་ཞེས་བྲིས་འདུག་པ་དང། དགེ་བའི་བཤེས་གཉེན་ཆེན་མོ་དྷཱི་ཚ་མུན་འཇོམས་སྒྲོན་མེ་ལགས་ཀྱིས་བརྩམས་གནང་མཛད་པའི་གདན་ས་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་མཁས་བརྒྱའི་རྣམ་ཐར་དུ་ལྡོང་དངོས་ཨ་ཁུ་དཔལ་འབྱོར་ཞེས་ལ་ལྡོང་བྲིས་འདུག་ལ། བཀའ་བཅུ་འབྱམས་པའི་དགེ་བཤེས་སེང་གཤོང་དགེ་འདུན་འཇིགས་མེད་ལགས་ཀྱིས་བརྩམས་པའི་གདན་རབས་ཚིག་བཅད་མའི་འབྲེལ་བའི་ནང་དུ་གདོང་ངོས་དགེ་འདུན་དཔལ་འབྱོར་ཞེས་བྲིས་གནང་མཛད་འདུག དགེ་བའི་བཤེས་གཉེན་གཡོན་རུ་བ་བློ་བཟང་བྱང་ཆུབ་ལགས་ཀྱིས་མཛད་པའི་འཁྱམ་རུ་དཔོན་སྐོར་ལོ་རྒྱུས་སུ་ལྡོང་ངེ་ཞེས་བྲིས་འདུག ཡང་ཉིན་ལུང་གི་ལོ་རྒྱུས་བྲིས་ཡོད་པ་མཐོང་ཚད་ཀྱི་ནང་དུ་ལ་ལྡོང་བྲིས་འདུག་པ་སོགས་ལ་བལྟས་ན་ལ་ལྡོང་འབྲི་བར་རྒྱུགས་ཆེ་ཞིང་། ཨ་ལགས་དམུ་དགེ་ཚང་གིས་མཛད་པའི«ལོ་རྒྱུས་ཀུན་དགའི་མེ་ལོང»ནང་དུ་སྔར་བོད་རང་གི་ཡི་གེ་འབྲི་བའི་སྲོལ་མ་དར་གོང་དུ་སྒྲ་ཙམ་བརྗོད་པ་སྟེ། ཕྱིས་སུ་བོད་ཡིག་འབྲི་སྲོལ་དར་བའི་སྐབས་སུ་སྒྲ་དེ་ཉིད་ཡིག་ཐོག་ཏུ་ཕབ་ལུགས་མི་འདྲ་བར་གྱུར་པ་ཡིན་ཏེ། དཔེར་ན། སྒ་ལ་དགའ་དང་སྒ་གཉིས་བྱུང་བ་དང་། སྦྲ་ལ་དབྲ་དང་ས་སྦྲ་གཉིས་དང་། ལྡོང་ལ་ག་གདོང་དང་ལ་ལྡོང་གཉིས་ཀ་བྱུང་བ་ལྟ་བུ་མང་ངོ་ཞེས་གསུངས་པ་འདི་གཞིག་ན་ག་གདོང་དང་ལ་ལྡོང་གཉིས་ཀ་འབྲི་ཚུལ་མི་གཅིག་པ་ལས་དོན་གཅིག་མིང་གི་རྣམ་གྲངས་སུ་ཁས་ལེན་དགོས་པ་ནི་སུས་ཀྱང་བཟློག་ཐབས་མེད་པའི་རྡོ་རྗེ་ཚིག་ཡིན་ལ། དེས་ན་བདག་གིས་བྲིས་པའི་ལྡོང་དངོས་ཞེས་པ་དེ་བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་ཏེ་ལྡོང་ངེ་སྟེ་ལྡོང་གི་རུས་རྒྱུད་ངོ་མའམ་དངོས་ཡིན་ཞེས་བཙན་པོའི་ལྡོང་གི་རུས་རྒྱུད་ལས་གྱེས་པར་བརྗོད་ན་ལུང་དང་རིགས་པའི་གནོད་པ་མེད་པར་མ་ཟད་དོན་ལ་ཤིན་ཏུ་ནས་ཀྱང་འཕྲོད་ཡོད་དོ། །
