གྱེ་རེ་ལྷ་ཁང་གི་སྐོར་གླེང་བ།
རྩོམ་པ་པོ།:ར་སེ་དཀོན་མཆོག་རྒྱ་མཚོ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2023-07-03
ཀློག་གྲངས།:
སྐྱི་སྨད་གྱེ་རེ་ལྷ་པ་དང་འབྲེལ་བའི་གྱེ་རེ་ལྷ་ཁང་གི་སྐོར་གླེང་བ།
ར་སེ་དཀོན་མཆོག་རྒྱ་མཚོ།
དེ་ཡང་ལྷ་ས་གྲོང་ཁྱེར་ཆུ་ཤུལ་རྫོང་འཚར་པ་སྣའི་སྡེ་ཤོག་ཁོངས་སུ་གྱེ་རེ་ཞེས་པའི་ལུང་པ་ཅིག་ཡོད་ལ། དབུས་འགྱུར་ལྷ་སའི་ཤར་ནུབ་ལ་གྱེ་རེ་ཞེས་པའི་ས་གནས་གཉིས་ཡོད་པ་ལས། འདི་ནི་ནུབ་ངོས་ཀྱི་གྱེ་རེ་ཞེས་པ་དེ་ཉིད་ཡིན་ནོ། །གྱེ་རེའི་ལུང་པའི་གཞུང་ལ་གནའ་བོའི་འཛུགས་སྐྲུན་གྱི་ཁྱད་ཆོས་ལམ་མེར་མངོན་པའི་དགོན་ཤུལ་ཅིག་གནས་ཡོད། དེ་ལ་ཡུལ་མིའི་ངག་སྒྲོས་ལ་ལྷ་མོའི་འཁྲབ་གཞུང་གི་ནང་ཚན་དུ་གྱུར་པའི་ཆོས་རྒྱལ་ནོར་བཟང་གི་ཕོ་བྲང་ཡིན་པའི་ཤོད་སྲོལ་དར་ཡོད་ཅིང་། དེ་བཞིན་ཡིན་པའི་འདུ་ཤེས་ཀྱང་བཅངས་ཡོད། ཆོས་རྒྱལ་ནོར་བཟང་ཕོ་བྲང་ཟེར་བ་དེའི་ཆགས་སའི་ཡུལ་དངོས་སུ་ལ་གཟིགས་ན། མི་ལོ་བརྒྱ་ཕྲག་སོང་བའི་སྦྱར་སྡོང་དང་སེ་བ། སྒྲོ་དཀར་སོགས་སྣེ་མང་ལྗོན་ཤིང་གིས་མཐའ་ནས་ཡོངས་སུ་བསྐོར་བའི་རྡོ་རྩིག་གི་ཐོག་ཁང་ཞིག་རོ་ཞིག་མིག་ལམ་དུ་མངོན་འོང་། དེ་ན་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྩ་ཆེའི་སྐྱེ་དངོས་མེ་ཏོག་པདྨ་སེར་པོས་ཕོ་བྲང་དེའི་ལྕང་གླིང་ནང་དུ་རྩ་བ་འཕེལ་ཞིང་། མེ་ཏོག་ཀྱང་རིམ་བཞིན་བཞད་ཁ་ཕྱེ་འོང་། སྔོན་ཆད་ཆུ་ཤུར་རྫོང་གིས་དམངས་ཁྲོད་ཀྱི་ངག་རྒྱུན་བཞིན་རྫོང་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ནོར་བཟང་ཕོ་བྲང་གི་གནའ་ཤུལ་གྱི་བྱང་བུ་བཀལ་མྱོང་ཡོད་པ་མ་ཟད། ད་ཆ་ཆེས་མངོན་གསལ་དོད་པ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན། སེ་ར་བླ་སྐྱིད་གཞིས་ཀའི་གནའ་ཤུལ་ཞེས་པའི་རྡོ་བརྐོས་བྱང་བུ་བཙུགས་ཡོད་པ་རེད།
