logo

རག་ཏག་ཅེས་པའི་ས་གནས་ངོས་འཛིན་སྐོར་གླེང་བ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-06-19 ཀློག་གྲངས།:
ཏུན་ཧོང་ཡིག་ཚང་ལས་བྱུང་བའིརག་ཏགཅེས་པའི་ས་གནས་ངོས་འཛིན་སྐོར་གླེང་བ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།
 
 ནང་དོན་གནད་བསྡུས། ཏུན་ཧོང་ཡིག་རྙིང་ནང་དུ་ལོ་རྒྱུས་ས་མིང་བདུན་ཅུ་ལྷག་འཁོད་ཡོད་ཅིང་། དེ་དག་ནི་བཙན་པོ་ཕེབས་བཞུགས་གནང་ས་དང་ལོ་རེའི་འདུན་མ་བསྡུ་ས་སོགས་ཀྱིས་གྲུབ་ཡོད། དེ་དག་ལ་ཞིབ་འཇུག་གནང་སྟེ་དེང་གི་ཆར་ས་གནས་གང་ཞིག་ཏུ་ངོས་འཛིན་དགོས་མིན་བརྟག་རྒྱུ་ནི་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་བཤད་མི་དགོས། དེ་ཡང་ཏུན་ཧོང་ཡིག་ཚགས[P.T1288]ལས་རག་ཏག་ཅེས་པའི་ཐ་སྙད་ལན་གྲངས་བཞི་ཙམ་བྱུང་བར་མངོན་ལ། དེ་ཡང་རག་ཏག་ཅེས་པ་ནི་མདོ་སྨད་ཀྱི་ཡུལ་ཁམས་ཤིག་གི་མིང་ཡིན་པ་གསལ་བ་དང་། ཡུལ་ཁམས་དེའི་བྱེ་བྲག་ས་གནས་ལ་རྨ་རོང་དང་ཉག་པུར། ཀོག་སོགས་འབོད་པ་གསལ། ས་གནས་དེ་དག་ནི་བོད་ཀྱིས་སྐབས་དེར་ཡུལ་དབུས་ཀྱི་འདུན་མ་དང་མདོ་སྨད་ཀྱི་འདུན་མ་བཅས་ལོ་རེར་དབྱར་དགུན་གཉིས་ལ་འདུན་མ་གཉིས་རེ་སྡུད་སྲོལ་ཡོད་པ་ལས། མདོ་སྨད་ཕྱོགས་ཀྱི་དགུན་འདུན་བསྡུ་སའི་ས་གནས་ཤིག་ཡིན་པ་གསལ་ཡོད། ས་གནས་འདི་གང་དུ་ཡོད་མེད་ཐད་ནས་དེང་གི་ལོ་རྒྱུས་ཞིབ་འཇུག་པ་དག་ལ་བཞེད་སྟངས་མི་འདྲ་བ་ཡོད་དེ། ཁ་ཅིག་གིས་རག་ཏག་ནི་ཁྲི་ཀ་ནས་བ་ཡན་རྨ་ཆུའི་འབབ་རྒྱུད་ལ་ངོས་འཛིན་པ་དང་། ཡང་ཁ་ཅིག་ཀྱིས་ཙོང་ཁ་ཆེ་ཆུང་དང་འབྲེལ་བ་ཡོད་པ་དང་། དེང་གི་བིས་མདོ་སོགས་ལ་གོ་དགོས་པའི་སྐོར་བཤད་ཡོད། ཕྲན་གྱིས་སྡེ་དགེ་རྒྱལ་རབས་དང་བོན་གྱི་ལོ་རྒྱུས་སྨྲ་བ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ཤིང་བྱི(༡༣༨༤)ལོར་བརྩམས་པའི་ཁྱུང་རབས་ཡིག་ཆ«རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ»ཞེས་པ་སོགས་ལ་དཔྱད་ཞིབ་བྱས་པ་དང་། གཞན་ཡང་ཁམས་སྡེ་དགེ་ཕྱོགས་ཀྱི་བླ་མའི་རྣམ་ཐར་དང་འབྲེལ་ཡོད་ཡིག་ཆ། ས་གནས་དངོས་ཀྱི་གནས་ཚུལ་སོགས་ལ་བརྟགས་ནས་ཏུན་ཧོང་ཡིག་རྙིང[P.T1288]ལས་བྱུང་བའི“རག་ཏག”ཅེས་པའི་ས་གནས་དེ། མདོ་སྨད་འབྲི་ཆུ་རྒྱུད་དེང་གི་ཁམས་སྡེ་དགེའི་ཁོངས་སུ་ཡོད་པའི་ལྟ་ཚུལ་བཏོན་ཡོད།
གནད་ཚིག རག་ཏག ཁྱུང་རབས། རྨ་རོང་། སྡེ་དགེ།

དང་པོ། མིང་དེ་རག་ཏགལསརག་ཏྀག་མ་ཡིན་པའི་སྐོར་གླེང་བ།