གཉིས་པ། བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ལྡོང་ལས་གྱེས་ཚུལ།
        གདོད་མའི་མིང་སོགས་ལ་ཕྱིས་ཀྱི་འགྲེལ་བཤད་ཀྱིས་ནོར་བ་དང་ནོག་པ་སོགས་རྒྱལ་རབས་ལོ་རྒྱུས་ཁྲོད་དུ་མང་པོར་མཐོང་ཞིང་། ལྷག་པར་སྔོན་མིང་རྣམས་རྒྱུ་མཚན་མེད་པར་གཡུགས་ཏེ་མིང་གསར་འདོགས་པའི་གོམས་གཤིས་ངན་པ་ཞིག་གནའ་ནས་ཡོད་པ་བཞིན་ད་ལྟའང་རྒྱུན་ཆགས་སུ་གནས་པས། ལྷག་པར་གཡམ་རྒྱུག་དང་གཞན་གྱི་ལད་ཟློས་ལ་བྱང་བ་ནི་སྤྲེའུའི་རྒྱུད་པ་ཡིན་པས་རྟགས་མཚན་ཡིན་ན་མ་གཏོགས་ཅི་ཡིན་མི་ཤེས་ལ། གང་ལྟར་ཀྱང་ལྡོང་ངེ་དང་གདོང་སྔས། གདོང་ངོས། རྡོ་སྔས། གདུང་ངེ། སྡོང་ངེ་རྣམས་མང་དུ་བྱུང་ལ། དོན་དུ་ལྡོང་དང་གདོང་གཉིས་དོན་གཅིག་ཏུ་འབབ་པར་མཁས་དབང་དམུ་དགེ་རིན་པོ་ཆེས་མཛད་པའི«ལོ་རྒྱུས་ཀུན་དགའི་མེ་ལོང»ལས་གསལ་ཞིང་། ཕྱི་མ་རྣམས་རྒྱུ་མཚན་གསལ་ལ་མ་གསལ་བ་འགར་རེ་མཆིས་མོད་ཡིད་བརྟན་འཕེར་བའི་ཁུངས་ཤིག་མ་རྙེད་པས། བརྟག་དཔྱད་ཞིབ་འཇུག་དང་བདེན་པ་དོན་ཐོབ་ཀྱི་ལས་ལ་འཇུག་པ་ནི་ཤིན་ཏུ་གལ་ཆེ། རྒྱལ་མོ་འབྲུག་པས། རྒྱལ་ཁབ་གང་ཞིག་དང་མི་རིགས་གང་ཞིག་གི་ཆབ་སྲིད་དཔལ་འབྱོར་རིག་གནས་སོགས་ཀྱི་ཐད་འཕེལ་གྲིབ་ཇི་ལྟར་བྱུང་བ་རྣམས་ལོ་རྒྱས་ཀྱི་གནས་བབས་དང་ཆ་རྐྱེན་ཅི་འདྲ་ཞིག་གི་འོག་ཏུ་བྱུང་བར་བློ་གཟུ་བོའི་སྒོ་ནས་ཇི་བཞིན་བརྗོད་པ་ནི་ལོ་རྒྱུས་སྨྲ་བའི་ཚད་གཞི་གལ་ཆེན་ཞིག་ཡིན་ཞེས་གསུངས་པ་ལྟར། དེ་ཡང་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་དབང་གིས་ནོར་འཁྲུལ་དང་ལྷད་སྐྱོན་སོགས་ཡིན་མིན་ཅི་རིགས་ཐོན་སྲིད་ཅིང་། ཁྱད་པར་སྐད་ཡིག་ལ་དབང་བསྒྱུར་གྲལ་རིམ་སོགས་ཀྱི་དབང་གིས་ཤུགས་རྐྱེན་ཐེབས་ནི་འབྱོལ་དུ་མེད་པའི་གནས་ཤིག་རེད། དེ་མིན་ལོ་རྒྱུས་རྩོམ་མཁན་ཁོ་རང་ལ་གྲུབ་མཐའ་དང་བསམ་བློའི་ལྟ་བ་སྣ་ཚོགས་རང་ཤུགས་ཀྱིས་ཐོན་སྲིད་པར་མ་ཟད། རང་ཉིད་ལ་ཕྱོགས་རིས་ཀྱི་ལྟ་ཚུལ་ཡང་ཅི་རིགས་ཤིག་མངོན་གསལ་དུ་འབྱུང་སྲིད་པས། ལྡོང་དངོས་སྡེ་བའི་མིང་འདི་ཡང་སོ་སོའི་ཞེན་ཁོག་དང་ལྟ་ཚུལ་གྱི་དབང་གིས་འབྲི་སྟངས་སྣ་ཚོགས་ཚོགས་ཤིག་བྱུང་བ་ནི་དངོས་པོའི་ཆོས་ཉིད་ཡིན་མོད། དོན་དུ་བོད་ཀྱི་རྩ་བའི་རུས་ཆེན་བཞིར་གྲགས་པའི་ལྡོང་གི་རུས་སུ་གྱེས་པ་ནི་ལོ་རྒྱུས་ཁོང་ཐུབ་དང་དོན་ལ་ཤིན་ཏུ་འབྱོར་ཞིང་། ལྡོང་ཞེས་པའི་ཐ་སྙད་འདི་གནའ་བོའི་བོད་བཙན་པོའི་སྐབས་ནས་བྱུང་ཡོད་པ་ལྟར། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོས། གནའ་ཆེས་ཤིན་ཏུ་སྔ་མོ་ནས་སྨད་མདོ་ཁམས་སྒང་དྲུག་གི་ས་ཆེན་པོ་འདིར་སྤྲེའུ་དང་བྲག་སྲིན་འདུས་པའི་མི་རྒྱུད་བོད་རུས་ཆེན་བཞིས་རིམ་གྱིས་ཁྱབ་པར་གྱུར་ནས་ཡུན་རིང་པོ་འགོར་རྗེས་ཞེས་གསུང་བ་ལ་གཞིག་ན་གནའ་ནས་བཟུང་མདོ་སྨད་ཀྱི་ཡུལ་ལུང་མང་པོ་བོད་རང་གིས་བཟུང་བར་གོ་ཐུབ་ཅིང་། རུས་ཆེན་བཞི་ལས་ལྡོང་ལ་ཚ་ཆེན་བཅོ་བརྒྱད་དང་ཤུལ་ཆེན་བཅོ་བརྒྱད་ཞེས་མང་པོར་གྱེས་ཚུལ་ལོ་རྒྱུས་དེབ་ཐེར་སོགས་ན་ཤིན་ཏུ་མང་པོར་མཐོང་ཞིང་། དེ་བས་སྡེ་འདིའི་མི་རྣམས་སྨུག་པོ་ལྡོང་གི་རྒྱུད་ལས་མཆེད་དེ་ལྡོང་དངོས་ཞེས་པའི་རུས་མིང་སྡེ་ལ་ཐོགས་པ་ཡིན་ཟེར་བའི་ངག་རྒྱུན་དེའི་ཁུངས་བཙུན་ཞིང་། དོན་ལའང་ཆེས་ཤིན་ཏུ་འཕྲོད་པ་ནི་དཔྱོད་ལྡན་ཞིག་གིས་དཔྱད་ན་ཤེས་ལ་བླུན་པོ་ཞིག་གིས་ཉན་ནའང་གོ་ཐུབ་པའི་གཏམ་མོ། །
གསུམ། ལྡོང་གི་ཐ་སྙད་ཀྱི་ཁྱབ་ཁོངས་དང་མཇུག་བསྡུ།
