༄༅། །གཙོས་ཞེས་པའི་ས་མིང་།
རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས།
ཡོང་ཁུངས།:སྔོ་རྡེའུ་ཚང་གི་འཕྲིན་སྟེགས།
དུས་ཚོད།:2024-02-26
ཀློག་གྲངས།:
གནའ་བོའི་ཁ་གྱ་ཚོ་དྲུག་ཏུ་གྲགས་པའི་ནང་ཚན་གཙོས་ཞེས་པའི་ས་མིང་དེ“གཙོ་བོ”ཞེས་པ་ཟུར་ཆག་པའི་ངག་རྒྱུན་མཆིས་ཤིང་། དཔེ་རྙིང་ཁ་ཤས་སུ“གཙོའི”ཞེས་བྲིས་འདུག་པའང་མཐོང་། གཙོས་དང་གཙོའི་གཉིས་ཀྱི་ཁྱད་པར“གཙོས”ཞེས་པའི་སྒྲ་དེར་རོང་འབྲོག་གི་ཀློག་སྟངས་མ་འདྲ་བས་ཡི་གེར་འགོད་སྟངས་མི་འདྲ་བ་གཉིས་བྱུང་བའི་བཟོ་འདུག་ཀྱང་། ཨམ་སྐད་དུ་རི་དྭགས་གཙོད་ལ་གཙོས་ཞེས་བརྗོད་པའི་རྐྱེན་གྱིས་ས་མིང་ལ་གཙོས་ཞེས་ཐོགས་པར་གྲགས་པའི་བཤད་སྒྲོས་ཀྱང་སྣང་། རྒྱ་ཡིག་ཏུ་སྔར“黑错”ཞེས་བྲིས་ཤིང་། ད་ལྟ“合作”ཞེས་འབྲི་བཞིན་པའང་གཙོས་ཞེས་པ་སྒྲ་སྒྱུར་བྱས་པ་སྟེ། དེང་སང་འགའ་ཞིག་གིས་གཙོས་ཞེས་པའི་ས་མིང་“གཙོད་”ཅེས་ཡིག་ཐོག་ཏུ་ཕབ་དང་འབེབ་མུས་སུ་ཡོད་པའང་མཐོང་མོད། རྒྱལ་ཁབ་ས་མིང་བདག་གཉེར་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་བོད་སྐད་ཀྱི་ཚད་ལྡན་ས་མིང“གཙོས”ཡིན་ནོ། །
མདོ་ཁམས་ཕྱོགས་སུ་དབྱངས་ཡིག་ཨོ་དང་རྗེས་འཇུག་ས(ཨོ+ས)ལྷན་དུ་སྦྱར་བའི“ཨོས”སྲོག་ཏུ་ཞུགས་པའི་ཡི་གེ་རྣམས་ཨེ་སྒྲ་ལྡན་པར་ཀློག་སྲོལ་ཡོད་པ་ལྟར། གཙོས་ཞེས་པ་ཨ་མདོའི་རོང་ཕྱོགས་སུ་གཙེའམ་རྩེ་ཞེས་ཀློག་པར་བྱེད་ལ། ཏུན་ཧོང་ཡིག་རྙིང་དུ་སྤུ་རྒྱལ་བཙན་པོའི་དུས་སུ་ལོ་མང་བོ་ཞིག་གི་མདོ་སྨད་ཀྱི་འདུན་མ་ཐེངས་དུ་མར“གཙེ་ནམ་ཡོར”རམ“གཙེ་ནཾ་ཡོར”དུ་བསྡུས་ཞེས་འཁོད་པའི་གནའ་བོའི“གཙེ”དང་དེང་དུས་ཀྱི“གཙོས”གཉིས་བརྡ་གསར་རྙིང་གི་ཁྱད་པར་མ་གཏོགས་དོན་གཅིག་ཅིང་། ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་བ་གཙོས་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་སུ་མཆིས་པའི་ས་མིང“གཙོས་ལམ་ལུང”ཟེར་བ་མིང་གཞི་ན་དང་ལ་གཉིས་སྒྲའི་སྐྱེ་གནས་མཚུངས་པས། རྒྱ་ཡིག་ཏུ“南木娄”ཞེས་བྲིས་འདུག་པ་དེ་གནའ་དཔེ་ཡིག་རྙིང་ཁྲོད་ཀྱི“གཙེ་ནམ་ཡོར”ཞེས་པའི་ས་མིང་དེ་ཀོ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་བརྒྱུད་རིམ་རིང་མོའི་ནང་དུ་དང་ཐོག“གཙེ་ནམ་ལུང”དང་། དེ་རྗེས“གཙོས་ལམ་ལུང”ཞེས་སྒྲ་འགྱུར་བའམ་ཟུར་ཆག་པ་སྟེ།“ནམ་”ཞེས་པ“ལམ”དང་། “ཡོར”ཞེས་པ“ལུང”དུ་སྒྲ་འགྱུར་བ་ཨེ་ཡིན་སྙམ་སྟེ་བརྟག་གོ །
ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཤོག་དྲིལ། P.T.1288
འབྲེལ་ཡོད་འོས་སྦྱོར།