       ཐོག་མར་ང་ཚོས་རག་ཏག་དང་རག་ཏིག་གང་ཡིན་དཔྱད་དགོས་པར་མཐོང་སྟེ། བསྟན་བཅོས་ཁ་ཤས་སུ་རག་ཏིག་རྨ་རོང་ཞེས་དྲངས་ཡོད་ལ། དེ་ལས་འཕྲོས་ཏེ་དན་ཏིག་དང་ཡང་ཏིག་སོགས་ཙོང་ཁ་ཡུལ་གྱི་ས་མིང་འགའ་དང་འབྲེལ་ཏེ་དཔྱད་བརྗོད་བྱས་ཡོད། དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི«ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ»ཞེས་པར། མདོ་སྨད་གྱྀ་མདུན་མའ་རག་ཏགྀ་རྨ་རོང་དུ་འདུས་པར་ལོ་གཅྀག།[1]ཅེས་དང་། མདོ་སྨད་གྱྀ་འདུན་མ་རག་ཏགྀ་ཉམ་པུར་འདུས། འབངས་ལ་གསེར་ཁྲལ་མང་པོ་བསྡུས། ཞེས་དང་། དགུན་འདུན་ཞང་རྒྱལ་ཟིགས་གྱིས་རག་ཏགྀ་ཀོག་དུ་བསྡུསྟེ། ལང་འབལ་བཀྱོན་པབ་པེའི་ནོར་བརྩྀས་པར་ལོ་ཅིག། ཅེས་གསལ་ཞིང་། སྐབས་འདིར་རག་ཏགྀ་ལ་མཆན་ཆུང་ཞིག་བཏགས་ཡོད་པ་ནི་རག་ཏག་མདོ་སྨད་ཀྱི་ས་ཆ་ཞིག[2]ཅེས་བཀོད་ཡོད། གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་བསྒྲིགས་པའི«བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས»ལས། མདོ་སྨད་གྱྀ་མདུན་མའ་རག་ཏགྀ་རྨ་རོང་དུ་འདུས་པར་ལོ་གཅྀག། ཅེས་དང་། མདོ་སྨད་གྱྀ་འདུན་མ་རག་ཏགྀ་ཉམ་པུར་འདུས། འབངས་ལ་གསེར་ཁྲལ་མང་པོ་བསྡུས།  ཞེས་དང་། དགུན་འདུན་ཞང་རྒྱལ་ཟིགས་གྱིས་རག་ཏགྀ་ཀོག་དུ་བསྡུསྟེ། ལང་འབལ་འཀྱོན་ཕབ་པེའྀ་ནོར་བརྩྀས་པར་ལོ་ཅིག།[3]ཅེས་གསལ་ཡོད། ཡང་མགོན་པོ་སྐྱིད་ལགས་ཀྱིས་བརྩམས་པའི«མདོ་སྨད་ཅེས་པའི་མིང་གི་བྱུང་འགྱུར་ལ་དཔྱད་པ»ཞེས་པར། རག་ཏིག་རྨ་རོང་ཞེས[4]དྲངས་ཡོད། ང་ཚོས་ཞིབ་ཏུ་བལྟས་ན། གོང་དུ་དྲངས་པའི་ཡིག་ཆ་གཉིས་ལས“རག་ཏགྀ”ཅེས་རྗེས་འཇུག་གའི་ཐོག་ཏུ་གི་གུ་བཀོད་པ་ལས། མིང་གཞི་ཏའི་ཐོག་ཏུ་བཀོད་མེད། གུས་པས་ཏུན་ཧོང་ཡིག་རྙིང་གི་མ་ཡིག་ངོ་འདྲ་མར་ཞིབ་ཏུ་བལྟས་མོད། གོང་གསལ་ལྟར་རག་ཏགྀ་ཅེས་རྗེས་འཇུག་ག་ཡིག་ལ་གི་གུ་བཀོད་པ་ལས་མིང་གཞི་ཏ་ལ་གི་གུ་བཀོད་མི་འདུག འདི་གནད་འགག་ཅིག་རེད། སྤྱིར་ན། ཏུན་ཧོང་ཡིག་རྙིང་གི་མ་ཡིག་ངོ་འདྲ་མ་དང་བུ་ཡིག་ཕྱོགས་བསྒྲིགས་བྱས་པ་སྔ་ཕྱི་གང་ལ་བལྟས་རུང་། དབྱངས་ཡིག་ནི་མིང་གཞི་རང་གི་ཐོག་ཏུ་ཡོང་བ་གསལ་པོ་རེད། ཕྱོགས་གཞན་ཞིག་ནས་བརྟགས་ན། ཏུན་ཧོང་ཡིག་རྙིང་ནང་དུ་མིང་གཞིའི་རྗེས་འཇུག་དང་འཕྲད་གཉིས་ཡི་གེ་གཅིག་གིས་གོ་ཆོད་པར་བྱས་བཞག་པ་ཧ་ཅང་མང་། དཔེར་ན། ལུགྀ་ལོ། འབྲུགྀ་ལོ། ཕགི་ལོ། སྟགྀ་ལོ། བྱ་གགྀ་ལོ་ལ་བབསྟེ། ལྟ་བུ། ཡང་ན། ཡར་འབྲོགྀ་ཡྀ་དྡ་ན་བཞུགས། ལྟ་བུ་ཤིན་ཏུ་མང་ཞིང་། ལྷག་ཏུ་རྟ་ཡི་ལོ་ལ། བཙན་པོ་མལ་ཏྲོ་བརྗེན་ཏང་ན་བཞུགས་ཤྀང་། བློན་མང་ཉེན་བཞྀ་བརྩན་གྱིས་འདུན་མ་ཟུ་སྤུགྀ་ཞོན་བར་བསྡུས་ཤྀང་། མགར་སྟ་གུ་སོག་དགྀས་བཟུང་། དགུན་བཙན་པོ་རེའུ་ཙལ་ན་བཞུགས་ཤྀང་། ཏོན་ཡ་བགོ་ཁ་གྣ་ཕྱག་འཙལད། འདུན་མ་གླགྀ་ཕུ་ཆུང་དུ་འབོན་ད་རྒྱལ་དྡ། མང་ཉེན་བཞྀ་རྩན་གྱྀས་བསྡུསྟེ། ད་རྒྱལ་གུཾ་བར་ལོ་ཆིག།[5]ཅེས་འདུན་མ་བསྡུ་སའི་ཡུལ་སྤྱི་དང་བྱེ་བྲག་གི་མིང་བར་དུ་འབྲེལ་སྒྲ་བཀོལ་བ་ལྟ་བུ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། དེ་བས་གོང་དུ་ཏུན་ཧོང་ཡིག་རྙིང་ལས། རག་ཏགྀ་རྨ་རོང་ཞེས་པ་དང་རག་ཏགྀ་ཉམ་པུར་ཞེས་པ། རག་ཏགྀ་ཀོག་ཅེས་པ་ནི་རག་ཏག་གི་རྨ་རོང་ཞེས་སོགས་ཡུལ་སྤྱི་རག་ཏག་དང་དེའི་ནང་གསེས་ཀྱི་ས་ཆ་རྨ་རོང་དང་ཉམ་པུར། ཀོག་བཅས་ཡུལ་སྤྱི་དང་བྱེ་བྲག་བར་གྱི་འབྲེལ་སྒྲ་ཞིག་བསྡུས་ཏེ་མིང་གཞི་སྔ་མའི་རྗེས་འཇུག་ལ་སྦྱར་བ་ཧ་ཅང་གསལ་པོར་ཤེས་ཐུབ། དེས་ན། དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་མཆན་ཡིག་ཏུ་རག་ཏག་ཅེས་བཀོད་པ་ནི་དོན་ལ་གནས་པ་ཞིག་ཡིན་པ་དང་། ཕྱིས་སུ་མཁས་པ་ཁ་ཤས་ཀྱིས་རག་ཏིག་ཅེས་རྗེས་མཇུག་ག་ཡིག་ཐོག་གི་གི་གུ་དེ་ཐད་ཀར་མིང་གཞི་ཏ་ལ་སྦྱར་ཏེ་འགྲེལ་བཤད་སྣ་ཚོགས་བྱས་པ་ནི་མ་ཡིག་ལ་ཞིབ་གཟིགས་མ་བྱས་པའམ། ཡང་ན་རང་གི་རྩོམ་ཡིག་གི་བརྗོད་དོན་ཐད་ཀྱི་དགོས་དབང་གིས་གང་འདོད་དུ་བཅོས་པ་ཞིག་ལས་མ་འདས་སོ།། དེས་ན་ཐོག་མར་ང་ཚོས་རག་ཏག་གི་རྨ་རོང་སོགས་བྲིས་ན་འོས་པ་ལས་རག་ཏིག་རྨ་རོང་ཞེས་འབྲི་བ་ནི་ནོར་འཁྲུལ་ཡིན་པ་ཤེས་དགོས་པ་ཡིན་ནོ། །
གཉིས་པ། ཏུན་ཧོང་ཡིག་རྙིང་ནང་དུ་རག་ཏག་དང་འབྲེལ་བའི་གནས་ཚུལ་གང་འདྲ་འཁོད་ཡོད་པ།
       ཏུན་ཧོང་ཡིག་རྙིང[P.T1288]ལས་རག་ཏག་ཅེས་པའི་ཐ་སྙད་ལན་གྲངས་བཞི་ཙམ་བྱུང་བར་མངོན་ལ། དེ་ཡང་རག་ཏག་ཅེས་པ་ནི་མདོ་སྨད་ཀྱི་ཡུལ་ཁམས་ཤིག་གི་མིང་ཡིན་པ་གསལ་བ་དང་། ཡུལ་ཁམས་དེའི་བྱེ་བྲག་ས་གནས་ལ་རྨ་རོང་དང་ཉག་པུར། ཀོག་སོགས་འབོད་པ་གསལ་བོར་ཡོད། ས་གནས་དེ་དག་ནི་བོད་ཀྱིས་སྐབས་དེར་ཡུལ་དབུས་ཀྱི་འདུན་མ་དང་མདོ་སྨད་ཀྱི་འདུན་མ་བཅས་ལོ་རེར་དབྱར་དགུན་གཉིས་ལ་འདུན་མ་གཉིས་རེ་སྡུད་སྲོལ་ཡོད་པ་ལས། མདོ་སྨད་ཕྱོགས་ཀྱི་དགུན་འདུན་བསྡུ་སའི་ས་གནས་ཤིག་ཡིན་པ་གསལ། བཙན་པོ་ཁྲི་ལྡེ་གཙུག་བརྟན(༧༠༤-༧༥༤)གྱིས་