༄༅། །དཔའ་ལུང་རུ་མང་སྐྱེར་བ་ཁ་སོ་ཚོ་བའི་ལོ་རྒྱུས་རྟོག་དཔྱོད་དང་ཞིབ་འཇུག
རྩོམ་པ་པོ།:གཅོད་པ་དོན་གྲུབ།
ཡོང་ཁུངས།:༢༠༢༢ལོའི་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་དེབ་དང་པོ།
དུས་ཚོད།:2022-06-28
ཀློག་གྲངས།:
༄༅། །དཔའ་ལུང་རུ་མང་སྐྱེར་བ་ཁ་སོ་ཚོ་བའི་ལོ་རྒྱུས་རྟོག་དཔྱོད་དང་ཞིབ་འཇུག
གཅོད་པ་དོན་གྲུབ།
[ནང་དོན་གནད་བསྡུས།] དེ་ཡང་བགྲང་བྱ་ཕལ་ཆེར་ཉིས་བརྒྱ་ཉེ་བའི་དཔའ་ལུང་ས་ཁུལ་གྱི་རུ་མང་སྐྱེར་བ་ཁ་སོ་ཚོ་བའི་བཀྲ་ཤིས་ཚེ་བརྟན་དང་ཀླུ་མོ་མཚོའི་བུ་དང་བུ་མོ་དགུའི་སྐྱེས་རབས་ལོ་རྒྱུས་བརྗོད་པ་དང་ཆབས་ཅིག་དཔའ་ལུང་སྤྱི་དང་བྱེ་བྲག་རུ་མང་ཚོ་བའི་མཆེད་ཁུངས་ལོ་རྒྱུས་སམ་རྩོམ་འདི་འབྲི་བའི་དགེ་མཚན་ནམ་དམིགས་ཡུལ། དེ་མིན་དཔའ་ལུང་ཡུལ་གྱི་རོང་སྐད་དང་གནའ་བོའི་གོམས་སྲོལ་སོགས་ཆེད་དུ་དཔྱད་བརྗོད་བགྱིས་ཡོད་ཅིང་། ད་དུང་གནས་མཆོག་འདི་ནི་རྗེ་ཙོང་ཁ་པ་དགུང་ལོ་བདུན་ཐོག་རབ་བྱུང་སྒྲུབ་པའི་བྱ་ཁྱུང་དགོན་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་མཛད་རྗེས་དང་དགའ་ལྡན་གསེར་ཁྲི་བཞིའི་འཁྲུངས་ཡུལ།བོད་ཀྱི་མཁས་པ་རྣམ་གསུམ་གྱི་བཞུགས་གནས་དན་ཏིག་དགོན། བླ་ཆེན་དགོངས་པ་རབ་གསལ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས་སངས་རྒྱས་བསྟན་པའི་མེ་རོ་མདོ་སྨད་དུ་གསོ་མགོ་བརྩམས་པ་བཅས་ཀྱི་དོན་ཆེན་དང་སྐྱེས་ཆེན་དམ་པ་བྱུང་བའི་ལོ་རྒྱུས་ཀྱང་རགས་ཙམ་བཀོད་འདུག །དེ་ཡང་དཔའ་ལུང་དང་ཆབ་འགག །བྲག་དཀར་རྫོང་། དུར་ལམ་རྫོང་། མདོ་ལ་རྫོང་བཅས་ས་ཕྱོགས་སུ་གནས་པའི་རུ་མང་ཚོ་བའི་མི་རྒྱུད་ཀྱི་མཆེད་ཡུལ་དང་གནས་སྟངས་སོགས་ལ་རྟོག་དཔྱོད་དང་ཉམས་ཞིབ་ནན་མོ་བགྱིས་ནས་མི་རབས་དགུའི་ལོ་རྒྱུས་རེ་རེ་བཀོད་འདུག་པ་འདི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་ལོ་རྒྱུས་ཀྱི་སྟོང་ཆ་ཁ་སྐོང་བགྱིས་པའང་སྨྲས་མ་དགོས་སོ། །
[བརྡ་ཆད་གཙོ་བོ།] དཔའ་ལུང་རུ་མང་། སྐྱེར་བ་ཁ་སོ། ལོ་རྒྱུས་ཞིབ་འཇུག
དང་པོ། དཔའ་ལུང་ས་ཁུལ་གྱི་མི་རྒྱུད་སྤྱིའི་འབྱུང་ཁུངས་བཤད་པ།
དེ་ཡང་དཔའ་བོའི་ལུང་བར་འབོད་པའི་གནས་མཆོག་འདིའི་ཕྱིའི་སྣོད་ཀྱི་འཇིག་རྟེན་གྱི་ཆགས་རིམ་མདོ་ཙམ་བརྗོད་ན་སྟོད་དུ་རབ་དཀར་ཞོ་གསར་སྤུངས་འདྲའི་གངས་རི་གཟི་ཉམས་ལྡན་པ་ཁྲི་སྟོང་མང་བོས་ཡོངས་སུ་བསྐོར། བར་དུ་རྐང་བཞི་ཕྱུགས་རིགས་འཚོ་སྐྱོང་བྱ་ཡུལ་ནེའུ་གསེང་སྤང་གཞོང་འཇའ་ཚོན་སྣ་ལྔ་ཤར་འདྲ་གདན་དུ་བཀོད། སྨད་ན་འབྲུ་རིགས་སྣ་ལྔའི་ལོ་ལེགས་སྨིན་སའི་ཞིང་ས་གཤིན་པོ་མར་ཁུ་འཁྱིལ་བ་ལྟ་བུ་ལྷུན་གྱིས་གྲུབ། གངས་ཅན་ལྗོངས་འདིའི་ཤར་ཕྱོགས་ཡུལ་དུ་ལྷང་ངེར་མངོན་པའི་གནས་རི་ཙོང་ལ་རིང་མོ་གླང་ཆེན་འཕྲེད་དུ་འགྱིང་འདྲའི་སྟོབས་ཀྱིས་རྒྱབ་བརྟེན་གྱི་ཚུལ་དུ་སྐྱོང་བ་དང་། མ་ཡུམ་རྨ་ཀླུང་རིང་མོ་གཡུ་འབྲུག་ས་ལ་རྒྱུ་འདྲའི་ཚུལ་ཀྱིས་འདབས་སུ་སྐྱོར་བའི་དབུས་སུ་དཔའ་ལུང་བུ་ཆེན་བཅོ་བརྒྱད་ཀྱི་ཕ་ས་དྲོད་མོ་རང་བྱུང་སྐབས་གསུམ་རི་མོ་གྲགས་ཅན་བཀོད་པ་ཇི་བཞིན་ལྷུན་གྱིས་ཆགས་འདུག་ཅིང་། ཡིད་འོང་ཆུ་སྐྱེས་མེ་ཏོག་སྣ་བརྒྱ་རྣམ་པར་བཞད་པ་ལྟར་ཀུན་ཏུ་བཀྲམས་འདུག །མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་«བྱ་ཁྱུང་གདན་རབས»ལས།[1] བྱང་ཕྱོགས་སུ་བསྟན་པའི་དབུ་འཕང་རྒྱས་པའི་བརྡར་རྨ་ཆེན་སྦོམ་རའི་སྲས་གསུམ་པ་སྐྱེས་ལྷ་ཆེན་པོའི་ཕོ་བྲང་རིན་ཆེན་རྣམ་བརྒྱད་སྤུངས་པའི་ལྷུན་པོ་ཙོང་ཁའི་སྐྱེས་རི་ནི་རྒྱབ་རི་ཚུལ་དུ་ལྷུན་ཆགས་པ་དང་། ཤར་ཕྱོགས་སུ་ལེགས་ཚོགས་ཀྱི་བང་མཛོད་བསྐྱིལ་བའི་བརྡར་བསྭོ་ཆེན་པོ་དང་། དཀར་བོའི་རི་རྒྱུད་ཟླུམ་པོར་འཁྲིལ་བ་དང་། ལྷོ་ཕྱོགས་སུ་གྲགས་སྙན་ཤར་རྒྱ་མཚོ་ཆེན་པའི་བར་དུ་ཁྱབ་པའི་བརྡར་རྨ་ཀླུང་དལ་གྱིས་འབབ་པའི་ཆུ་བོ་ལྷུང་ལྷུང་དུ་འབབ་པ་དང་། ནུབ་ཕྱོགས་སུ་མི་མཐུན་ཕས་རྒོད་སྲུང་བའི་བརྡར་བྲག་དཀར་སྔགས་རམས་པའི་ཉམས་སྣང་དུ་འཇམ་དཔལ་ནཱ་ག་རཀྴར་གཟིགས་པ་ཁྲི་གའི་སྲིན་པོའི་རི་བོ་རྔམས་བརྗིད་དུ་སྤ་བ་བཅས་ལྷན་སྐྱེས་ཀྱི་ས་བཀྲ་ཕུན་སུམ་ཚོགས་པ་དང་། ཞེས་གནས་ཀྱི་བཀོད་པའི་ཁྱད་ཆོས་མིང་དོན་གཉིས་མཚུངས་དང་ལྡན་པ་རིན་བྲལ་ནོར་བུ་ལྟ་བུས་བརྒྱན་འདུག་པ་སྐྱེ་འགྲོ་སུས་མཐོང་ན་སྨོན་པ་དབང་མེད་དུ་མི་ཤོར་རམ། གནའ་སྔ་མོར་དཔའ་ལུང་ས་ཁུལ་འདི་ཙོང་ཁའི་ཚོ་ཆེན་བཅུ་གསུམ་ནང་དུ་མཆིས་པ་དང་རིགས་རུས་ནི་བོད་པའི་རུས་ཆེན་བཞིའི་ཡ་གྱལ་སྨུག་པོ་ལྡོང་ལས་མཆེད་དོ་ཞེས་གནས་བསྟོད་དང་ངག་ཐོག་ཏུ་ཁྱབ་བཞིན་ནོ། །དཔའ་ལུང་ཞེས་པའི་ཡུལ་ཁམས་རྒྱ་ཆེ་ཞིང་ཁོད་ཡངས་པའི་གནས་མཆོག་འདིར་བོད་པས་དངོས་སུ་གཞི་བཟུང་ནས་ཕལ་ཆེར་བགྲང་བྱ་ཆིག་སྟོང་སུམ་བརྒྱ་ལྷག་འདས་པ་ལོ་རྒྱུས་ཡིག་ཆ་ལས་གསལ་བོར་བཀོད་འདུག་ཅིང་། གནའ་བོའི་མེས་པོ་ཚོས་གནས་འདི་ནས་དཀའ་སྤྱད་སྡུག་རུས་ལ་བརྟེན་ཏེ་ས་རྒོད་བཏུལ་ཞིང་ཕྱུགས་ཟོག་འཚོས་ཏེ་མི་རབས་ནས་མི་རབས་འཚོ་བ་རོལ་དང་རོལ་བཞིན་ཡོད་ཅིང་། ཕྱིས་སུ་རིམ་གྱིས་མི་ཕྱུགས་གཉི་ག་དར་རྒྱས་ཕུན་སུམ་ཚོགས་པར་གྱུར་ནས་ས་དཔའ་ལུང་དང་གནམ་དཔའ་ལུང་ཞེས་མཚན་སྙན་གྲགས་ཕྱོགས་བཞི་མཚམས་བརྒྱད་དུ་འགོག་མེད་དུ་མཆེད་པའི་དུས་ཀྱང་བྱུང་མྱོང་། ངོ་མཚར་བ་ཞིག་ལ་གནས་འདི་རུ་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་བདུན་ཐོག་རབ་བྱུང་སྒྲུབ་པའི་གནས་འགངས་ཆེན་བྱ་ཁྱུང་དགོན་པ་ཡོད་ལ། རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་བསྟི་གནས། མཁས་པ་མི་གསུམ་གྱི་སྒྲུབ་ཕུག། བླ་ཆེན་དགོངས་པ་རབ་གསལ་དགེ་སློང་སྒྲུབ་པའི་གནས་དན་ཏིག་ཡང་ཏིག་དགོན་པ་ཡོད། འདི་ནི་སངས་རྒྱས་བསྟན་པའི་མེ་རོ་མདོ་སྨད་ཡུལ་ནས་གསོས་ཞེས་པའི་གནས་འགངས་ཆེན་ཡིན་པ་སུས་ཀྱང་མཁྱེན་གསལ་ལྟར་རོ། །ད་དུང་མཁས་གྲུབ་མང་པོ་འབྱུང་པའི་གནས་ཁྱད་པར་ཅན་དྷི་ཚ་དགོན་པ་མངོན་པར་ཆགས་ཡོད་ཅིང་བླ་མ་གསེར་ཁང་བ་ཚང་གིས་མཚན་གསོལ་བའི་འགྲོ་བ་ཀུན་གྱིས་སྐྱིད་སྡུག