        ལྡོང་དངོས་ཞེས་པའི་སྡེ་མིང་འདི་ལ་ལ་ལྡོང་བྲིས་པས་སྐྱེ་བོ་མཐོ་དམན་སུས་མཐོང་ཡང་གོ་བ་རྙེད་སླ་ཞིང་བོད་རང་གི་རུས་རྒྱུད་ཀྱི་གཞུང་མ་དང་སྒལ་ཚིགས་ལྟ་བུ་ཡིན་པའང་བདེ་བླག་ཏུ་ཤེས་ཐུབ་པས་ཕན་འབྲས་ཆེན་པོ་ཡོད། གོང་དུ་བཤད་པར་ལྟར་ཡུལ་མདོ་སྨད་དུ་གདོད་མ་ནས་གཞི་ཆགས་པའི་ལྡོང་སྤྱང་གི་རིགས་དང་མི་ཉག་ལྡོང་གི་རིགས། འ་ཞ་སྒ་ཡི་རིགས། སུམ་པ་འབྲི་ཡི་རིགས་སོགས་རུས་ཆེན་བཞི་འམ་དྲུག་གིས་ཁྱབ་ཡོད་པ་སྔོན་བྱོན་མཁས་དབང་རྣམས་གྱི་གསུང་དང་རུས་མཛོད་སོགས་མང་པོར་མཐོང་ཐུབ། དེ་བས་ལྡོང་ཞེས་པ་འདི་ལས་བོད་ཀྱི་རུས་རྒྱུད་ཚོ་བ་མང་པོ་མཆེད་པར་ངོ་འཕྲོད་ཅིང་བཙན་གྱིས་སྦྱར་བ་སོགས་མིན་པ་ནི་དོན་དངོས་ཀྱི་ར་འཕྲོད་པ་ཞིག་ཡིན། ལྷག་པར་བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེར་སྲོང་བཙན་སྒམ་པོ་ནས་བཟུང་སྟེ་མངའ་བདག་ཁྲི་རལ་སོགས་རྒྱལ་རབས་དུ་མའི་རིང་དུ་མདོ་སྨད་ཀྱི་ཡུལ་ཕྱོགས་མང་ཆེ་བར་བཙན་པོའི་དམག་གི་གདུང་རྒྱུད་ཀྱིས་ཁྱབ་ཚུལ་མང་པོ་བྱུང་བ་འདིས་ཀྱང་ཤེས་ནུས་པར་མ་ཟད། ཚོ་སྡེ་འདིའི་མིང་ཡང་ལྡོང་གི་ཐ་སྙད་ལ་འབྲེལ་བ་དམ་པོ་ཡོད་དེ། བོད་ཀྱི་རུས་ཆེན་བཞི་ལས་རུས་རྒྱུད་ཚོ་བ་མང་པོར་གྱེས་ཤིང་། ལྡོང་རིགས་ཚ་ཆེན་བཅོ་བརྒྱད་དང་ཤུལ་ཆེན་བཅོ་བརྒྱད་ལ་སོགས་པའི་དཀར་པོ་ལྡོང་དང་ནག་པོ་ལྡོང། ཁྲ་བོ་ལྡོང་དང་སྨུག་པོ་ལྡོང་སོགས་མང་ཞིང་། འདི་རིགས་རྣམས་སུ་འཁྲུངས་པའི་སྐྱེ་བུ་དཔའ་རྩལ་ལྡན་པ་དང་མཁས་མཛངས་ཆེ་བ་མང་པོ་ཡོད་ཟེར་ལ། རི་མཐོན་པོ་གསུམ་དེ་ལྡོང་ལ་ཐོབ། །ལྡོང་ཞྭ་མགོ་མཐོ་བ་དེ་ནས་བྱུང་། །ཞེས་བོད་ཀྱི་རུས་རྒྱུད་ཚོ་བ་བྱུང་བ་ནས་གླུ་ཚིག་སོགས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་རུས་ཆེན་བཞིའི་ཐ་སྙད་འདི་དར་ཁྱབ་ཤིན་ཏུ་ཆེ་ཞིང་། གནའ་ནས་བཟུང་སྒྲ་དང་ཐ་སྙད་མ་འགྱུར་བར་སླེབས་ཀྱང་། ཕྱིས་སུ་ཐ་སྙད་ཀྱི་འབྱུང་ཁུངས་དང་སྒྲ་བཤད་སོགས་ལ་མ་བརྟག་མ་དཔྱད་པར་གང་འདོད་ཀྱིས་འགྲེལ་བཤད་སྣ་ཚོགས་བྱུང་བའམ། ཡང་ན་གྲུབ་མཐའ་དང་ས་ཁོངས་རུས་རིགས་སོགས་ཀྱི་ཞེན་ཁོག་གི་དབང་གིས་བསམ་བཞིན་འགྲེལ་ལོག་རྒྱག་པ་དང་། མི་ཤེས་ཤེས་ཁུལ་གྱིས་བྲིས་པ་སོགས་གང་ཡིན་ཆ་མ་འཚལ་ཡང་། སྔོན་གྱི་ལོ་རྒྱུས་དང་རུས་མཛོད་ངག་རྒྱུས་སོགས་གང་ལ་བལྟས་ཀྱང་ལྡོང་གི་རུས་ལས་བྱུང་བར་བརྗོད་ན་ལུང་རིགས་གང་གིས་གནོད་པ་མི་འཇུག་ཅིང་སྒྲུབ་བྱེད་ཁུངས་ལྡན་ཡོད་པར་སུས་ཀྱང་ཤེས་ནུས་སོ། །
        དེ་ལྟ་བུའི་ལྡོང་དངོས་ཞེས་པའི་འབྲོག་སྡེ་ཆེན་མོ་འདི་ནི་བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་ལྡོང་ལས་གྱེས་ཏེ་ཡུལ་མདོ་སྨད་རེབ་གོང་དང་རོང་བོ་བློན་ཆོས། མཚོ་ཆེན་ཁྲི་ཤོག་རྒྱལ་མོའི་མགོ་རྔ་སོགས་སུ་གཞིས་ཆགས་ཏེ་བོད་པ་རང་གི་དམངས་སྲོལ་རིག་གཞུང་རྒྱུད་འཛིན་དང་ཆོས་ལུགས་དད་མོས་སྲུང་བརྩི་གནང་སྟེ་ཆོས་སྲིད་གཡང་གི་སྟོབས་འབྱོར་རྒྱས་ཤིང་རིགས་རྒྱུད་དཔལ་གྱིས་མངའ་ཐང་དར་ཏེ་མི་དགའ་ལྷ་སྐྱིད་ཀྱིས་འཚོ་བ་རོལ་བཞིན་ཡོད་དོ། །
ནགས་ཁོངས་སྤྲེའུའི་གཟུགས་བརྙན་མ་བཟུང་ཞིང་།།
རུས་རྒྱུད་མཆེད་ཁུངས་ངལ་བས་བཙལ་བྱས་ཏེ།།
གཡོ་དང་སྒྱུ་ཡིས་མ་བསླད་དྲང་པའི་གཏམ།།
དཔྱོད་ལྡན་དགའ་བའི་སྐྱེས་སུ་ཁོ་བོས་བྱས།།

ཕྱོགས་ལྷུང་གྲུབ་མཐའི་རྗེས་སུ་མ་རྒྱུག་ཅིང་།།
མི་ཆེན་རྒན་པོའི་ངོ་བསྲུང་མ་བྱས་པར།།
གཟུར་གནས་གཏམ་གྱི་སྦྱོར་བ་ཁུངས་བཙན་འདི།།
ལྡོང་གི་སྲས་པོ་བསྟན་འཛིན་ཤེས་རབ་ཀྱིས།།
༢༠༡༨ལོའི་སྤྱི་ཟླ༦ཚེས༢༧ཉིན་བྲིས་ཤིང་སྤྱི་ལོ༢༠༢༠ཟླ༧ཚེས༢༦ཉིན་བསྐྱར་དུ་བཅོས་བྱས་ཏེ་སྤེལ།
འབྲེལ་ཡོད་འོས་སྦྱོར།