དོན་དམ་པའི་ལོ་རྒྱུས་དངོས་གཙོ་སྨྲ་བའི་དབང་དུ་བྱས་ཏེ་བཤད་ན། གནའ་ཤུལ་ཉམས་དགའ་བ་འདི་ནི་བོད་ཀྱི་ལོ་རྒྱུས་ན་སྙན་གྲགས་ལྡན་པའི་གྱེ་རེ་གཙུག་ལག་ཁང་ངམ། གྱེ་རེ་ལྷ་ཁང་ཞེས་པ་དེ་ཉིད་ཡིན་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་ཡུལ་ལ་བྱོན་དུས་འདིར་བྱོན་པ་དང་། ང་ལ་ཉེ་གནས་ཡག་པོ་ཅིག་ཡོད་ན་ལྷ་ཁང་འདི་འདྲ་ཅིག་བཞེངས་འོང་ཞེས་གསུངས་པ་ལ། དཔོན་ཆེན་གྱིས་གོ་བ་བླངས་ཏེ་བཀའ་བཞིན་གྱེ་རེ་ལྷ་ཁང་ལ་དཔེ་བྱས་ཏེ་ས་སྐྱའི་ལྷ་ཁང་ཆེན་མོ་བཞེངས་པའི་ལོ་རྒྱུས་མཇལ་རྒྱུ་ཡོད་ལ། བོད་ཀྱི་བླ་ཁག་གི་རྣམ་ཐར་དང་ཇོ་ནང་ཏཱ་ར་ན་ཐ་དང་ལྔ་པ་ཆེན་མོའི་རང་རྣམ་ལ་གཟིགས་ན། གྱེ་རེ་ལྷ་པ་ཞེས་ཡང་ཡང་ཐོན་པ་མཇལ་རྒྱུ་ཡོད་དོ། །
འདི་ནི་ཁ་རག་གཉོས་ཀྱི་རིགས་ལས་ལྷ་སའི་བདག་པོར་གྱུར་ཅིང་། འབྲི་གུང་བཀའ་བརྒྱུད་པའི་སྲོལ་འབྱེད་དུ་གྱུར་པའི་སྐྱོབ་པ་འཇིག་རྟེན་མགོན་པོའི་སློབ་མའི་གཙོ་བོ་གཉོས་རྒྱལ་བ་ལྷ་ནང་པ་དང་འབྲེལ་བ་ཟབ་མོ་ལྡན་ཡོད། ཁོང་གིས་བྱང་གི་གཉན་ཆེན་ཐང་ལྷའི་ལྷ་ནང་ཞེས་པའི་མདོར་ལྷ་ཐེལ་རིན་ཆེན་གླིང་གི་དགོན་པ་བཏབ་ནས་བཞུགས་པས། མཚན་ལ་ལྷ་ནང་པར་ཐོགས་པ་མ་ཟད། སློབ་མ་མང་དུ་འདུས་པ་ལ་ལྷ་པ་ཉིས་སྟོང་བརྒྱད་བརྒྱ་ཞེས་གྲགས་པ་བྱུང་བས། ལྷ་པ་ཞེས་པ་དེ་ནས་བྱུང་བ་ཡིན་ལ། སྐྱི་སྨད་དུ་འབྲེལ་བ་ནི་གཉོས་རྒྱལ་བ་ལྷ་ནང་པའི་དབོན་པོ་ལྷ་རིན་ཆེན་རྒྱལ་པོས་གྱེ་རེ་དགོན་པ་དང་གྱེ་རེ་ལྷ་ཁང་ཕྱག་བཏབ་པ་ལས་བྱུང་བ་ཅིག་ཡིན་པར་ཤེས་དགོས་སོ། །
དེའི་ཚུལ་ནི་ཚལ་པའི་དེབ་ཐེར་དམར་པོ་མི་རིགས་དཔེ་སྐྲུན་ཁང་གི་དཔར་མའི་དེབ་ངོས༡༢༥ལས། བྱང་དུ་ལྷ་ནང་བཏབ་པས། ལྷ་པ་ཉིས་སྟོང་བརྒྱད་བརྒྱར་གྲགས་པ་དེ་དུས་བྱུང་། དེ་ཉིད་ལ་སྐལ་ལྡན་གྱི་སློབ་མ་བཅུ་དྲུག་དང་། བཀའ་བབས་བརྒྱད་དུ་གྲགས་པ་བྱུང་། ཁོང་གི་དབོན་པོ་ལྷ་རིན་ཆེན་རྒྱལ་པོ་དེ་ཉིད་ཁུ་བོའི་གདན་ས་ལྷ་ནང་དུ་བཞུགས་པས། སྐྱི་སྨད་ཀྱི་ས་ཆར་བྱོན་ནས་རབ་གྲོང་བརྩིགས། གདམ་པ་རི་པས་ཉེ་གནས་མཛད་ནས་གྱེ་རེ་དགོན་པ་བཏབ་ཅིང་། གྱེ་རེ་ལྷ་ཁང་གི་གཙུག་ལག་ཁང་བཞེངས། དེའི་དབོན་པོའི་བརྒྱུད་པ་ནི། བླ་མ་དར་མ་རྒྱལ་པོ་དང་། དེའི་སློབ་མ་དབོན་པོ་གཟི་བརྗིད་རྒྱལ་པོ། ཞེས་སོགས་བྱུང་ཚུལ་ཁ་གསལ་བཀོད་ཡོད་ལ། དེ་བཞིན་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ནའང་གྱེ་རེ་ལྷ་པའི་སྐོར་འདི་བཞིན་བཀོད་ཡོད།
གཉོས་རྒྱལ་བ་ལྷ་ནང་པ་ལས་འབྲི་གུང་བཀའ་བརྒྱུད་པའི་ནང་ཚན་དུ་ལྷ་པ་བཀའ་བརྒྱུད་ཅེས་པ་ཅིག་འདམ་གཞུང་ལྷ་ནང་དང་སྐྱིད་སྨད་གྱེ་རེ་དང་། མོན་ཡུལ་ཅལ་ཀ་སྟེ་འབྲུག་ཡུལ་དུ་ཡུན་རིང་དར་འཕེལ་བྱུང་ཡོད་ལ། གྱེ་རེ་ལྷ་པ་ནི་སྒེར་པ་གྲགས་ཅན་ཡིན་པས་ས་སྐྱ་དང་། ཕག་གྲུ། གཙང་པ། དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་སྒེར་པའི་བདག་ཐོབ་ཀྱི་ཁེ་དབང་ཡུན་རིང་པོར་གནས་ཡོད་པ་དང་། གཉོས་ཀྱི་ནང་ཚན་ལྷ་པ་ཡིན་པས་གྱེ་རེ་ལྷ་པའི་གདུང་རབས་རིམ་པའི་མཚན་ལ་ཡང་ལྷ་དབང་ཞེས་པ་སྦྱར་སྲོལ་ཡོད་པ་ཡིན་ལ། ད་ལྟའི་གདུང་བརྒྱུད་མ་ཆད་པར་བཞུགས་ཡོད། གཉོས་རབས་དང་འབྲེལ་བའི་སྒོ་ནས་ཞིབ་ཆ་གླེང་ན་བརྗོད་ཀྱིས་མི་ལང་བས་ལོགས་སུ་བཤད་པར་བྱ་བ་ཁོ་ན་ཡིན་གཤིས། འདིར་རང་རེའི་ས་མིང་དང་གནའ་ཤུལ་གྱི་མིང་གི་བྱུང་བ་ཇི་བཞིན་མ་ནོར་བར་མི་རབས་རྗེས་མར་བརྒྱུད་སྤྲོད་ཡང་དག་པ་ཡོད་དགོས་པའི་གནད་ཀྱིས་ན། རིག་གནས་ལས་དོན་པ་ཀུན་གྱིས་དོ་སྣང་ཡོང་ཆེད་མཛུབ་མོས་རི་སྟོན་ཙམ་མམ། སྣ་ཐོག་མཛུབ་བཙུགས་ཀྱི་ཉུང་ངུ་ཅིག་གསལ་བཤད་དུ་སྤེལ་བ་ལགས་སོ། །
འབྲེལ་ཡོད་འོས་སྦྱོར།