་ཞུ་ས་ཁ་ཤ་མཐིལ་དེ་གནས་བདག་མགོན་པོ་བྲག་ནག་གི་སྐུ་མདུན་ན་ལྷང་ངེར་མངོན་ཡོད། མཉམ་མེད་རྗེ་ཙོང་ཁ་པ་ཆེན་པོའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཕྱག་བཏབ་པའི་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བའི་གནས་མཆོག་གཅན་ཚ་མ་ཎི་ཆུ་འཁོར་མངོན་པར་མཐོང་། ད་དུང་གནས་ཁྱད་པར་ཅན་བྱ་ཁྱུང་དགོན་སྡེ་འདི་རུ་རྗེ་ཙོང་ཁ་པ་དགུང་ལོ་བདུན་ཐོག་རབ་བྱུང་སྒྲུབ་སྐབས་སློབ་དཔོན་མཛད་མཁན་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་ཞེས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་འདི་བཞུགས་མྱོང་ཞིང་། ད་དུང་བོད་ཆོལ་ཁ་གསུམ་དུ་གྲགས་སྙན་འབྲུག་ལྟར་འབར་བའི་དགའ་ལྡན་གསེར་ཁྲིར་མངའ་གསོལ་བའི་ཁྲི་ཆེན་ངག་དབང་མཆོག་ལྡན་ལགས་དང་། ཁྲི་ཆེན་ངག་དབང་ཆོས་གྲགས་ལགས། ཁྲི་ཆེན་ངག་དབང་སྙན་གྲགས་ལགས། ཁྲི་ཆེན་སྦྱིན་པ་རྒྱ་མཚོ་ལགས་བཅས་བཞི་སྐུ་འཁྲུངས་མྱོང་བ་ཚད་ལྡན་དེབ་ཐར་ལས་མཐོང་ཐུབ་བོ། །དེ་མིན་རྗེ་ཞལ་དམར་པཎྜི་ཏ་དང་དགེ་འདུན་ཆོས་འཕེལ། གསུང་རབ་རྒྱ་མཚོ། ཤར་གདོང་བཤད་སྒྲུབ་རྒྱ་མཚོ། དྷི་ཚ་ཡེ་ཤེས་རྒྱ་མཚོ། ཤེས་བཞིན་བསམ་གཏན་རྒྱ་མཚོ་བཅས་པ་མཁས་དབང་གནམ་མཁའི་མཐའ་དང་མཉམ་པ་གང་མང་བྱོན་མྱོང་བ་མ་ཟད་མཛད་རྗེས་ཀྱང་བླ་ལྷག་བསྐྲུན་ཡོད། གཞན་ཡང་གནས་འདིར་གནའ་སྔ་མོར་དབང་བསྒྱུར་གནང་མཁན་ཤར་ན་རོང་བོ་ནང་སོ་དང་བར་ན་ཨ་ཀྱཱ་ནང་སོ། ནུབ་ན་དྷི་ཚ་ནང་སོ། གཡས་ན་ཁོ་ཚོའི་སྟོང་དཔོན། གཡོན་ན་འགོག་ཚའི་སྟོང་དཔོན། ད་དུང་བརྒྱ་དཔོན་དང་ཚོ་དཔོན་སྡེ་དཔོན་བཅས་ཡོད་པ་ཡིག་ཐོག་དང་ངག་ཐོག་ཏུ་ཁྱབ་བཞིན་པ་ལྟར་རོ། །
བཅིངས་འགྲོལ་བྱས་རྗེས་སུ་སྲིད་སྐྱོང་མཁས་ཅན་ཞིང་ཆེན་རིམ་པའི་དཔོན་པོ་དཔལ་འབྱོར་ཚེ་རིང་དང་པདྨ་བསྟན་འཛིན། ཚེ་བརྟན། དཀོན་མཆོག། སྒྲོལ་མ། བཞི་མགོན་པོ་བཅས་འཁྲུངས་ཡོད་ལ། ཐིན་རིམ་པའི་དཔོན་པོ་རྡོ་རྗེ་རྒྱལ་མཚན། བསོད་ནམས་ཚེ་རིང་དང་སྙན་གྲགས། རྟ་མགྲིན། ཀླུ་རྒྱལ་ཚེ་རིང་། ཤེས་ཁོན་ཐར། དཀོན་མཆོག་ཚེ་བརྟན་བཅས་པ་མང་པོ་འཁྲུངས་ཡོད་། རྫོང་རིམ་པའི་དཔོན་པོ་དང་གསེར་སྐྱེས་ཀྱི་མི་སྣ་འཇོམ་ཐང་ཅན་མང་པོ་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་པའང་ཀུན་གྱིས་ཤེས་གསལ་ལྟར་རོ། །
དཔའ་ལུང་བུ་ཆེན་བཅོ་བརྒྱད་ཀྱི་འབྱུང་ཁུངས་ལ་ཞིབ་ཏུ་དཔྱད་ན་མཁས་པ་མང་པོས་བཞེད་ཚུལ་མི་མཐུན་པ་སྣ་ཚོགས་ཡོད་ཀྱང་ཕྱོགས་གཅིག་ཏུ་བསྡུས་ནས་འཆད་ན་གཤམ་གྱི་ལྟ་བ་འདི་དང་བླངས་མ་བྱས་མི་ཆོག་སྙམ། དེ་ཡང་ཡུལ་ཁམས་འདིའི་མི་རྒྱུད་གནའ་བོའི་དུས་རབས་བདུན་པའི་སྐབས་སུ་སྲོང་བཙན་སྒམ་པོའི་བློན་ཆེན་མགར་སྟོང་བཙན་ཕ་བུའི་དམག་དཔུང་བོད་པའི་ཤར་སྒོ་རུ་སླེབས་ནས་གཡུལ་འཁྲུག་ཐེངས་མང་འགྱེད་དེ་ས་སྲུང་དང་སྒོ་སྲུང་དུ་བསྡད་པའི་དམག་རྒྱུད་ཡིན་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི«དེབ་ཐར་དཀར་པོ»ལས།[2] འབངས་བྱིངས་ནི་འབྲོག་སྡེའི་རྣམ་པར་ཡོད་ལ། ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སོར་ཆོས་ཀྱི་ལས་སུ་སོང་བས། སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས། སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་ཁྱིམ་གཅིག་ཡིན་ཡང་རུང་། སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་དུ་ཡོད། ཅེས་གསུང་པ་ལས་གསལ་བོ་རྟོགས་ཐུབ་སྟེ། ངེད་ཅག་རྒྱ་ནག་དང་འདྲེས་པའི་བོད་ཀྱི་སྲུང་དམག་ལས་མཆེད་པའི་མི་རྒྱུད་འདི་དག་གི་མཁར་སྒོར་དར་ལྕོག་རེ་བརྩེངས་ཡོད་པ་དེ་སྔོན་གྱི་དམག་དར་ཡིན་པ་རིམ་གྱིས་དར་ལྕོག་ཏུ་གྱུར་ཞེས་པའང་དན་རྟགས་གསལ་བོ་ཡིན་ནོ།།རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་«ཙོང་ཁའི་རྒྱལ་བོའི་ལོ་རྒྱུས་སྐོར»ལས་འདི་སྐད་དུ།[3] དེབ་ཐེར་དམར་པོ་ལས“ཁྲི་ལྡེའི་རྒྱུད་ཤར་ཙོང་ཁའི་རྒྱལ་པོ་སྤྱན་སྔ་དོན་ཆེན་ལ་སོགས་པ་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་ཡིན་ནོ། །”ཞེས་དང་། བོད་རྒྱལ་སྲོང་བཙན་སྒམ་པོ་རིང་ལ་དྲག་པོའི་ཤུགས་ཀྱིས་མཚོ་བོད་མཐོ་སྒང་གཅིག་གྱུར་མཛད་རྗེས། གནའ་བོའི་བོད་དམག་ཙོང་ཁའི་ཡུལ་ཆེན་པོ་དང་སྒོས་སུ་དཔའ་ལུང་ས་ཁུལ་དུ་རྒྱུན་སྡོད་བགྱིས་ཏེ། མི་རབས་རྗེས་མ་མང་པོ་སྤེལ་ནས་རང་ས་རང་གིས་བརྟན་པོར་བཟུང་ཞེས་བཀོད་ཡོད་ཅིང་། རྒྱའི་ཡིག་ཚང་ཁུངས་བཙུན་པ་ལས་བསྟན་པ་ལྟར་ན། སྤྱི་ལོ676ལོར་བོད་པའི་དམག་མིས་དཔའ་ལུང་ས་ཁུལ་བཟུང་བ་དང་། སྤྱི་ལོ741ལོར་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་ངག་བཅོལ་ལྟར་དམག་དཔོན་དགུས་དམག་མི་དང་བཅས་པ་འཁྲིད་དེ་དཔའ་ལུང་ས་ཁུལ་དུ་ཞིང་ས་བཏུལ་ནས་གཏན་སྡོད་བགྱིས་པར་གནང་། སྐབས་དེར་བོད་པའི་དབང་བསྒྱུར་བཙན་པོའི་འོག་ཁོར་ཡུག་གི་མི་རིགས་གཞན་དག་ཀྱང་རིམ་གྱིས་བོད་པའི་མི་རིགས་གྲས་སུ་འདྲེས་སུ་གྱུར་པར་བསྙད་དོ།། དུས་ད་ལྟ་ཡང་དཔའ་ལུང་གི་ཁ་ཆེའི་རིགས་ཀྱིས་བོད་སྐད་བཤད་པ་དང་བོད་ལྭ་གྱོན་པ། བོད་ཀྱི་གོམས་སྲོལ་གང་མང་ཞིག་བེད་སྤྱོད་དང་སོར་བཞག་རྒྱུན་འཛིན་བྱས་དང་བྱེད་བཞིན་པ་སུས་ཀྱང་མཁྱེན་གསལ་ལྟར་རོ། །
«དུང་དཀར་ཚིག་མཛོད་ཆེན་མོ»ལས།[4] མཚོ་སྔོན་ཙོང་ཆུའི་ལྷོ་རྒྱུད་དུ་སྔར་བཙན་པོ་སྲོང་བཙན་སྒམ་པོ་དང༌། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བོད་ས་གནས་ཀྱི་ཕྱོགས་བཞིར་སྲུང་དམག་བཞག བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་རྗེས་དམག་དཔུང་གི་ནང་ནས་དཔའ་བོ་མི་དགུ་དམག་དང་བཅས་པ་ས་གནས་དེར་སྲུང་དམག་ལ་བཞག་པ་ལས་ཁོ་ཚོར་བཙན་པོའི་བཀའ་མ་བྱུང་བར་དུ་མ་ལོག་པར་སྡོད་ཅིག་ཅེས་བཀའ་ཕབ་པ་ལ་སྡེ་དང་གཞིས་ཆགས་པའི་གནས་ཡིན་པས་དཔའ་བོ་མི་དགུའི་མི་རྒྱུད་ལ“བཀའ་མ་ལོག”ཅེས་མིང་ཐོགས་ཤིང༌། ཞེས་བོད་པའི་དམག་དཔོན་དགུས་རྒྱལ་པོའི་བཀའ་མ་ལོག་པར་གནས་འདིར་གཞི་ཆགས་ཏེ་རྒྱུད་སྤེལ་པའང་གསལ་བོ་གསུང་ཡོད་ལ་གནས་འདིར་གནའ་བོའི་མི་ཚོས་བཀའ་མ་ལོག་ཅེས་འབོད་དོན་ཡང་གོང་ཞུའི་ནང་ལྟར་ཡིན་པ་བཤད་མ་དགོས་སོ། །
རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་«ཙོང་ཁའི་རྒྱལ་བོའི་ལོ་རྒྱུས་སྐོར»ལས་བསྟན་དོན།[5] ཙོང་ཁའི་རྒྱལ་པོ་འདིས་ཀན་སུའུ་དང་ཧྲའན་ཞིའི་ས་ཆ་འགའ་ཞིག་བཅས་ལ་དབང་བསྒྱུར། ཤར་ཕྱོགས་ཀྱི་རྒྱ་དང་བྱང་ཕྱོགས་ཀྱི་མི་ཉག་ལའང་གཡུལ་འགྱེད་དུ་མ་བྱས། ཁོའི་མངའ་འབངས་ཀྱི་མི་ནི་གཙོ་བོ་བོད་མི་ཡིན་ལ། རྒྱ་དང་སོག་པོའང་མི་ཉུང་བར་བཤད། ཁོ་དར་བའི་སྐབས་སུ་འབངས་མི་ཁྱིམ་ཁྲི་བརྒྱ་སྟེ་འབུམ་བཅུ་ལྷག་ཡོད་པར་བཤད། གང་ལྟར་དུས་དེར་རྒྱ་བོད་སོ་མཚམས་སྲུང་བའི་རྒྱལ་ཁམས་སྟོབས་ལྡན་ཞིག་ཡིན་པར་མངོན་ནོ། །ཞེས་གསུང་པའི་དོན་ནི་སྐབས་དེར་ད་ལྟའི་མཚོ་ཤར་ས་ཆའི་བོད་འབངས་རྣམས་ནི་སྲོང་བཙན་སྒམ་པོ་དང་ཙོང་ཁའི་རྒྱལ་པོའི་དམག་རྒྱུད་ཡིན་པ་གདོན་མི་ཟའོ། །ཞེས་པར་གསུང་པ་ལ་རྒྱུ་མཚན་གསལ་བོ་རྟོགས་རྒྱུ་ཡོད། གང་ལྟར་ཡང་དཔའ་ལུང་ས་ཁུལ་དུ་ཆགས་པའི་བོད་མི་ནི་སྲོང་བཙན་དང་ཙོང་ཁའི་རྒྱལ་པོའི་དམག་རྒྱུད་ཡིན་པ་སྟེ་ལུང་དང་རིགས་པས་གང་ནས་དཔྱད་ཀྱང་གསལ་ཁ་ཐོན་འདུག ། དེ་ལས་ད་དུང་མཁས་པ་འགའ་ཞིག་གིས་དཔའ་ལུང་གི་བོད་མི་འདི་རྣམས་དབུས་གཙང་ནས་ཆད་ཡོང་བར་འཆད་པའང་གོང་གསལ་གྱི་ལུང་འདྲེན་གྱི་ཤུགས་སུ་རྟོགས་ཐུབ་བོ། །
རབ་བྱུང་དང་པོ་དང་རབ་བྱུང་གཉིས་པ་སྟེ་དུས་རབས་བཅུ་པ་དང་བཅུ་གཅིག་གི་སྐབས་སུ་མདོ་སྨད་ཀྱང་གོང་དུ་སྨྲས་པ་ནང་བཞིན་སིལ་བུར་ཐོར་ཏེ་ལུང་བ་རེ་ལ་སྡེ་དཔོན་རེ། སྡེ་དཔོན་རེ་ལ་བཙན་རྫོང་རེའི་རྣམ་པ་ཆགས་ཡོད་པ་ཐམས་ཅད་ཙོང་ཁའི་རྒྱལ་པོའི་ནུས་སྟོབས་ཀྱིས་ཆབ་འབངས་མ་ལུས་པ་དབང་དུ་བསྡུས་ཏེ་མདོ་སྨད་ཙོང་ཁའི་སྲིད་དབང་གསར་བ་བཙུགས་ནས་མངའ་ཁོངས་ཆེན་པོར་དབང་བསྒྱུར་མཛད།བགྲང་བྱ་བརྒྱ་དང་སུམ་བཅུར་སྲིད་དབང་བཟུང་བར་སྐད། དུས་ཡུན་སྔ་མོའི་སྐབས་སུ་མདོ་སྨད་ས་ཆ་སོ་སོ་ནས་ཕྱི་ནང་གཉིས་སུ་མི་གསོད་རྟ་འགྱེལ་གྱི་གཡུལ་འགྱེད་ཆེ་ཆུང་མང་པོ་བྱུང་ཡོད་པ་གནའ་བོའི་ཡིག་ཆ་གང་མང་ལས་གསལ་བོར་མཐོང་ཐུབ།དེ་བཞིན་དཔའ་ལུང་ཡུལ་ཕྱོགས་སུའང་རྒྱ་རིགས་དང་ཁ་ཆེ་རིགས་སོགས་ལ་དགྲ་འདུལ་གཉེན་སྐྱོང་གི་འཐབ་འཛིང་ཡ་ང་བ་བྱུང་རྐྱེན་གྱིས་སྡེ་འཐོར་ཁྱིམ་འཐོར་གྱི་དོན་རྐྱེན་མང་པོ་བྱུང་བའང་བསྙོན་དུ་མེད།
གཉིས་པ། ལོ་རྒྱུས་འདི་འབྲི་བའི་དགེ་མཚན་དང་དམིགས་ཡུལ།
འདས་ཟིན་པའི་རུ་མང་སྐྱེར་བ་ཁ་སོའི་རུས་རྒྱུད་དམ་ལོ་རྒྱུས་འདི་འབྲི་བའི་དགེ་མཚན་ནམ་དམིགས་ཡུལ་ཏེ་མ་མཐའ་ཡང་གཤམ་གྱི་དོན་ཚན་འགའ་མཆིས་པར་འདོད།གཅིག དཔའ་ལུང་ཡུལ་གྱི་བུ་རབས་བཅོ་བརྒྱད་ཀྱི་ལོ་རྒྱུས་རྣམ་དག་ཅིག་དུས་ད་ལྟའི་བར་མིག་གི་སྤྱོད་ལམ་དུ་མཐོང་དཀོན་པ་དང་། ཁྱད་པར་དུ་ཀ་རྒྱ་ཚོ་དགུའི་རུ་མང་སྐྱེར་བ་ཁ་སོའི་ལོ་རྒྱུས་དེ་ལས་དཀོན་པ་ཉིན་མོའི་སྐར་མ་ལྟར་ན་མི་རབས་རྗེས་མ་རྣམས་ལ་ལོ་རྒྱུས་ངོ་སྤྲོད་ཀྱི་ཡིག་ཆ་ཞིག་བསྐྲུན་ཐུབ་ན་ཅི་མ་རུང་སྙམ་ནས་མེད་པ་ཁ་སྐོང་གི་ཚུལ་དུ་དེབ་ཆུང་འདི་འབྲི་འགོ་བརྩམས་སོ། །
གཉིས། ད་ལྟའི་བར་རུ་མང་སྐྱེར་བ་ཁ་སོའི་བུ་བུ་མོ་དགུའི་བུ་རབས་ཚ་རྒྱུད་ཕན་ཚུན་ངོ་མི་ཤེས་ཤིང་འགྲོ་འོང་ཡང་མེད་པས་ན་ཤ་ཉེའི་འབྲེལ་བ་ཅི་ཡིན་མི་ཤེས་ལ་གཉེན་ཉེའི་འབྲེལ་བའང་ཇི་ལྟར་འགྲོ་དགོས་པ་མི་ཤེས་པས་ངེས་པར་དུ་ད་ལྟའི་མི་རབས་ཕལ་ཆེར་དགུའི་འབྲེལ་བ་འདི་ཁ་གསལ་ཁུངས་དག་ཅིག་ཡོང་དགོས་པ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན་པ་སྨྲས་མ་དགོས། དཔེར་ན་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་གསེབ་རང་དགར་རྒྱུ་བའི་སྤྲེལ་ཆེན་འདྲ་ཟེར་བའི་དཔེ་བཞིན་འགྱུར་བ་བསྙོན་དུ་མེད།
གསུམ། སྐྱེར་བ་ཁ་སོའི་མེས་པོ་ཚོའི་རེ་བ་ཡང་མི་རབས་རྗེས་མ་ཡོད་དོ་ཅོག་ཕན་ཚུན་ངོ་ཤེས་དགོས་པ་དང་འགྲོ་འོང་བྱེད་དགོས་པའི་སེམས་ཀྱི་གདམས་པ་གང་མང་གསུང་བ་མ་ཟད། མེས་པོ་ལ་ལས་ཀྱང་འཆི་ཁའི་ཁ་ཆེམས་བཞག་ནས་ཕྱི་རབས་པ་རྣམས་ཕན་ཚུན་ངོ་ཤེས་པའི་འདུན་པ་དམ་པོ་མཆིས་པས་གསུང་མ་བརྩི་ན་ཇི་ལྟར་ཆོག་གམ།
བཞི། ད་ལྟ་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཤིན་ཏུ་ལེགས་པའི་རྫོགས་ལྡན་གྱི་དུས་བཟང་འདིར་གཟུགས་འདས་རིག་གནས་ཤུལ་བཞག་རྣམས་འཚོལ་སྡུད་དང་ལེགས་སྒྲིག་ལེགས་པོ་མ་ཐུབ་ན་རང་རང་གིས་མ་ནུས་མ་གཏོགས་གཞན་གང་ལའང་སྐྱོན་འགེལ་བྱེད་ས་མེད་པས་ན། བརྩོན་འགྲུས་ལེགས་པོས་དུས་སྐབས་དམ་འཛིན་གྱིས་མ་བྲིས་ཚེ་ཕྱིས་སུ་ཇེ་རྡུག་དང་ཇེ་དཀའ་འགྲོ་བ་གདོན་མི་ཟ། དེས་ན་མི་རབས་རྗེས་མ་ཚོར་མིག་གིས་བལྟ་རྒྱུ་དང་ཡིད་ལ་འཛིན་རྒྱུ་ཞིག་འཇོག་ཐུབ་ན་ལག་རྗེས་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །སྲིད་པའི་ཁ་དཔེར། ལོ་ངོ་སྟོང་གི་མི་མེད་ཀྱང་གཏམ་ཡོད་ཟེར་བ་ལྟར་དེབ་ཆུང་འདི་མ་མཐའ་ཡང་བགྲང་བྱ་བརྒྱ་ཕྲག་དུ་མར་བརྒྱུད་ཐུབ་པ་དང་ཉར་ཚགས་ཐུབ་པར་ཁོ་བོ་ལ་གདེང་ཚོད་ཡོད།
གསུམ་པ། དཔའ་ལུང་རུ་མང་ཚོ་བའི་མིང་ལ་དཔྱད་པ།
དེ་སྔ་རུ་མང་ཚོ་བ་ནི་དམག་མི་ཤིན་ཏུ་རྒྱ་ཆེ་ཞིང་སྟོབས་ཤུགས་འགྲན་ཟླ་བྲལ་པའི་རྒྱུ་མཚན་གྱིས་རུ་མང་ངམ་དམག་མང་ཞེས་མཚན་འདི་འབྱོར་བ་མ་ཟད། ད་ལྟའི་བར་རྒྱུན་འཛིན་བགྱིས་འདུག །ཕྱིས་སུ་ཚོ་བ་འདིའི་རྒྱུད་ཇེ་ཆེར་འཕེལ་པ་མ་ཟད་དཔལ་འབྱོར་གྱི་སྟོབས་དང་མི་ཤུགས་ཀྱི་དཔུང་སྡེ་ཡང་མི་གཉོམ་པ་ཞིག་ཆགས་པས་སྤྱིར་བཏང་དུ་ཁོར་ཡུག་ཚོ་བ་མི་མཐུན་པ་རིགས་གང་གིས་ཀྱང་བརྙས་བཅོས་སམ་བརྡབ་གསིག་ཁུར་མི་དགོས། རུ་མང་ཚོ་བར་དམག་མང་ཚོ་བ་ཞེས་འབོད་དོན་ཡང་གནའ་བོའི་ཡིག་རྙིང་ལས་རུ་ཡིག་འདི་དམག་གི་དོན་ལ་འཇུག་འདུག་སྟེ།དཔེར་ན། རུ་དར་དང་རུ་སྔུན། གཡས་རུ་གཡོན་རུ་ལྟ་བུར་མཚོན་ན། དམག་དར་དང་དམག་སྔུན། གཡས་དམག་གཡོན་དམག་ལྟར་རོ། །མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི«དེབ་ཐར་དཀར་པོ»ལས།[6] ལྷག་པར་ཡང་སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པ་ནི་འབྲོག་སྡེ་ཁག་རྣམས་ཡིན་ཞིང་། ཁོང་རྣམས་འབྲོག་དུད་སྐོར་རེ་མཉམ་དུ་སྡོད་པ་ལའང་རུ་པ་དང་། སྒར་ས་ཕན་ཚུན་སྤོར་བ་ན་ཡང་རུ་འགྲོ་བ་སོགས་ཀྱི་ཐ་སྙད་བྱེད་དེ་རུ་ནི་བརྡ་རྙིང་ལ་དམག་ཡིན་ཞིང་། དམག་དཔོན་ལ་རུ་དཔོན་དང་། མདུང་ལ་རུ་མཚོན་སོགས་ཀྱི་ཐ་སྙད་ད་ལྟའི་བར་དུ་ཡོད། སྔོན་བོད་ཀྱི་དམག་རྣམས་སྦྲ་ནག་ཕུབ་ནས་འགྲོ་བ་ཡང་། ཐང་ཡིག་དུ། གྲུ་གུ་ཡུལ་གྱི་ཨོང་མན་ཆད་དུ། བོད་ཀྱི་དམག་དཔོན་སྦྲ་ནག་ཕབ་ནས་ནི། སོགས་གསུང་བ་ལྟ་བུ་ཡིན། འདིས་མཚོན་ནས་བོད་ཡུལ་སྟོད་སྨད་ཀུན་ཏུ་ཡང་གཡས་རུ་དང་གཡོན་རུ། གུང་རུ་དང་དབུ་རུ་སོགས་ཀྱི་ཐ་སྙད་ཡོད་པ་དག་ཀྱང་སྔོན་གྱི་ཚེ་བཙན་པོའི་གཡས་གཡོན་མདུན་རྒྱབ་ཏུ་འགྲོ་བའི་དམག་གི་སྐོར་ཚོ་བཞི་དང་། དེ་དག་གི་ཐོག་མ་འདྲེན་པའི་རུ་འདྲེན་སྡེ་བཞི་སོགས་ཡོད་པ་དེའི་ཐ་སྙད་ཡིན་ནོ། །ཞེས་གསུང་པ་ལས་རུའི་གོ་དོན་ནི་གནའ་བོའི་དམག་གི་བརྡ་རྙིང་ཡིན་པ་གསལ་བོ་རྟོགས་ཐུབ་བོ། །གཞན་ཡང«དུང་དཀར་ཚིག་མཛོད་ཆེན་མོ»ལས།[7] རུ་ནི་བརྡ་རྙིང་པ་ལ་དམག་གི་མིང་ཡིན་ཅིང་། དམག་དཔོན་ལ་རུ་དཔོན་དང་། མདུང་ལ་རུ་མཚོན་སོགས་ཀྱི་ཐ་སྙད་ནི་ད་ལྟའི་བར་དུ་ཡོད།ཅེས་གསུངས་ཡོད་པ་ལས་ཀྱང་བདེན་དཔང་བྱེད་ནུས་སོ། །གོང་གི་ཚད་ལྡན་གྱི་ལོ་རྒྱུས་ཡིག་ཆ་དེ་དག་ལས་གསལ་བོ་ཡིད་ལ་ངེས་ཐུབ་པ་ནི་སྔ་མོའི་དམག་དཔུང་གི་སྒར་དེ་སྦྲ་ནག་ཡིན་ལ་རུའི་གོ་དོན་ནི་བརྡ་རྙིང་ལ་དམག་གི་དོན་ཡིན་པ་གསལ་ཁ་དོད་པོ་བདོག ། ད་ལྟ་མི་རྣམས་ཀྱིས་འབྲོག་པའི་ཁྱིམ་གཞི་སྦྲ་ནག་སྤོར་བ་ལ་རུ་སྤོར་བ་ཟེར་དོན་ཡང་གོང་གི་མཁས་པའི་ལུང་ལས་གསལ་བོར་འཁུམས་འདུག །མདོ་སྨད་ཡུལ་ཕྱོགས་ཀྱི་རུ་དར་ཐམས་ཅད་ཕྱིས་སུ་ཇོ་དར་དུ་གྱུར་བའང་ད་ལྟ་ཀུན་ཏུ་གཟུགས་འཛིན་གྱིས་མཐོང་ཐུབ་པ་སྨྲས་མ་དགོས་སོ། །
འདིར་ཡང་ཁོ་བོས་དམིགས་བསལ་གྱིས་ཞུ་འདོད་པ་ཞིག་སྟེ། དཔའ་ལུང་དང་བ་ཡན་ཞེས་པའི་ཐ་སྙད་འདིར་ད་ལྟ་རྒྱ་བོད་ཡིག་ཆ་སྣ་ཚོགས་ལས་བཞེད་པ་མི་མཐུན་པ་བྱུང་དང་འབྱུང་བཞིན་མཆིས། ལ་ལས་དཔའ་ལུང་རྒྱ་མིང་ཡིན་ཟེར་ནས་ལུང་དང་རིགས་པས་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། འགའ་ཞིག་གིས་དཔའ་ལུང་བོད་སྐད་དང་བ་ཡན་སོག་སྐད་ཡིན་པའི་ལྟ་བ་བརྗོད་ཀྱིན་འདུག ། གང་ལྟར་ཡང་ཁོ་བོའི་ལྟ་ཚུལ་ནི་དཔའ་ལུང་རྒྱ་ཡིག་ལས་འགྱུར་ཡོང་བའི་སྒྲ་ཞིག་ཡིན་པའི་དབང་དུ་བཏང་ནའང་བོད་པས་བེད་སྤྱོད་བྱས་ནས་རྒྱུན་འབྱམས་སུ་སོང་ཡོད་པ་མ་ཟད། སྒྲ་དང་དོན་གཉིས་ཀྱང་བོད་པའི་འདོད་བློ་དང་མཐུན་པས་སོར་བཞག་མ་བྱས་ག་ལ་ཆོག ། བ་ཡན་ཞེས་པ་ཚང་མས་ཤེས་གསལ་ལྟར་སོག་མིང་ཡིན་པ་ཐག་གཅོད་ཐུབ་པས་མ་བཀོལ་ནའང་མི་ཆོག་པ་མེད་འདོད། བ་ཡན་གྱི་མིང་འདིའི་ནང་དོན་བོད་སྐད་ཀྱི་ཕྱུག་རིའི་དོན་ཡིན། མིང་འདི་མདོ་སྨད་ཡུལ་ཕྱོགས་ཕལ་ཆེར་ནས་སོར་བཞག་བྱས་ཡོད། ལ་ལས་བོད་སྐད་ཡིན་པར་འདོད་དེ་གཏན་ནས་དོར་འདོད་མེད་དོ། །ཁ་དཔེར། གྲོ་ཚང་དགོན་པའི་ཅོང་བརྡུངས་ན། བ་ཡན་ཐང་གི་རྟ་འདྲོག་གི། ཞེས་པ་ལས་བ་ཡན་ནི་བོད་སྐད་དུ་གོ་བ་ལེན་པ་མ་ཟད། གཏམ་དཔེ་དང་གླུ་གཞས་སོགས་ལས་ཀྱང་བཀོལ་པ་མཐོང་ཐུབ། ད་དུང་དཔའ་ལུང་སྤྱིའི་མིང་ལའང་གོ་བཞིན་བདོག།
བཞི་པ། དཔའ་ལུང་རུ་མང་སྐྱེར་བ་ཁ་སོ་ཚོ་བའི་བྱུང་རབས་བཤད་པ།
དེ་ཡང་གནའ་མིའི་ཁ་དཔེར། གནམ་གྱི་སྐར་མ་སྨིན་དྲུག །ས་ཡི་སྐྱེར་ཁ་བུ་དྲུག་ཞེས་པར་གྲགས་པ་ལྟར། རུ་མང་སྐྱེར་བ་ཁ་སོའི་ཚོ་རྒྱུད་ཆེན་པོ་འདི་ལ་ཐོག་མར་ཕ་བཀྲ་ཤིས་ཚེ་བརྟན་མ་ཀླུ་མོ་མཚོ་ཟེར་བའི་རྒན་རྒོན་གཉིས་ལ་བུ་དྲུག་དང་བུ་མོ་གསུམ་སྐྱེས་ནས་རིམ་གྱིས་བུ་ཕྲུག་དགུའི་སྐྱེས་རབས་ལོ་རྒྱུས་ཇི་ལྟར་ཡིན་པ་རགས་ཙམ་བརྗོད་འདོད་མོད། འོན་ཏེ་སྔོན་ལ་ངེས་པར་དུ་ཤེས་དགོས་པ་ཞིག་སྟེ།དཔའ་ལུང་ཉིན་ཐབ་བཅོ་བརྒྱད་ཀྱི་བྱུང་བ་རགས་ཙམ་བརྗོད་དགོས་ན་འདི་ལྟ་སྟེ། སྟོད་ཀྱི་ཨ་བོ་ཉིན་ཐབ་བཅུ་དང་། སྨད་ཀྱི་ཨ་ཀྱཱ་ཉིན་ཐབ་བརྒྱད་ཅེས་བྱ་སྟེ།སྟོད་ཀྱི་ཉིན་ཐབ་བཅུ་ནི། སྟོད་ཨ་བོ་ནང་སོ་སྟེ་དྷི་ཚའི་ནང་སོ་ལ་ཟེར་བ་དང་། སྨད་ཉིན་ཐབ་བརྒྱད་ནི་སྨད་ཀྱི་ཨ་ཀྱཱ་ནང་སོ་སྟེ་ཨ་འདར་ཆ་གའི་བྱམས་ཁང་ཡོད་ས་དེ་ལ་ཟེར། སྟོད་ཀྱི་ནང་སོའི་མངའ་ཁུངས་ཀྱི་སྡེ་བ་སོ་སོའི་ཉིན་ཐུབ་བཅུ་སྟེ་ཉིན་བཅུ་ཡི་ཆོས་ཐོག་དང་། སྨད་ཀྱི་ནང་སོའི་མངའ་ཁུངས་ཀྱི་སྡེ་བ་སོ་སོའི་ཉིན་བརྒྱད་ཀྱི་ཉིན་ཐབ་སྟེ་ཉིན་བརྒྱད་ལ་བྱ་ཁྱུང་དགོན་པ་ནས་ཆོས་ཐོག་འཛིན་གྱིན་ཡོད་པ་དེ་ལ་ཟེར། སྐབས་དེར་ངེད་ཀ་རྒྱ་རུ་མང་སྡེ་བ་འདི་སྨད་ཉིན་ཐབ་བརྒྱད་ཀྱི་གྲས་རེད། སྔོན་ཀ་རྒྱ་སྡེ་བར་ཚོ་བ་དགུ་ཡོད་པ་ནི་གང་དག་ཡིན་པ་དང་། དེ་ལས་ངེད་རུ་མང་ཚོ་བ་འདི། རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་ཁ་སྒང་རུ་མང་དུ་གྱུར་བ་དང་། ད་ལྟའི་སྐྱེར་བ་ཁ་སོ་ཚང་ཞེས་པའི་མིང་གི་ཐོགས་ཚུལ་དང་། ཕ་ཁུངས་བརྒྱུད་རིམ་སོགས་ངོས་ཟིན་བྱ་དགོས་པས་འདི་ནས་རིམ་བཞིན་ངོ་སྤྲོད་རགས་བསྡུས་ཙམ་བྱས་ན།གཅིག ཀ་རྒྱ་སྡེ་བ་འདིར་ངག་རྒྱུན་ཞིག་ལ་སྔོན་བ་ཡན་ཀ་སྐྱ་ཀླད་ནས་ཆད་པ་ཡིན། རྗེས་སུ་ཕྱོགས་སོ་སོར་ཆད་དེ་ད་ལྟ་གཅན་ཙའི་ཀ་རྒྱ་དང་ཀ་རྒྱ་འབྲོག་སྡེ་སྟེ་རྨ་ཕ་རིའི་ཀ་རྒྱ་རྨ་ཚུ་རིའི་ཀ་རྒྱ་མཚོ་སྔོན་པོའི་ཀ་རྒྱ་སོགས་སྡེ་བ་མང་བོ་ཞིག་དེ་ནས་ཆད་པ་ཡིན་ནོ། །
གཉིས། ཀ་རྒྱ་ཚོ་བ་དགུ་ཡོད་པའི་བཤད་ཚུལ་དེ་ཡི་བརྩི་ལུགས་ནི། རྒྱོམ་དང་མཚོ་འཁྱིལ། སྔོ་རྒྱ་སྐྱོ་ཞིང་སོགས་ལ་རྒྱོམ་ཚོ་སྒོ་བཞི་ཟེར། འཇིང་དང་གཡུ་རྒྱ། བོའུ་རྒྱ་འབྲུག་ཉ་སོགས་ལ་འཇིང་ཚོ་སྒོ་བཞི་ཟེར། རུ་མང་སྐྱེར་ཁ་དང་ར་སྐེ་རྟ་མགོ་གསུམ་ལ་རུ་མང་ཚོ་སྒོ་གསུམ་ཟེར། ཀློས་བདུན་ཚོ་བ། ཨ་སྔོན་ཚོ་བ། གསེར་སྐོས་ཚོ་བ། དགུ་རུང་ཚོ་བ། བྲང་ཀླད་ཚོ་བ། དགོན་དང་ཡར་ཁུག་ཚོ་བ་གཉིས་བཅས་ཚོ་ཁག་དགུ་དང་ཚོ་ཆུང་སོགས་བཅོ་བརྒྱད་ལས་གྲུབ་པའི་སྡེ་ཞིག་ཡིན་པ་གནའ་བོའི་ལོ་རྒྱུས་ལས་གསལ།
གསུམ། དེ་ཡང་ངེད་རུ་མང་ཚོ་སྒོ་གསུམ་པོ་ཤ་ཡི་ནང་ནས་རྨེན་བཏོན་པ་དང་མར་གྱི་ནང་ནས་སྤུ་བླངས་པ་བཞིན་དུས་ནམ་ཞིག་ལ་རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་ཁ་སྒང་སྡེ་བར་བྱིན་པ་རེད་ཟེར་ན། དུས་ཚོད་ཀྱི་གསལ་ཁ་གསལ་བོ་ཞིག་མི་ཆོད་རུང་ཀ་རྒྱ་སྡེ་བ་ལས་འཇིང་སྡེ་བའི་བོའུ་རྒྱ་ཚོ་བའི་ཨ་ཁུ་ཆབ་རིལ་དང་ཨ་ཀྱཱ་ནང་སོ་གཉིས་མ་མཐུན་པར་གྱོད་ལ་ཐུག་ནས་ཨ་ཀྱཱ་ནང་སོའི་མི་གཉིས་བསད་པའི་གྱོད་སྟོང་ལ་ཀ་རྒྱ་སྡེ་བས་རུ་མང་ཚོ་སྒོ་གསུམ་པོ་ཁ་སྒང་སྡེ་བར་མི་སྟོང་ལ་བྱིན་པ་ཡིན་ཟེར། རུ་མང་ཚོ་སྒོ་གསུམ་པོ་ཁ་སྒང་སྡེ་བར་སྟེར་དོན་ནི། སྐབས་དེར་ཨ་ཀྱཱ་ནང་སོ་ཨ་འདར་ཆ་གའི་བྱམས་ཁང་ཟེར་བའི་ས་དེ་ཁ་སྒང་ས་ཆ་ན་ཡོད་པའི་དབང་གིས་ཡིན་ཟེར། སྔོན་ཀ་རྒྱའི་རུ་མང་ཚོ་སྒོ་གསུམ་པོ། བ་ཡན་གཞོང་འགག་གི་ལྷོ་ནུབ་ཕྱོགས་ཀྱི་ཀ་རྒྱ་སྡེ་གྲལ་ན་ཡོད། མི་སྟོང་ལ་བྱིན་པ་ནས་བཟུང་དུས་ད་ལྟའི་བར་ཁ་སྒང་རུ་མང་དུ་གྱུར་བའི་ལོ་རྒྱུས་ཡིན་ལ། ད་ལྟ་རུ་མང་སྡེ་བ་འདི་ལ་གཞན་སྡེ་དག་གིས་རུ་མང་ཕ་བརྒྱ་བུ་སྟོང་ཞེས་འབོད་ལུགས་འདི་ལ་དཔྱད་ན། དམའ་འབེབ་དང་སྙད་འཚོལ་བའི་ཚིག་མིན་ལ་བསྟོད་པའི་དོན་ལྡན་པའང་ས་ཆ་དེའི་གནས་བསྟོད་དང་བསང་ཡིག་བཅས་ལས་རུ་མང་ཕ་རྒྱལ་བུ་སྟོང་ཞེས་ཆེ་བརྗོད་བྱེད་བཞིན་ཡོད་པ་ལས་ཤེས་ཐུབ། ཕ་བརྒྱ་དང་བུ་སྟོང་ཞེས་པ་འདི་མདོ་སྨད་ཀུན་ཏུ་བེད་སྤྱོད་བྱེད་བཞིན་པའི་ཚིག་ཅིག་ཡིན་པས་བུ་སྟོང་ལ་བྱིན་པའི་དོན་ལ་འབྲེལ་ན་ཚིག་དོན་གཉིས་ཀྱི་ཐད་དུ་འགྲེལ་མི་ཆགས་སོ། །
བཞི། ཀ་རྒྱ་སྡེ་བ་ནས་རུ་མང་ཚོ་སྒོ་གསུམ་པོ་ཁ་སྒང་སྡེ་གྲས་སུ་ཡོང་བའི་ས་འཛིན་གྱི་ཐོག་མ་ནི་རུ་མང་བཀྲ་ཤིས་ཚེ་བརྟན་ཚང་ཡིན། (ཁོའི་བསྡུས་མིང་ལ་བཀྲ་ཚེ་ཟེར།)དུས་དེར་རུ་མང་བཀྲ་ཚེ་ཚང་གིས་གཞི་མ་ཞིག་བསྐོར་བའི་གྱང་ཁ་ནས་ཤིང་སྐྱེར་བ་ཞིག་སྐྱེས་པས་ཁོ་ཚང་ལ་དུས་དེ་ནས་བཟུང་སྐྱེར་བ་ཁ་སོ་ཚང་གི་མིང་དེ་ཐོགས་པ་ཡིན།
ལྔ་པ། དཔའ་ལུང་རུ་མང་དུ་གནའ་རབས་བོད་ཀྱི་གོམས་སྲོལ་དང་སྐད་བརྡ་མ་ཉམས་མཐོང་ཐུབ།
གཅིག དཔའ་ལུང་རུ་མང་ཚོ་བའི་སྐད་ཆའི་ཁྲོད་དུ་གནའ་བོའི་བརྡ་རྙིང་སོར་བཞག་ཡོད་པ་སྟེ། དཔེར་ན། གྲི་ལ་གྱི་དང་མི་ལ་མྱི། རྨིག་ག་ལ་རྨྱིག་ག ། སླེབས་ལ་རྩེབ། སྡེར་མ་ལ་ཀ་ཏོ་ར། མིག་མངས་ལ་མྱིག་མངས། དགྲ་ཡ་ལ་དགྱ་ཡ་ལྟ་བུ་མང་པོ་སོར་བཞག་བྱས་ཡོད་པ་མ་ཟད་ད་ལྟ་བཀོལ་སྤྱོད་བྱེད་བཞིན་མཆིས། ད་དུང་རོང་སྐད་མི་འདྲ་བ་ལས་དཔའ་ལུང་གི་རོང་སྐད་ལ་རང་གི་ཐུན་མིན་གྱི་ཁྱད་ཆོས་ཡོད་ལ་རོང་སྐད་ཚད་ལྡན་ཡིན་པར་འདོད། འདིར་གནའ་བོའི་བོད་པའི་སྐད་ཆའི་གདངས་དང་ཐ་སྙེད་སོར་བཞག་ཡོད་པ་ཀུན་གྱིས་གླེང་བ་ཇི་བཞིན་ནོ། །གཉིས། གནའ་རབས་ཀྱི་མཚོན་ཆ་མདའ་གཞུ་བཀོལ་སྤྱོད་བྱེད་པ་དུས་ད་ལྟའི་བར་དུ་རྒྱུན་འཛིན་བགྱིས་པ་མིག་མཐོང་ལག་ཟིན་ཡིན། དེང་འདིར་ས་ཁུལ་མང་པོར་མདའ་རྩེད་ཀྱི་སྲོལ་དར་དང་དར་བཞིན་ཡོད་ཀྱང་མདའ་རྩེད་ཀྱི་མཆེད་ཁུངས་དཔའ་ལུང་ས་ཁུལ་ཡིན་པ་སྨྲས་མ་དགོས། དཔའ་ལུང་ཡུལ་ཁམས་ཀྱི་མདའ་གཞུའི་གྲུབ་སྟངས་དང་འབེན་དགྲའི་བཟོ་སྟངས། མ་བུ་འཁྲིད་སྟངས། བ་མོ་འགལ་སྲོལ་སོགས་གནའ་རབས་བོད་དམག་གི་དམག་སྦྱོང་གི་འགྲོ་སྟངས་མངོན་འདུག་པ་ཤུགས་སུ་རྟོགས་ཐུབ།
གསུམ། ད་ལྟ་དཔའ་ལུང་རུ་མང་ཚོ་བར་འདུས་སྡོད་ཀྱི་གནས་ཡུལ་དང་འཚོ་བའམ་ཐོན་སྐྱེད་བྱེད་སྟངས། ཕལ་ཆེར་གནའ་རབས་བོད་པའི་བྱེད་ཐབས་མ་དོར་བར་རྒྱུན་འཛིན་བྱས་ཡོད། དཔེར་ན། འཚོ་གནས་བྱེད་ཡུལ་ནི་རི་མཐོན་པོའི་རྩེ་དང་སྐེད་དུ་ཆགས་ཡོད་ལ། ཐོན་སྐྱེད་ཀྱི་ནུས་ཤུགས་ཅུང་དམའ་ལ་ཕལ་མོ་ཆེས་ཞིང་ཕྱུགས་གཉི་ག་གཉེར་བཞིན་མཆིས། ཞིང་ས་ཕལ་ཆེར་རི་མར་གཏོགས་པས་གནམ་ལ་བརྟེན་ནས་ལོ་ལེགས་རེ་སྒུག་བགྱི་བའི་ས་ཆ་ཡིན། བཟའ་བཏུང་ཡང་གནའ་རབས་ཀྱི་རྩམ་པ་དང་གོ་རེ་ལ་བསྟེན་པའི་སྲོལ་དེ་ད་རུང་དོར་མེད།
བཞི། དཔའ་ལུང་ཡུལ་ཁམས་ཀྱི་རྒྱན་གོས་ཕལ་ཆེར་མདོ་སྨད་རོང་ཕྱོགས་མང་ཆེ་བའི་རྒྱན་གོས་དང་མཚུངས་ཀྱང་བུད་མེད་ཀྱི་རྒྱན་གོས་ལ་ཁྱད་པར་ཡོད་དེ། དཔེར་ན། རོང་མོའི་རྒྱབ་ཏུ་འདོགས་པའི་སྐྱ་ལུང་དང་ཚི་རེ་གཉིས་གཞན་དང་མིན་ཐུན་པའི་ཁྱད་ཆོས་ཡོད། ད་ལྟ་མཚོ་སྔོན་གྱི་ཆབ་འགག་དང་མང་འབའ་བྱ་གསུམ། གཅན་ཚ་བཅས་ཀྱིས་བུད་མེད་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་སྐྱ་ལུང་དང་ཚི་རེ་བཅས་པ་ཐོག་མ་དཔའ་ལུང་ས་ཁུལ་འདི་ནས་དར་བ་ཚང་མས་ཤེས་གསལ་ལྟར་རེད། ས་ཆ་དེ་དག་གི་མི་རྒྱུད་ཀྱང་ཐོག་མ་དཔའ་ལུང་ནས་མཆེད་པས་ན་གོམས་སྲོལ་མང་པོ་ཞིག་ཀྱང་ཞོར་དུ་མཆེད་ཡོད་པ་གདོན་མི་ཟའོ། །དེ་ཡང་སྐྱ་ལུང་བུད་མེད་ཀྱི་རྒྱན་ཆའི་གྲས་ཡིན་ཡང་ནང་ཁུལ་གྱི་འགྲེལ་བཤད་སྐོར་ལ་མི་ཚོའི་འཚོ་བ་དངོས་དང་འབྲེལ་བའི་བཤད་པ་ཕུན་སུམ་ཚོགས་པ་ཡོད་ཅིང་སྐྱ་ལུང་ནི་བུ་མོ་ནར་སོན་ནས་གཉེན་སྒྲིག་དུས་སུ་སླེབས་ཚེ་བཏགས་ཆོག། ཚི་རེ་ནི་བུད་མེད་ཚོ་སྐྱ་མ་ཕབ་སྔོན་ལ་འདོགས་པའི་རྒྱན་ཆ་ཞིག་ཡིན། བཟོ་སྟངས་དང་འབྲེལ་བ་རྒྱག་ཚུལ་ཡང་ཐ་དད་ཡིན་ནོ། །
ལྔ། མདོ་སྨད་ས་ཆའི་རོང་སྡེ་ཕལ་ཆེར་གྱིས་རང་གི་ལག་རྩལ་ལ་བརྟེན་ཏེ་ནས་ཆང་བཟོ་ཤེས། འོ་ན་ཆང་བཙགས་པའི་ལག་རྩལ་ཐོག་མ་དེ་གང་ནས་བྱུང་ངམ་ཞེས་དྲིས་ན། ཚམ་ཚོམ་མེད་པར་ཁུངས་གཏུག་ས་དེ་དཔའ་ལུང་ཡུལ་སྡེ་ཆེན་པོ་ཡིན་ཞེས་ལན་བཏབ་ན་ཆོག་ཆོག་རེད། རྒྱུ་མཚན་ཡང་དེ་སྔ་མེས་པོ་རྣམས་ཀྱིས་ངག་རྒྱུན་ནས་བོད་ཆང་དཔའ་ལུང་ནས་ཐོག་མ་དར་རོ་ཞེས་བཤད་སྲོལ་ཡོད་པ་ལས་གཞན་དུས་ད་ལྟའི་བར་རྒྱུན་མ་ཆད་པར་ཁྱིམ་ཚང་རེ་རེའི་ཆང་བསྙལ་བའི་སྲོལ་རྒྱུན་འཛིན་བགྱིས་ཤིང་མི་རབས་ནས་མི་རབས་ཁྱབ་བཞིན་མཆིས། ད་ལྟ་རོང་སྡེ་གཞན་དུ་ཆང་བསྙལ་བའི་སྲོལ་ཡང་ཁོ་ཚོའི་མེས་པོ་རྣམས་དཔའ་ལུང་གཡང་སྡེ་ནས་ཁ་གྱེས་ཏེ་སོ་སོར་འགྲོ་སྐབས་ཕྱག་ཏུ་བསྣམས་ཏེ་སོང་བའང་སུས་ཀྱང་ཁས་མ་བླངས་མི་ཆོག་སྙམ། གལ་ཏེ་ནས་ཆང་རྣལ་མ་ཞིག་བཙག་འདོད་ན་དཔའ་ལུང་ཡུལ་དུ་སློབ་སྦྱོང་དང་ཉམས་མྱོང་ལེན་དུ་འགྲོ་བ་ཡང་གནའ་སྔ་མོ་ནས་དར་ཡོད་དོ། །
དྲུག་པ། རུ་མང་སྐྱེར་བ་ཁ་སོའི་བུ་དྲུག་དང་བུ་མོ་གསུམ་གྱི་མཆེད་ཡུལ་བཤད་པ།
རུ་མང་སྐྱེར་བ་ཁ་སོ་ཚང་གི་བཀྲ་ཚེ་རྒན་རྒོན་གཉིས་ལ་བུ་བུ་མོ་དགུ་སྟེ་བུ་དྲུག་དང་བུ་མོ་གསུམ་ཡོད་པ་རེ་རེ་བཞིན་བཀོད་ན། བུ་ཆེ་བ་བྱམས་པ་དོན་གྲུབ། བུ་གཉིས་པ་དོན་གྲུབ། བུ་གསུམ་པ་པདྨ་ཚེ་བརྟན། བུ་བཞི་པ་ལྷ་གཞིས། བུ་ལྔ་པ་ཨ་སྡེ་མི་རྐྱང་། བུ་དྲུག་པ་དཔལ་རྒྱལ་བཅས་དང་། བུ་མོ་ཆེ་བ1839ལོར་སྐྱེས་ཤིང་འདས་ལོ་དང་མིང་མི་ཤེས། བུ་མོ་གཉིས་པ་བདེ་ཁོ།བུ་མོ་གསུམ་པའི་སྐྱེས་ལོ1850ལོ་ཡིན་ཀྱང་འདས་ལོ་དང་མིང་མི་ཤེས།གཤམ་དུ་སྐབས་སུ་བབ་པའི་བརྗོད་དོན་གཙོ་བོ་སྟེ་བུ་བུ་མོ་དགུའི་གནས་ཡུལ་རགས་ཙམ་བརྗོད་པར་བྱའོ། །
གཅིག བྱམས་པ་དོན་གྲུབ་ནི་སྐྱེར་བ་ཁ་སོའི་ཕ་བཀྲ་ཚེ་ཡི་བུ་ཆེ་བ་ཡིན། ཁོ་རང1836ལོར་སྐྱེས། 1875ལོར་འདས། ཁོས་བ་ཡན་ཚེ་ཁོ་ཆུང་མར་བླངས་ནས་བུ་གཅིག་ཡོད་པ་ནི་གཅོད་པ་ཚེ་རིང་ཟེར། 1854ལོར་སྐྱེས། 1882ལོར་འདས། ཁོ་ལ་བུ་གཅིག་ཡོད་པ་ནི་རིན་ཆེན་དོན་གྲུབ(འབའ་འགོ)ཟེར། 1882ལོར་སྐྱེས། 1959ལོར་འདས། ཁོ་ལ་བུ་གསུམ་ཡོད་པ་སྟེ། གཡུང་དྲུང་དང་སྒྲོལ་མ། ཟླ་གྲགས་གསུམ་ཡིན། བུ་ཆེ་བ་གཡུང་དྲུང1901ལོར་སྐྱེས། 1974ལོར་འདས། ཁོས་བ་ཡན་གཡུ་རྩའི་ཀླུ་མོ་ཆུང་མར་བླངས་ནས། བུ་བུ་མོ་བརྒྱད་ཡོད་པ་སྟེ། བུ་ཆེ་བ་རབ་བརྟན་དང་དམ་ཆོས། ཤ་བོ་དོན་གྲུབ། ཤ་བོ་སྐྱབས། དཔལ་འབྱོར། ཤ་བོ་ཚེ་བརྟན་སོགས་དང་། བུ་མོ་སྒྲོལ་མ་སྐྱིད་དང་རིན་ཆེན་སྐྱིད་བཅས་ཡིན། གཡུང་དྲུང་གི་བུ་ཆེ་བ་རབ་བརྟན1926ལོར་སྐྱེས། 1959ལོར་འདས། ཁོས་དགུ་རོང་གི་བུན་ཁྲང་ཆུང་མར་བླངས་ནས་བུ་བུ་མོ་གཉིས་ཡོད་པ་སྟེ། བུ་རྡོ་རྗེ་ལྷུན་འགྲུབ་དང་བུ་མོ་རྡོ་ཕྲུག་གཉིས་ཡིན། རྡོ་རྗེ་ལྷུན་འགྲུབ1954ལོར་སྐྱེས། 2004ལོར་འདས། ཁོས་རུ་མང་ར་སྐེའི་ཤ་བོ་སྐྱིད་ཆུང་མར་བླངས་ནས་བུ་བུ་མོ་བཞི་ཡོད་པ་ནི། བུ་རྟ་མགྲིན་ཚེ་རིང་དང་རྡོ་བྷ། འབྲུག་ཐར། བུ་མོ་ནོར་བུ་མཚོ་མོ་གསུམ་ཡིན། བུ་རྟ་མགྲིན་ཚེ་རིང1975ལོར་སྐྱེས། ཁོས་རུ་མང་ར་སྐེའི་འོ་གཞུག་ཆུང་མར་བླངས་ནས་བུ་རྟ་མགྲིན་ཚེ་བརྟན་དང་སྟག་ལྷ་ཚེ་རིང་གཉིས་ཡོད། བུ་རྟ་མགྲིན་ཚེ་བརྟན1993ལོར་སྐྱེས། ཁོས་ཞོང་ཞན་ཚེ་རིང་མཚོ་ཆུང་མར་བླངས་ནས་བུ་བུ་མོ་གསུམ་ཡོད་པ་ནི། བུ་རྡོ་རྗེ་ཚེ་བརྟན་དང་བུ་མོ་ཕག་མོ་ཆོས་མཚོ། ཤ་བོ་མཚོ་མོ་གསུམ་ཡིན། བུ་རྡོ་བྷ1982ལོར་སྐྱེས། ཁོས་བ་ཡན་ར་ནང་གི་ཚེ་རིང་མཚོ་ཆུང་མར་བླངས་ནས་བུ་བུ་མོ་ལྔ་ཡོད་པ་ནི། བུ་དགྲ་འདུལ་དབང་ཕྱུག་དང་བུ་མོ་ལྷ་མོ་མཚོ། ལྷ་མོ་ཚེ་རིང་། ཕག་མོ་མཚོ། ཕག་མོ་གཡང་སྒྲོན་བཅས་ཡིན། ཁྱིམ་རྒྱུད་འདི་ཕལ་ཆེར་མི་རབས་བརྒྱད་ཙམ་སོང་ཡོད་པས་སོ་སོ་བརྗོད་ན་མང་བར་དོགས་ནས་འདིར་མཚམས་བཞག་པའང་དགོངས་འཆར་མི་མཐུན་པ་མེད་པར་གྱིས།
གཉིས། དོན་གྲུབ་ནི་སྐྱེར་བ་ཁ་སོའི་ཕ་བཀྲ་ཚེ་ཡི་བུ་གཉིས་པ་ཡིན། དོན་གྲུབ1844ལོར་སྐྱེས། ཁོ་ལ་བུ་བུ་མོ་བཞི་ཡོད་པ་ནི་བུ་སྟག་ལྷ་དང་པདྨ་དོན་གྲུབ་བུ་མོ་ཚེ་མོ་དང་ཚེ་རིག་བཞི་ཡིན། ཁོ་རང་ཆུང་དུས་ནས་ཕ་ཡུལ་དང་ཁ་བྲལ་ཏེ་ད་ལྟའི་མང་རྫོང་ས་ཁུལ་བརྒྱུད་ནས་མཇུག་མཐར་བྲག་དཀར་རྫོང་དཀར་མོ་གཡས་འཁྱིལ་དུ་གཞི་ཆགས་ཤིང་བུ་རྒྱུད་མང་དུ་སྤེལ།
དོན་གྲུབ་ཀྱི་བུ་སྟག་ལྷ1864ལོར་སྐྱེས། 1959ལོར་འདས། ཁོས་ཀོས་ནན་ཐོ་ལེ་ཡི་མ་ཎི་འཚོ་ཆུང་མར་བླངས་ནས་བུ་བུ་མོ་གསུམ་ཡོད་པ་ནི། བུ་བན་དེ་དང་འཕགས་པ། བུ་མོ་རིན་ཁོ་བཅས་ཡིན། ཁོ་ལ་ཟུར་བསྟེན་གྱི་ཆུང་མ་ཞིག་ཡོད་ཅིང་མོའི་མིང་ལ་རྡོ་རྗེ་སྐྱིད་ཟེར། ཁོ་གཉིས་ལ་བུ་རྒྱུད་མ་ཡོད་པས་མོའི་ཚ་མོ་ལྕགས་མོ་ཐར་བུ་སྐལ་དུ་བླངས། མོ1943ལོར་སྐྱེས། ཀོས་ནན་ཡང་སངས་གི་ཆུང་མ་བྱས་ནས་བུ་བུ་མོ་དྲུག་ཡོད་པ་ནི། བུ་རིག་འཛིན་རྡོ་རྗེ་དང་གཡང་སྐྱབས་རྒྱལ། བུ་མོ་གཡང་སྐྱིད་སྒྲོལ་མ་དང་བསམ་འགྲུབ་སྒྲོལ་མ། ཚེ་རིང་སྒྲོལ་མ། ལྷུན་འགྲུབ་མཚོ་བཅས་ཡིན།
སྟག་ལྷའི་བུ་བན་དེ། 1896ལོར་སྐྱེས། 1957ལོར་འདས། ཁོས་ཀོས་ནན་མར་ཁུ་ཐང་གི་རིག་ཁོ་ཆུང་མར་བླངས་ནས་བུ་བུ་མོ་ལྔ་ཡོད་པ་ནི། བུ་གཉིས་པོ་ཆུང་དུས་ནས་འདས། བུ་མོ་གཉིས་ཡང་ཆུང་དུས་ནས་འདས། བུ་མོ་ཆུང་བ་གཡང་ཁོ་སྐུ་འབུམ་དགེ་བཤེས་ཚང་གིས་མི་རིགས་བརྗེ་དགོས་ཞེས་པའི་ལུང་བསྟན་ལྟར་ཁ་ཆེར་བསྒྱུར། ད་ལྟ་མོ་རང་ཀོས་ནན་ལྕང་སྡོང་སྡེ་བ་ན་ཡོད།མོ་ལ་བུ་བུ་མོ་ལྔ་ཡོད་པ་ནི། ཧ་བྷེ་བྷོའུ་དང་ཐ་ཧྭེ་རི། མི་ས། མར་རྡོ། བུ་མོ་མ་ཁོ་བཅས་ཡིན།
སྟག་ལྷའི་བུ་འཕགས་པ1900ལོར་སྐྱེས། 1983ལོར་འདས། ཁོས་ཀོས་ནན་མར་ཁུ་ཐང་གུར་འོག་མའི་བུན་ཁྲང་སྐྱིད་ཆུང་མར་བླངས་ནས་བུ་བུ་མོ་གསུམ་ཡོད་པ་ནི། བུ་ངག་དབང་དང་བུ་མོ་རྣམ་རྒྱལ་སྒྲོལ་མ། འབོད་སྐྱིད་བཅས་ཡིན། ཁྱིམ་རྒྱུད་འདིར་ཡང་བུ་རྒྱུད་མང་པོ་རྒྱས་ཡོད་ཅིང་ཞིབ་མོའི་ལོ་རྒྱུས་རེ་རེ་བརྗོད་དགོས་པའི་ཕན་འབྲས་ཆེན་པོ་མེད་པར་བསམ་ནས་འདི་ཙམ་གྱིས་ཆོག་པར་བྱའོ། །
གསུམ། པདྨ་ཚེ་བརྟན་ནི་སྐྱེར་བ་ཁ་སོའི་ཕ་བཀྲ་ཚེ་ཡི་བུ་གསུམ་པ་ཡིན། དེ་ཡང་པདྨ་ཚེ་བརྟན་བཟའ་ཟླ་གཉིས་ཀྱིས་སྤྱི་ལོ1885ལོར་ལོ་བཅོ་བརྒྱད་ཅན་གྱི་བུ་ཚེ་མགོན་དང(1867—1894)ལོ་ན་བཅུ་དྲུག་ཅན་གྱི་པདྨ(ཅོ་ལེ1869—1954)གཉིས་བཅས་ཁྱིམ་མི་ཡོངས་ཁྲིད་ནས་ཆབ་འགག་རྒྱ་ར་ས་ཆར་ཡོང་སྟེ་གཞི་ཆགས། བུ་ཆེ་བ་ཚེ་མགོན་ཆབ་འགག་རྐ་གསར་སྡེ་བ་ནས་གཞི་ཆགས་ཏེ་ལོ་མང་པོ་འགོར་རྗེས་པཎ་ཆེན་ཞིང་སྡེ་རུ་གནས་སྤར་བ་ཡིན། ཁོང་ལ་བུ་བུ་མོ་ལྔ་ཡོད་དེ། བུ་ཆེ་བ་ཕག་ཕྲུག །བུ་འབྲིང་བ་པ་ཙ། བུ་མོ་ཆེ་བ་ཕག་མོ་སྒྲོལ་མ། བུ་མོ་གཉིས་པ་ཆོས་མཚོ། བུ་མོ་ཆུང་བ་འབྲུག་ཁོ་བཅས་སོ། །
བུ་ཆུང་བ་པདྨ་དང་ཆུང་མ་རྡོ་རྗེ་མཚོ(1871—1941)གཉིས་ལ་བུ་བུ་མོ་དྲུག་ཡོད་ལ། བུ་ཆེ་བ་ཆོས་ལྡན(1889—1916)དང་། བུ་མོ་ཆེ་བ་མཁའ་འགྲོ(1899—1970)དང་། བུ་མོ་གཉིས་པ་དབང་མོ(1901— 1985)། བུ་མོ་གསུམ་པ་རྡོ་སྐྱིད(1908—1990)། བུ་གཉིས་པ་པདྨ་དབང་རྒྱལ(1911—1995)། བུ་གསུམ་པ་སངས་རྒྱས་དོན་གྲུབ(1917--1993)བཅས་སོ། །པདྨ་ཚེ་བརྟན་ལ་བུ་གཉིས་ཡོད་པ་ལས་བུ་པདྨ(ཅོ་ལེ)ཡི་བུ་རྒྱུད་ཁ་ཚང་ཆབ་ཆའི་རྒྱ་ར་དང་མེ་ཏོག་ལུང་བ་ཞོལ་མ་ན་ཡོད་པ་དང་། ཚེ་མགོན་གྱི་བུ་རྒྱུད་དག་དུར་ལམ་པཎ་ཆེན་ཞིང་སྡེ་ན་ཡོད། ད་ལྟ་མི་རབས་བརྒྱད་ལ་སླེབས་ཡོད་པས་ཕལ་ཆེར་སྡེ་རྒན་གཉིས་ཀྱིས་གྲུབ་ཡོད་ན་གཅིག་ཀྱང་མ་ལུས་པར་བྲིས་ན་ཁག་པོ་འདུག་གོ །