ཆབ་སྲིད་བཞེས་པའི་སྐབས་ཏེ་སྤྱི་ལོ༧༠༧ལོར། དགུན་བཙན་པོ་བྲག་མར་ན་བཞུགས། དགུན་འདུན་འོན་ཅང་དོར་བློན་ཆེན་ཕོ་ཁྲྀ་གཟིགས་གྱྀས་བསྡུས་སྟེ། ལྔ་བརྒྱ་སྟོང་བུ་རྗེར་བཅོས། མདོ་སྨད་གྱྀ་མདུན་མའ་རག་ཏགྀ་རྨ་རོང་དུ་འདུས་པར་ལོ་གཅྀག།[6]ཅེས་ཡུལ་དབུས་ཀྱི་དགུན་འདུན་དེ་བློན་ཁྲྀ་གཟིགས་ཀྱིས་འོན་ཅང་དོར་བསྡུས་པ་དང་། མདོ་སྨད་ཀྱི་དགུན་འདུན་དེ་རག་ཏག་གི་རྨ་རོང་དུ་བསྡུས་པ་ཙམ་ལས་བློན་པོ་སུ་ཞིག་གིས་བསྡུས་པ་གསལ་པོ་མེད། འགའ་ཞིག་གིས་བློན་ཆེན་པོ་ཁྲི་གཟིགས[7]ཀྱིས་བསྡུས་པ་མིན་ནམ་སྙམ་སྲིད་མོད། འདི་དག་སྐོར་ནས་ཞིབ་ཏུ་དཔྱད་ན། བཙན་པོ་འདི་པའི་སྐབས་སུ་ཡུལ་དབུས་ཀྱི་འདུན་མ་དེ་སྐབས་དེའི་བློན་ཆེན་པོའི་གོ་གནས་ཡོད་མཁན་དེས་བསྡུས་པ་དང་། མདོ་སྨད་ཀྱི་འདུན་མ་དེ་དེ་ལས་གོ་གནས་དམའ་བའི་བློན་པོ་ཞིག་གིས་བསྡུས་པ་གསལ། སྤྱི་ལོ༧༠༨ལོར་དགུན་བཙན་པོ་ཕོ་བྲང་བྲག་མར་ན་བཞུགས། པྱྀ་ལྷས་གང་ཙལ་ན་བཞུགས། འདུན་མ་འོན་ཆང་དོར། བློན་ཆེན་ཕོ་ཁྲྀ་གཟྀགས་གྱིས་བསྡུས། མདོ་སྨད་གྱྀ་འདུན་མ་རག་ཏགྀ་ཉམ་པུར་འདུས། འབངས་ལ་གསེར་ཁྲལ་མང་པོ་བསྡུས། དཔྱྀད་བཙན་མོ་ག་ཏུན་གྱྀ་མདད་བཏང་བར་ལོ་གཆིག།[8]ཅེས་མདོ་སྨད་ཀྱི་འདུན་མ་དེ་རག་ཏག་གི་ཉམ་པུར་བསྡུས་པ་ཙམ་ལས་སྡུད་མཁན་གསལ་པོ་མེད། བཙན་པོ་ཁྲི་སྲོང་ལྡེ་བཙན(༧༤༢-༧༩༧)གྱིས་ཆབ་སྲིད་བཞེས་པའི་སྐབས་ཏེ་སྤྱི་ལོ༧༥༥ལོར། མདོ་སྨད་ཀྱི་དབྱར་འདུན་དབུ་ལེ་ནག་ལམ་དུ། བློན་ཁྲི་སྒྲ་དྡ་མང་རྩན་འཔན་གང་དྡ། བློན་མདོ་བཞེར་ལས་སྩོགས་པས་བསྡུསྟེ། ཏེའུ་ཅུར་དྲ་མ་དྲངསྟེ། དགུན་འདུན་ཞང་རྒྱལ་ཟིགས་གྱིས་རག་ཏག་གི་ཀོག་དུ་བསྡུསྟེ། ལང་འབལ་བཀྱོན་ཕབ་པེའྀ་ནོར་བརྩྀས་པར་ལོ་ཅིག།[9]ཅེས་མདོ་སྨད་ཀྱི་དགུན་འདུན་དེ་རག་ཏག་གི་ཀོག་ཏུ་བློན་ཞང་རྒྱལ་གཟིགས[10]ཀྱིས་བསྡུས་པ་གསལ་པོར་ཡོད། ཡང་སྤྱི་ལོ༧༥༩ལོར་དགུན་བཙན་པོ་ཕོ་བྲང་ཉེན་ཀར་ན་བཞུགས་དགུན་འདུན་བློན་སྐྱེས་བཟང་སྟག་སྣང་གྱྀས་སློར་བསྡུས་མདོ་སྨད་གྱི་དགུན་འདུན་རག་ཏགྀ་རྨ་རོང་དུ་བློན་ཁྲྀ་སྒྲས་བསྡུསྟེ་བློན་ཁྲྀ་བཟང་དང་ཞང་སྟོང་རྩན་དང་ཞང་བཙན་བ་གསུམ་གྱིས་ཙོང་ཀ་ཆུ་ངུ་ཕབ་པར་ལོ་ཅིག།[11]ཅེས་མདོ་སྨད་ཀྱི་དགུན་འདུན་དེ་རག་ཏག་གི་རྨ་རོང་དུ་བློན་ཁྲི་སྒྲ་སྟག་ཙབ[12]ཀྱིས་བསྡུས་པ་གསལ་པོར་འཁོད་ཡོད། འདི་ལྟར་བལྟས་ཏེ་ཡོང་ན། རག་ཏག་ནི་མདོ་སྨད་ཀྱི་དགུན་འདུན་བསྡུ་ས་དེ་ཡིན་པ་གསལ་བས། སྤྱིའི་ཆ་ནས་ས་བབ་དམའ་བ་སྟེ་དགུན་དུས་སུ་དམག་དཔུང་སྡོད་སའི་ཡུལ་ལམ། དམག་དཔུང་འགྲོ་འོང་དང་འདུས་སྡོད་བྱེད་བདེ་བའི་ཡུལ་ཞིག་ཡིན་པ་ཤེས་ཐུབ། ལྷག་ཏུ་རྨ་རོང་སོགས་ཀྱི་ཐ་སྙད་བྱུང་བར་བསམས་ན། རག་ཏག་ནི་མདོ་སྨད་ཀྱི་རོང་རྒྱུད་ཅིག་ཡིན་པ་ཤེས་ཐུབ་བོ། །
གསུམ་པ། ཁྱུང་རབས་ཡིག་ཚང[13]ནང་རག་ཏག་དང་འབྲེལ་བའི་གནས་ཚུལ་གང་འདྲ་འཁོད་ཡོད་པ།
       གཅིག ཁྱུང་རབས་ཡིག་ཆའི་ངོ་སྤྲོད་མདོར་བསྡུས།
       ཐོག་མར་ཕྲན་གྱིས་ཁྱུང་རབས་ཡིག་ཚང«རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ»ཞེས་པ་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་དགོས་པར་མཐོང་། སྤྱིར་ན། ཁྱུང་རབས་ཡིག་ཆ་སྣ་ཁ་མི་འདྲ་བ་བཅུ་གསུམ་ཙམ་བཞུགས་པ་ལས། ཡིག་ཆ་འདི་ནི་དེ་དག་ཐམས་ཅད་ལས་སྔ་ཤོས་དང་རྒྱས་ཤོས་རྙིང་ཤོས་དེ་ཆགས་ཡོད། ཁྱུང་རབས་ཞེས་པ་ནི་བོད་ཀྱི་རུས་རིགས་གྲགས་ཅན་ཁྱུང་པོའི་རུས་ཁུངས་དང་འཕོ་འགྱུར། རུས་རྒྱུད་དེ་ལས་ལུགས་གཉིས་དང་འབྲེལ་བའི་མི་སྣ་གང་ཞིག་འཁྲུངས་པ་སོགས་བཀོད་པའི་གདུང་རབས་ཡིག་ཚང་ཞིག་ཡིན། ལྷག་ཏུ་ཡིག་ཆ་འདིར་དུས་རབས་བཅུ་པ་ནས་བཟུང་དུས་རབས་བཅུ་བཞི་ཡན་གྱི་ཁམས་ཕྱོགས་ས་ཆ་གླིང་ཚང་དང་འདན་ཁོག ཏྲེ་ཤོད། གོ་འཇོ། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་རབ་སྒང་སོགས་མདོ་ཁམས་སྟོད་སྨད་ཀྱི་ཡུལ་སྡེ་ཁག་གི་ཆོས་ལུགས་དད་མོས་དང་འཚོ་བའི་གནས་བབ། གོམས་སྲོལ་ལམ་ལུགས། སོག་པོ་དང་ས་སྐྱ། འབྲི་གུང་སོགས་དང་འབྲེལ་བའི་ཆབ་སྲིད་གནས་བབ་དང་། གྲུབ་མཐའི་བར་གྱི་འགལ་བ་དང་ཡུལ་སྡེ་ཕན་ཚུན་གྱི་འཁྲུག་པ་སོགས་གསལ་བའི་མདོ་གམ་ཕྱོགས་ཀྱི་ལོ་རྒྱུས་དཔྱད་གཞི་རིན་ཐང་ཆེ་བ་ཞིག་ཡིན། འོན་ཀྱང་། ད་སྔོན་མ་དཔེ་བྲིས་མ་ཞིག་ལས་དེབ་གཟུགས་སུ་པར་སྐྲུན་གནང་ཐུབ་མེད་པར་མ་ཟད། བྲིས་མ་འདི་ཉིད་ཀྱི་མ་ཡིག་ངོ་འདྲ་མ་ཞིབ་འཇུག་པ་ཁ་ཤས་ཀྱི་ལག་ཏུ་སོན་པ་ཙམ་ལས་ཕལ་མོ་ཆེའི་མཐོང་ཡུལ་དུ་གྱུར་མེད། ཡིག་ཆ་འདིའི་ཚིག་འགྲོས་དང་བརྡ་སྤྲོད། ཐ་སྙད་སྦྱོར་སྟངས། ནང་དོན་སོགས་ཕྱོགས་གང་ནས་གཞིགས་ཀྱང་ཡིག་རྙིང་རིན་ཐང་ཅན་ཞིག་ཡིན་པ་རྟོགས་ཐུབ། ཁྱུང་རབས་འདིའི་རྩོམ་པ་པོ་ནི་བོན་གྱི་བླ་མ་དང་ལོ་རྒྱུས་སྨྲ་བ་གྲགས་ཅན་ཁྱུང་པོ་བློ་གྲོས་རྒྱལ་མཚན་ཡིན། ཁོང་དུས་རབས་གང་ཞིག་ཏུ་བྱོན་མིན་སྐོར་ནས་བཞེད་པ་མི་མཐུན་པ་ཁ་ཤས་ཡོད་མོད། འབྲེལ་ཡོད་ཡིག་ཆ་ཁག་ལ་དཔྱད་ཞིབ་བྱས་ན