བཞི། ལྷ་གཞིས་ནི་སྐྱེར་བ་ཁ་སོའི་ཕ་བཀྲ་ཚེ་ཡི་བུ་བཞི་པ་ཡིན། ལྷ་གཞིས1848ལོར་སྐྱེས། 1916ལོར་འདས། ལྷ་གཞིས་ལ་བུ་གཉིས་ཡོད་པ་ནི་བུ་ཆེ་བ་འབུམ་ཁོ་དང་ཆུང་བ་རྡོ་རྗེ་རྒྱལ་མཚན་གཉིས་ཡིན། དེ་ཡང་ཕ་རྒན་ལྷ་གཞིས་ཀྱིས་བུ་གཉིས་དང་བཅས་པ་འཁྲིད་ནས་ཐོག་མ་ཆབ་འགག་མེ་ཏོག་ལུང་བ་ཞོལ་མ་སྡེ་བར་བསྡད་ཀྱང་ས་དེའི་ཀ་མདོ་བླ་མར་མ་མཐུན་པར་བུ་གཉིས་བྲག་དཀར་རྫོང་ཆུ་སྔོན་བརྒྱུད་དེ་བྱ་ཐང་ལ་ཆས་ནས་ཁྱིམ་གཞི་ཆགས་པར་བཤད། ཁོང་གཉིས་ཀྱི་བུ་རབས་ཚ་རྒྱུད་ད་ལྟ་གནས་དེ་རུ་འཕེལ་རྒྱས་ལེགས་པོ་བྱུང་ཡོད་དོ། །
བུ་ཆེ་བ་འབུམ་ཁོ1894ལོར་སྐྱེས། 1931ལོར་འདས།ཁོ་ལ་བུ་བུ་མོ་ལྔ་ཡོད་པ་ནི། བུ་ལོ་ལོ་དང་སྐར་མ། བཀྲ་ཤིས་འབུམ། བུ་མོ་གཅིག་འདས་སོང་། དགེ་འདུན་སྒྲོལ་མ་བཅས་ཡིན། ལྷ་གཞིས་ཀྱི་བུ་གཉིས་པ་རྡོ་རྗེ་རྒྱལ་མཚན1897ལོར་སྐྱེས། 1954ལོར་འདས། ཁོང་གིས་བྱ་ཐང་དཔོན་པོ་ཀླུ་འབུམ་གྱི་སྲིང་མོ་གོ་གཞིས་ཆུང་མར་བླངས་ནས་ཁོ་གཉིས་ལ་བུ་བུ་མོ་དགུ་ཡོད་པ་ནི། བུ་དགེ་བོ་བོང་ཕྲུག་དང་། བྱམས་བྷ། སྙིང་དཀར་ཚེ་རིང་། བུ་མོ་སྐལ་བཟང་སྒྲོལ་མ། རྡོ་རྗེ་མཚོ། འོ་ཁོ། ཀླུ་མཚོ། ལྷ་མོ་སྐྱིད་བཅས་ཡིན། བུ་ཆེ་བ་འབུམ་ཁོ་དང་ཆུང་བ་རྡོ་རྗེ་རྒྱལ་མཚན་གཉིས་ལ་བུ་རྒྱུད་མང་དུ་སྤེལ་ཡོད་ལ་རྒྱུ་དང་འབྱོར་བའང་རབ་ཏུ་བདོ་ཡོད་པ་དང་ད་དུང་མི་རབས་བརྒྱད་ཀྱི་བུ་རབས་ཚ་རྒྱུད་ཀྱི་དུད་ཁྱིམ་བརྒྱད་བཅུ་ལྷག་ལ་བུད་ཡོད་པ་རེ་རེ་འགོད་འདོད་ཀྱང་ཁག་པོ་ཡིན་ན་དགོངས་འགལ་མེད་པར་ཞུས།
འདིར་གསལ་བཤད་ཅིག་དགོས་པ་སྟེ་སྐྱེར་བ་ཁ་སོའི་ཕ་བཀྲ་ཚེ་རྒན་རྒོན་གཉིས་ཀྱི་བུ་ལྔ་པ་ཨ་སྡེ་མི་རྐྱང་ཟེར་བ་དེའི་ལོ་རྒྱུས་བརྩད་གཅོད་མ་ཐུབ་པས་རེ་ཞིག་སྟོང་ཆར་མི་འཇོག་ཐབས་མ་མཆིས། ཨ་སྡེ་མི་རྐྱང་ཟེར་བའི་མིང་འདི་ཡང་མིང་ངོ་མ་མིན་མོད། འོན་ཏེ་ངག་རྒྱུན་འདི་ཙམ་སོར་བཞག་བྱས་པའང་ཀུན་གྱིས་ཤེས་པར་འཚལ།
ལྔ། དཔལ་རྒྱལ་ནི་སྐྱེར་བ་ཁ་སོའི་ཕ་བཀྲ་ཚེ་ཡི་བུ་དྲུག་པ་ཡིན། དཔལ་རྒྱལ1855ལོར་སྐྱེས། འདས་ལོ་མི་གསལ། ཁོས་བ་ཡན་རྡོ་མོ་ཆུང་མར་བླངས་ནས་བུ་བུ་མོ་གཉིས་ཡོད་པ་ནི། བུ་བ་ཁོ་དང་བུ་མོ་རྡོ་སྐྱིད་གཉིས་ཡིན།
བུ་བ་ཁོ1880ལོར་སྐྱེས། 1931ལོར་འདས། ཁོས་ཁོ་ཚེ་གོང་བའི་ཕག་རིས་ཆུང་མར་བླངས་ནས་བུ་བུ་མོ་བཞི་ཡོད་པ་ནི། པདྨ་བཀྲ་ཤིས་དང་དར་རྒྱས། བུ་མོ་ཚེ་གཟུངས་དང་བ་སྐྱིད་བཅས་ཡོད།
བ་ཁོའི་བུ་པདྨ་བཀྲ་ཤིས1906ལོར་སྐྱེས། 1934ལོར་འདས། ཁོས་ཀ་མདོ་སྒྲོལ་མ་སྐྱིད་ཆུང་མར་བླངས་ནས་བུ་བུ་མོ་བཞི་ཡོད་པ་སྟེ། འཕགས་སྐྱབས་དང་དབང་ཆེན། དཀོན་མཆོག་བཀྲ་ཤིས། (ཡ་པ)བུ་མོ་རྡོ་རྗེ་སྐྱིད། པདྨ་བཀྲ་ཤིས་ཀྱི་བུ་འཕགས་སྐྱབས1924ལོར་སྐྱེས། 1973ལོར་འདས། ཁོས་ཀ་རྒྱ་གསེར་རྐོའི་བདེ་ཁོ་ཆུང་མར་བླངས་ནས་བུ་རྒྱུད་མ་ཡོད་པས་བསྟན་འཛིན་བུ་སྐལ་དུ་བླངས།
བུ་དབང་ཆེན(ཏ་ཐིག)1926ལོར་སྐྱེས། 2008ལོར་འདས། ཁོས་རུ་མང་སྒྲོལ་མ་ཆུང་མར་བླངས་ནས་བུ་མོ་གཅིག་ཡོད་པ་ནི་རྡོ་རྗེ་མཚོ་མོ་ཡིན། མོ་ད་ལྟ་པཎ་ཆེན་ཞིང་སྡེ་ཡི་རིག་བྷའི་ཆུང་མ་ཡིན། དཀོན་མཆོག་བཀྲ་ཤིས(ཡ་པ)2004ལོར་ཆབ་འགག་རྐ་གསར་ནས་འདས། ཤུལ་མེད།
བུ་མོ་རྡོ་རྗེ་སྐྱིད1925ལོར་སྐྱེས། མོ་རང་ཀ་རྒྱ་གསེར་རྐོའི་ཚེ་བརྟན་གྱི་ཆུང་མ་བྱས་ནས་བུ་མོ་ཕག་མོ་སྐྱིད་ཡོད། དེ་ཡང་བ་ཁོའི་བུ་པདྨ་བཀྲ་ཤིས་ཀྱི་རིང་ལ་ཁྱིམ་གཞི་གནས་སྤོར་ནས་ཆབ་འགག་རྐ་གསར་སྡེ་བར་ཆགས་པར་བཤད། འདིར་མི་རབས་རྗེས་མ་ཐམས་ཅད་རེ་རེ་བརྗོད་རྒྱུ་མིན་པ་ཤེས་དགོས་སོ། །
སྐྱེར་བ་ཁ་སོའི་ཕ་བཀྲ་ཚེ་ཡི་བུ་མོ་གསུམ་ལས་བུ་མོ་ཆེ་བ་དང་ཆུང་བ་གཉིས་ཀྱི་ལོ་རྒྱུས་བརྩད་གཅོད་གསལ་ཁ་མ་ཐོན་པས་རེ་ཞིག་མི་བསྐྱུར་ཐབས་མ་མཆིས་པའང་དགོངས་འགལ་མེད་པར་ཞུས།
དྲུག བདེ་ཁོ་ནི་སྐྱེར་བ་ཁ་སོའི་ཕ་བཀྲ་ཚེའི་བུ་མོ་གཉིས་པ་ཡིན། མོ་རང1842ལོར་སྐྱེས། མོ་བིས་མདོ་ཤ་བོ་སྐྱབས་ཀྱི་ཆུང་མ་བྱས་ནས་ཁོ་གཉིས་ལ་བུ་གཅིག་ཡོད་པ་ནི། གཡས་འཁྱིལ་ནས་བཞུགས་པའི་ཡར་ཁུ་ཨ་མྱེས་ཟེར་བ་དེ་ཡིན། ཁོའི་མིང་ལ་གཡུང་དྲུང་ཐར་ཟེར། ཁོ1889ལོར་སྐྱེས། ཁོའི་ཆུང་མ་སངས་རྒྱས་མཚོ་བླངས་ནས་བུ་མོ་གསུམ་ཡོད་པ་ནི། བུ་མོ་གཟུངས་མོ་དང་ཀར་དྲིས་མ། ཆུ་ལེན་ཨ་ནེ་གསུམ་ཡིན། གཡུང་དྲུང་ཐར་གྱི་བུ་མོ་ཆེ་བ་གཟུངས་མོ1907ལོར་སྐྱེས། མོའི་བུ་རྒྱུད་དག་ད་ལྟའི་མདོ་ལ་རྫོང་ན་ཡོད། མོས་བ་ཡན་གྱི་སྐྱེས་པ་ཞིག་མག་པར་བཞག་ནས། ཁོ་གཉིས་ལ་བུ་བཞི་ཡོད་པ་ནི། ཟླ་བ་དང་ཚེ་ཕྱུག །དཔའ་ཕྱུག །ཤ་བོ་ཚེ་རིང་བཅས་ཡིན། ཁོ་མོའི་བུ་བཞིའི་བུ་རབས་ཚ་རྒྱུད་མང་པོ་ཡོད་ཅིང་སྤྱི་ཚོགས་ལ་ལག་རྗེས་ཆེ་ཆུང་མང་པོ་བསྐྲུན་འདུག་པའང་གདོན་མི་ཟའོ། །
བདུན་པ། ཕ་ཡུལ་བསྐྱུར་ནས་གཞན་དུ་འགྲོ་དོན་ཅི།
རང་ཡུལ་དྲོན་མོ་བློས་བཏང་ནས་ཕ་མ་བུ་ཕྲུག་དང་ཁ་གྱེས་ཏེ་གནས་ཡུལ་རྒྱུས་མེད་སོགས་ལ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་གང་ཡིན་ཞེ་ན།གཅིག དུས་རབས་བཅོ་བརྒྱད་དང་བཅུ་དགུའི་དུས་སྐབས་དེར་མཚོ་སྔོན་དཔའ་ལུང་ཡུལ་ཕྱོགས་སུ་ཁ་ཆེ་མཱ་པུ་ཧྥུང་གིས་དབང་བསྒྱུར་དྲག་པོའི་སྐབས་ཡིན་ན་བོད་པའི་ཁྱིམ་མི་བྱིངས་ལ་སྐྱིད་པོའི་འཚོ་བ་ཞིག་རོལ་བའི་བསྐལ་བ་མ་བྱུང་བའི་དབང་གིས་ཕྱི་རུ་མ་མཁྱམས་མི་ཆོག་པའི་གནས་སུ་ལྷུང་།
གཉིས། ཚོ་བ་ཆུང་ཆུང་ཞིག་གིས་ཕྱིའི་དགྲ་འགོག་པའི་སྟོབས་ཞན་པ་མ་ཟད་ནང་ཁུལ་གཉེན་ཉེ་བར་ལའང་མི་མཐུན་པའི་དོན་རྐྱེན་རབ་དང་རིམ་པ་བྱུང་བས་སོ་སོར་ཁ་གྱེས་ནས་མི་འགྲོ་ཐབས་མ་མཆིས།
གསུམ། རྒྱུ་དང་འབྱོར་བའི་ཆ་རྐྱེན་ཤིན་ཏུ་གཉོམ་བའི་དུས་སྐབས་དེ་འདྲ་ཞིག་ལ་ཁྱིམ་མི་ཆེན་པོ་ཕ་མ་བུ་ཕྲུག་བཅུ་གཅིག་ཅན་གྱི་འཚོ་བ་རོལ་བའི་ཆ་རྐྱེན་དེ་ལས་ཁག་པོ་ཡིན་པ་བཤད་མ་དགོས་ན་བུ་ཕྲུག་རྒོད་པོ་ཚོས་སྙིང་སྟོབས་བསྐྱེད་ནས་ཕྱི་རུ་གནས་འཛོམས་པོ་འབྱོར་ཕྱུག་ལྡན་པ་འཚོལ་དུ་ཆས་པའང་ཤུགས་སུ་རྟོགས་ཐུབ་བོ། །
བཞི། དུས་སྐབས་ཤིག་ལ་དཔའ་ལུང་རུ་མང་ཚོ་བར་རིམས་ནད་ཚད་ཆེན་བྱུང་བར་བརྟེན། སྨན་གསོ་མ་ནུས་པར་མི་མང་པོ་ཚེ་ལས་འདས་ཤིང་བཟོད་ཐབས་བྲལ་བས་ཁྱིམ་མི་འཁྲིད་ནས་རང་ཡུལ་བསྐྱུར་ནས་རྒྱང་རིང་རྒྱུས་མེད་ཡུལ་དུ་ཆས་པའང་ཡོད་དོ། །
མཇུག་བསྡུ་བའི་གཏམ།
གོང་ཞུའི་དཔའ་ལུང་རུ་མང་སྐྱེར་བ་ཁ་སོའི་རུས་རྒྱུད་ལས་མཆེད་པའི་བུ་རབས་ཚ་རྒྱུད་ཀྱི་ལོ་རྒྱུས་རགས་ཙམ་བརྗོད་པ་འདི་རང་གི་ནུས་པ་ཡོད་ཚད་ཀྱིས་ཡི་གེར་བཀོད་ཀྱང་ཤིན་ཏུ་ཁ་ཚང་དང་ཚད་ལྡན་ཞིག་ཡིན་པའི་ངེས་བ་མེད། རྒྱུ་མཚན་ཡང་རྒྱ་བོད་ཡིག་གི་ཡིག་ཚང་མང་པོ་མཐོང་དཀོན་ལ་གནའ་བོའི་ལོ་རྒྱུས་ཤེས་པའི་རྒན་རྒོན་ཡང་འཚོལ་དཀའ་བ་བཅས་ཀྱི་དབང་གིས་གྲོང་སྡེ་དང་མི་རྒྱུད་ཀྱི་ལོ་རྒྱུས་སོགས་ཁ་གསལ་ཁུངས་དག་ཅིག་རྙེད་ཐབས་མེད་པས་མི་ལ་ལའི་སྐྱེས་ལོ་དང་འདས་ལོ། ཐ་ན་མིང་ཡང་མི་ཤེས་པ་ཡོད་པས་རེ་ཞིག་སྟོང་ཆ་མི་འཇོག་ཐབས་མེད་མཆིས། ཡིན་ནའང་མེད་པ་ལས་ཡོད་པ་ལེགས་པས་ན་ཕྱིས་སུ་གཞོན་སྐྱེས་ཡོན་ཏན་པ་ཚོས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་མེད་པ་ཁ་སྐོང་དང་ཁ་སྣོན་བགྱིས་ཏེ་ཇེ་རྒྱས་ཇེ་ལེགས་སུ་བཏང་ན་ཆ་རྐྱེན་ལེགས་པོ་ཞིག་བཏང་འདུག་པའང་བཤད་མ་དགོས་སོ། །སྤྱིར་རུ་མང་སྐྱེར་བ་ཁ་སོ་ཚང་གི་བུ་རབས་ཚ་རྒྱུད་འཚོ་བཞེས་ཀྱི་གནས་ཆབ་འགག་ཡུལ་དང་པཎ་ཆེན་ཞིང་སྡེ། བྲག་དཀར་བྱ་ཐང་དང་དཀར་མོ་གཡས་འཁྱིལ། དཔའ་ལུང་སོགས་ཀྱི་མི་སྣ་རྩ་འཛུགས་བྱས་ཏེ་ཕན་ཚུན་ལ་འགྲོ་འོང་རྒྱུས་ལོན་དང་ལོ་རྒྱུས་ཉམས་ཞིབ་བགྱིས་པའི་རྨང་གཞིའི་སྟེང་ནས་རུ་མང་སྐྱེར་བ་ཁ་སོ་ཚང་གི་ལོ་རྒྱུས་འབྲི་རྒྱུ་ཐག་གཅོད་བྱས་ཏེ་འབྲེལ་ཡོད་མི་སྣ་ཐེངས་གཉིས་འདྲར་བསྡུས་ནས་འདས་པའི་ལོ་རྒྱུས་ཐོ་གཏུགས་ཤིང་ད་དུང་ས་ཁུལ་སོ་སོར་ལོ་རྒྱུས་འབྲི་བའི་མི་སྣ་འཇོན་ཐང་ཅན་བཀོད་སྒྲིག་བྱས་ཏེ། ས་གནས་རང་རང་ནས་ཡིག་ཆ་འཚོལ་བསྡུ་དང་ལོ་རྒྱུས་བརྩད་གཅོད་རིག་འདེད་བཅས་ཀྱི་ལས་འགོ་བརྩམས། ཁོང་རྣམ་པས་དཀའ་ཚེགས་འོ་བརྒྱལ་ལ་མ་འཛེམ་པར་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་བྱུང་།དེ་ཡང་ས་སྐྱ་ལེགས་བཤད་ལས། མང་བོ་གཅིག་ཏུ་བློ་མཐུན་ན། །ཉམ་ཆུག་གིས་ཀྱང་དོན་ཆེན་འགྲུབ། །ཟེར་བ་ལྟར། རྒན་དར་གཞོན་གསུམ་གྱི་ཡོན་ཏན་པ་ཚོས་བློ་བསམ་རྩེ་གཅིག་གིས་རང་རང་གི་ལས་བགོས་འགན་ཁུར་ལེགས་འགྲུབ་བྱུང་ཡོད་པ་འདིར་ཡང་ངོ་སོ་བསྟོད་འོས་སོ། །དཔྱད་ཡིག
[1] ཚེ་བརྟན་ཞབས་དྲུང་། «བྱ་ཁྱུང་གདན་རབས»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས11ལས་གསལ།
[2] དགེ་འདུན་ཆོས་འཕེལ།«དེབ་ཐར་དཀར་པོ»མི་རིགས་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས29ལས་གསལ།
[3] རྗེ་དམུ་དགེ་བསམ་གཏན། «བོད་མདོ་སྨད་ཀྱི་ལོ་རྒྱུས་ལས་ཙོང་ཁའི་རྒྱལ་བོའི་སྐོར»ཡོངས་འཛིན་དྲ་ཚིགས་ལས་གསལ།
[4] དུང་དཀར་བློ་བཟང་འཕྲིན་ལས། «དུང་དཀར་ཚིག་མཛོད་ཆེན་མོ»ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས178ལས་གསལ།
[5] རྗེ་དམུ་དགེ་བསམ་གཏན། «བོད་མདོ་སྨད་ཀྱི་ལོ་རྒྱུས་ལས་ཙོང་ཁའི་རྒྱལ་བོའི་སྐོར»ཡོངས་འཛིན་དྲ་ཚིགས་ལས་གསལ།
[6] དགེ་འདུན་ཆོས་འཕེལ། «དེབ་ཐར་དཀར་པོ» མི་རིགས་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས21ལས་གསལ།
[7] དུང་དཀར་བློ་བཟང་འཕྲིན་ལས། «དུང་དཀར་ཚིག་མཛོད་ཆེན་མོ» ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས1918ལས་གསལ།
རྩོམ་པ་པོ་ངོ་སྤྲོད།
གཅོད་པ་དོན་གྲུབ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆབ་འགག་རྒྱལ་ར་སྡེ་ཆེན་དུ་སྐྱེས། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་འཛིན་པ་གཞོན་པ་དང་གཟིགས་ཞིབ་པ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་འཛིན་པའི་འགན་བླངས་མྱོང་ཞིང་། ཀྲུང་གོའི༼གེ་སར་སྒྲུང༽སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན༼གེ་སར་སྒྲུང༽སློབ་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་སློབ་གླིང་གི༼གེ་སར་སྒྲུང༽ཞིབ་འཇུག་སློབ་མའི་སློབ་དཔོན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་རིག་གནས་ལོ་རྒྱུས་ཁང་གི་ཁོངས་མི་བཅས་ཀྱི་འགན་ཁུར་ཡོད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་པའི་ཆེད་ལས་མཁས་པ་དང་ཞིབ་འཇུག་པ་ཆེན་མོའི་ཐོབ་ཐང་ཡང་གནང་ཡོད། །གསར་རྩོམ་གྱི་གླེགས་བམ་ཉེར་བཞི་དང་སྒྲིག་རྩོམ་གྱི་གླེགས་བམ་བཅུ། དག་སྒྲིག་གི་གླེགས་བམ་བཅུ་གཉིས། གཙོ་སྒྲིག་གི་དཔེ་ཚོགས་དགུ་བཅས་སོ། །
གཞན་ཡང་ཞིབ་འཇུག་དཔྱད་རྩོམ་ལ་དྲུག་ཅུ་ལྷག་བྲིས་ནས«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག»བཅས་རྒྱལ་ཁབ་རིམ་པ་དང་ཞིང་ལྗོངས་རིམ་པའི་དུས་དེབ་སྟེང་དུ་བཀོད་ཡོད། སྤྱི་ལོ༡༩༩༥ལོ་ནས༢༠༡༠བར་དུ་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་གྱིས་གདན་འདྲེན་ཞུས་པ་ལྟར། སྔ་ཕྱིར་ཨོ་སི་ཁྲི་རུ་ཡ་དང་། ཨ་མེ་རི་ཀ །ཧི་ལན། འཇར་མན། ཧྥ་རན་སི། འཇར་པན། ཁ་ན་ཏ། ཕྱི་སོག་བཅས་སུ་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་བཅས་ལ་ཞུགས་ཤིང་། སྤྱི་ལོ༡༩༩༧ལོར་རྒྱལ་ཁབ་རིག་གནས་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་གེ་སར་སྒྲུང་མྱུར་སྐྱོབ་དང་ཞིབ་འཇུག་བྱ་བ་ཁྲོད་བྱས་རྗེས་མངོན་གསལ་བླངས་པའི་ཕུལ་བྱུང་མི་སྣའི་མཚན་སྙན་གནང་། སྤྱི་ལོ༢༠༠༤ལོར་རྒྱལ་ཁབ་མི་དོན་པུའུ་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀུན་སྤྱོད་དང་ཤེས་རིག་གཉིས་ལྡན་གྱི་གཞོན་དར་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱི་མཚན་སྙན་གནང་། ༢༠༡༢ལོར་མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ཅན་གྱི་རྒན་རབས་པའི་རྩོམ་རིག་སྒྱུ་རྩལ་པའི་མཚན་སྙན་གནང་།
འབྲེལ་ཡོད་འོས་སྦྱོར།