། དུས་རབས་བཅུ་བཞི་པའི་ནང་དུ་བྱོན་ཅིང་བོན་གྱི་ལོ་རྒྱུས་ཡིག་ཆ་གླེང་གཞི་བསྟན་པའི་བྱུང་ཁུངས་བརྩམས་པའི་ལོ་ནི་རབ་བྱུང་དྲུག་པའི་ས་ལུག(༡༣༧༩)ལོ་དང་ཁྱུང་རབས་དཀར་ཆག་ཆེན་མོ་བརྩམས་པའི་ལོ་ནི་རབ་བྱུང་དྲུག་པའི་ཤིང་བྱི(༡༣༨༤)ལོ་ཡིན་པ་ཤེས་ཐུབ། ཁོང་གི་གདན་ས་གཙོ་བོ་ནི་འབྲི་ཆུ་ཤར་རྒྱུད་དེང་གི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁམས་སྡེ་དགེ་རིན་སྤུངས་དགོན་ཞེས་པ་དེ་ཡིན། གཤམ་དུ་ཕྲན་གྱིས་ཁྱུང་རབས་ཡིག་ཆ་འདིའི་ནང་རག་ཏག་དང་འབྲེལ་བའི་གནས་ཚུལ་འཁོད་པ་དག་མཐར་ཆགས་སུ་དགོད་རྒྱུ་ཡིན།
       གཉིས། ཁྱུང་རབས་ནང་འཁོད་པའི་རག་ཏག་དང་འབྲེལ་བའི་གནས་ཚུལ་དངོས།
       «ཁྱུང་རབས»ནང་འཁོད་པ་ལྟར་ན། ཁྱུང་པོའི་རུས་རྒྱུད་མང་པོ་ཞིག་དུས་རབས་བཅུ་པའི་གཡས་གཡོན་ནང་མངའ་རིས་ཁྱུང་ལུང་དངུལ་མཁར་དུ་དགྲའི་འཇིགས་པས་སྡོད་མ་ཚུགས་པར་ཡུལ་གྱར་འགྲོ་དགོས་བྱུང་ཡོད། དེ་ནས་ཁོ་ཅག་མངའ་རིས་ནས་རིམ་བཞིན་དབུས་གཙང་བརྒྱུད་ཀོང་པོ་སྤུ་བོ་ནས་མདོ་གམ་སྨད་དུ་ཕེབས་པ་རེད། དེ་དག་ལས་ཁྱུང་སྒོམ་མུ་ལངས་འབྲི་རྒྱུད་ཀྱི་འདེན་དང་རག་སྟགས་ན་ཕེབས། དེ་ནས་བཀྲ་རིང་དུ་ཡབ་ཀྱི་མདུན་དུ་བྱོན་དགོངས་པ་ལས། ཡབ་ཀྱིས་མཁྱེན་ནས་ཁྱོད་ང་གཅེན་དུ་མ་འོང་། རག་སྟགས་ཞེས་བྱ་བའི་ས་གནས་བྱ་ཁྱུང་བབས་པ་འདྲ་བ་ལ་བསྡོད་དང་། དུས་ཚོད་ཁྱོད་ཀྱི་མི་བརྒྱུད་ལ་བསྟན་པ་དེར་ཡོད་པ་ཡིན་གསུངས་པའི་ངག་བྱུང་། འོ་ན་ཡང་ལན་༡མཇལ་བ་ལ་འོང་ཞུས་པས། ལེན་༡ཀྱང་མ་འོང་གསུངས་ནས་རག་རྟགས་ན་བཞུགས། མུ་ལང་གི་སྲས་ཁུ་བྱུག་ཡིན། དེ་ལ་སྲས་༣ཡོད་པའི་ཆེ་བ་གཙུག༣དེ། ཤིང་སྟག་པའི་ཞབས་སུ་འཁྲུངས་པས་སྟག་པ་ཟེར། དེ་འོག་ཟུར་དཀར་བ། ཆུང་བ་མདོ་བཀྲ་བ་ཡིན། སྟག་པས་འདེན་དང་རག་རྟགས་ནས་བཟུང་བས་འདེན་ཁྱུང་ཟེར། ཟུར་དཀར་བའི་བརྒྱུད་ཀྱིས་ཏྲེ་ཤོད་བཟུང་བས་ཏྲེ་ཁྱུང་ཟེར། མདོ་བཀྲ་བའི་བརྒྱུད་སྨར་ཁཾསུ་ཆད་པས་སྨར་ཁྱུང་ཟེརོ། ཞེས་ཁྱུང་སྒོམ་མུ་ལངས་ལགས་འབྲི་ཆུ་རྒྱུད་ཀྱི་འདན་དང་རག་ཏག་ན་ཕེབས་ཤིང་རག་ཏག་ན་གདན་ས་བཏབ་སྟེ་བཞུགས་པ་ལས་གདུང་རབས་གྲོལ་བ་གསུངས་ཡོད། དེས་ན་རག་ཏག་ནི་མདོ་སྨད་འབྲི་ཆུ་རྒྱུད་འདན་ཡུལ་གྱི་འབྲེལ་མཚམས་སུ་ཡོད་པ་གསལ་པོར་ཤེས་ཐུབ། ཡང་ཁྱུང་པོ་བླ་མ་རི་པ་དད་པ་རྒྱལ་མཚན་གྱི་ལོ་རྒྱུས་གླེང་སྐབས། བར་ན་རག་རྟག་དུ་ལྷ་ཁང་དབུ་གསེར་ལ་བྱས། དགོན་གནས་གཙང་བཙུན་གྱི་སྡེས་བཟུང་། མཁས་བཙུན་བཟང་༣་གྱི་གྲལ་བཀོད། སྐུ་ཚེའི་སྨད་ལ་རིན་པོ་ཆེ་བསོད་ནམས་པས། རག་ཏག་ན་གདན་ས་བར་མ་བསྐོས་ནས། སྟོད་སྨད་རྐང༢ཀྱིས་གསུངས་པ་དང་། དེ་ལྟར་བྱེད་པའི་གྲབསུ་སྐུ་མཆེད་༢ཀས། འབྲི་རྒྱུད་ཕྱིན་ཆད་ན། ཁྱུང་ཕོ་མི་སྡེ་ཡར་བུད་ཀྱི་འཕྲོ་མ་རྣམས་ཀྱི་མགོ་བུ་མཛད་ནས་ཡར་བྱོན། ཞེས་ཁྱུང་པོ་བླ་མ་དད་པ་རྒྱལ་མཚན་གྱིས་རག་ཏག་གི་ཁྱུང་པོའི་གདན་ས་ཁག་ཏུ་འདུ་ཁང་གསར་བཞེངས་དང་རབ་བྱུང་གི་སྡེ་བཙུགས་པ་སོགས་གསལ་ཞིང་། གཞན་ཡང་ཁྱུང་རབས་ཡིག་ཆ་ཁག་ནས་ཁྱུང་པོ་ལ་གདན་ས་གོང་འོག་བར་གསུམ་ཡོད་པར་བཤད་པ་ལས་བར་མ་དེ་རག་ཏག་ན་ཡོད་པ་གསལ་པོར་འཁོད་ཡོད། ཡང་། གཡུང་དྲུང་འོད་ཟེར་རྒུང་ལོ་བརྒྱད་ཅུ་གྱ་༡ལོན་ནས་རྨ་རུང་སའི་སེར་ཁ་ན་འདས་པའི་དུར་ཉེས་པ་དང་།  ཞེས་རྨ་རོང་ཡང་ས་ཕྱོགས་དེར་ཡོད་པ་གསལ་པོར་བཤད་ཡོད། ཡིག་ཆ་འདིར་རོང་ལ་རུང་ཞེས་བྲིས་པ་མང་སྟེ། དཔེར་ན། རོང་པོ་ལ་རུང་པོ། རོང་བཟའ་ལ་རུང་བཟའ་སོགས་བྲིས་ཡོད། དེ་ནི་ཡིག་ཆ་འདི་ཐོག་མར་རྩོམ་མཁན་གྱིས་ཁམས་ཕྱོགས་ཡུལ་སྐད་བསྲེས་པའམ། ཡང་ན་ཕྱིས་སུ་ཞལ་བཤུ་མཁན་གྱིས་ཁ་སྐད་ལྟར་བྱས་པར་སྙམ། ཡང་ཁྱུང་པོ་ནང་ཆེན་གྲགས་པའི(༡༢༤༠-༡༣༠༡)ཆེ་བ་རྗོད་སྐབས། ནང་ཆེན་གྲགས་པས་རག་ཏག་རིན་ཆེན་སྟེང་དུ་མཁའ་ཀློང་བཅས་པའི་མདོས་རྒྱང་ནམ་མཁའ་རྙིངས་པ་བཞགས་པ་རྣམས་འདིར་ཡོད་ན།  ཞེས་དང་། ཡང་། འདེན་ཁྱུང་སྟག་པའི་རྒྱུད་ཀྱིས་འབྲི་རྒྱུད་ན། རག་ཏག་རིན་ཆེན་སྟེངས། ལྷུན་གྲུབ། ཁ་མར། ཟུར་ཀར། མདོ་བཀྲ། ཝར་འཛི། ལྡ་ཀློང་། རབ་མདའ་ལ་སོགས་ན། དེབ་ཐེར་ལ་ཐེབ་པའི་གནས་གཞིར་བརྒྱད་ཅུ་བཟུང་ཞིང་། གྲྭ་བསྐོར་གྱིས་མཐའ་རྒྱ་ཡོན་བདག་མི་སྡེའི་བཅད་རིས་ཆེན་མོ་མདོ་སྨད་དུ་ཡོད།[14]ཅེས་འབྲི་ཆུ་རྒྱུད་ལྷུན་གྲུབ་རིན་ཆེན་སྟེངས་ནི་རག་ཏག་གི་མངའ་ཁོངས་སུ་བརྩི་དགོས་པ་གསལ་པོར་བཤད་ཡོད། གཞན་ཡང་སྐབས་འདིར་དེང་གི་སྡེ་དགེའི་མངའ་ཁོངས་ཀྱི་ས་མིང་མང་པོ་ཞིག་གསལ་བས་རག་ཏག་ཅེས་པ་ཁམས་སྡེ་དགེའི་ཕྱོགས་སུ་ཡིན་པ་གསལ་པོར་ཤེས་ཐུབ། དེང་གི་སྡེ་དགེ་ཞེས་པ་ནི་སོག་པོ་གུ་ཤྲི་ཧན་གྱིས་རབ་བྱུང་བཅུ་གཅིག་པའི་ས་ཡོས(༡༦༣༩)ལོར་ཁམས་ཕྱོགས་སུ་དཔུང་འཇུག་བྱེད་སྐབས་སྡེ་དགེ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སོག་དང་མཛའ་གྲོགས་བསྒྲིགས་ནས་བེ་རི་རྒྱལ་པོ་བཏུལ་བས་སོག་པོས་བེ་རིའི་ས་སྡེ་སྡེ་དགེ་བླ་ཆེན་ལ་ཕུལ་བས་དེ་ནས་བཟུང་གླིང་ཡུལ་ལ་སྡེ་དགེ་ཞེས་པའི་ས་མིང་ཆགས་ཞེས་ལོ་རྒྱུས་སྨྲ་བ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས«བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན»ནང[15]གསུངས་ཡོད། གོང་གི་ཁྱུང་རབས་སོགས་ཡིག་ཆ་སྔ་མ་དག་གི་ཁྲོད་དུ་འབྲི་ཆུ་སྨད་རྒྱུད་ཀྱི་ཡུལ་སྡེ་ལ་གླིང་ཚང་དང་འདན། རག་ཏག་ཅེས་སུ་འབོད་སྲོལ་ཡོད་པ་ལ། ཕྱིས་སུ་གནས་དེའི་ཡུལ་ཁམས་ཕལ་ཆེར་སྡེ་དགེ་རྒྱལ་པོས་དབང་སྒྱུར་བས་སྡེ་དགེ་ཞེས་འབོད་སྲོལ་བྱུང་བ་དང་། སྔར་གྱི་ཐ་སྙད་མང་པོ་ཞིག་བག་ལ་ཞ་བར་གྱུར་པ་རྟོགས་ཐུབ་བོ། །གོང་དུ་དྲངས་པ་ལས་གསལ་བ་ལྟར་ན། འདན་དང་གླིང་ཚང་རག་ཏག་བཅས་སོ་སོར་སྨོས་ཡོད་པས། སྐབས་དེར་གླིང་ཚང་དང་འདན་ཁོག་ཕུད་པའི་དཀྱིལ་གྱི་རྨ་རོང་དང་རྫོགས་ཆེན། འཁོར་མདོ། ཟུར་རྒྱུད། ལྕགས་ར། སྨན་ཤོད། རག་ཆབ། གཏེར་ལྷུང་སོགས་ལ་རག་ཏག་ཅེས་འབོད་པ་ཡིན་ནམ་སྙམ།
བཞི་པ། རག་ཏག་ཅེས་པའི་ས་གནས་སྐོར་གྱི་བཞེད་སྟངས་མི་འདྲ་བ།
       ད་སྔོན་ཞིབ་འཇུག་པའི་ཁྲོད་དུ་ཏུན་ཧོང་ཡིག་རྙིངP.T1288ལས་བྱུང་བའི་རག་ཏག་ཅེས་པའི་ས་གནས་དེ་གང་ལ་ངོས་འཛིན་དགོས་མིན་ཆེད་དུ་ཞིབ་འཇུག་གནང་མཁན་བྱུང་མི་འདུག་མོད། མདོ་སྨད་དང་འབྲེལ་བའི་ཞིབ་འཇུག་དཔྱད་རྩོམ་འགའ་རུ་རག་ཏག་སྐོར་ཞོར་འཕྲོས་ཚུལ་དུ་གླེང་འདུག་པས་འདིར་མདོར་ཙམ་དྲངས་ཏེ་དཔྱད་ཞིབ་ཞུས་ན། མགོན་པོ་སྐྱིད་ཀྱིས་བརྩམས་པའི«མདོ་སྨད་ཅེས་པའི་མིང་གི་བྱུང་འགྱུར་ལ་དཔྱད་པ»ཞེས་པ་ལས། ནམ་ལྡོམ་ཕྲོམ་ནི་ཕལ་ཆེར་དེང་གི་སི་ཁྲོན་སྡེ་དགེ་དང་རྫ་ཆུའི་རྒྱུད་ཀྱི་ཡུལ་ཁམས་དང་། རག་ཏིག་ཅེས་པ་ནི་དེང་གི་ཁྲི་ཀ་ནས་བ་ཡན་རྨ་ཆུའི་འབབ་རྒྱུད་ལ་ངོས་འཛིན་གནང་ཞིང་། གཙེ་ནམ་ཡོར་ཞེས་པ་དེང་གི་ལེང་གྲུའི་ཚུར་རྒྱབ་དང་ཤིང་ཀུན་བར་གྱི་ས་ཆ་སྟེ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཉེ་འགྲམ་གྱི་ས་ཁུལ་ལ་ངོས་འཛིན་བྱེད་ཚུལ་འདུག་རུང་། ད་དུང་ལོ་རྒྱུས་སྨྲ་བ་ཚང་མའི་བཞེད་དགོངས་གཅིག་མཐུན་ཏུ་སྣང་བ་ཤིན་ཏུ་ཉུང་།[16]ཞེས་རག་ཏག་ནི་ཁྲི་ཀ་ནས་བ་ཡན་རྨ་ཆུའི་འབབ་རྒྱུད་ལ་ངོས་འཛིན་སྲོལ་བྱུང་བ་བཤད་ཡོད། འོན་ཀྱང་། དེར་ངོས་འཛིན་མཁན་གྱི་ལོ་རྒྱུས་སྨྲ་བ་དེ་སུ་ཡིན་མིན་དང་རྩོམ་ཡིག་གང་གི་ནང་དུ་གསལ་བ། དེས་སྒྲུབ་བྱེད་ཅི་ཞིག་བཀོད་ཡོད་པ་སོགས་གང་ཡང་གླེང་མེད་པས། ཕྲན་གྱིས་བཞེད་པ་འདིའི་དགོངས་དོན་དངོས་དང་སྒྲུབ་བྱེད་སོགས་ད་སྔོན་མ་མཇལ་བས་ཞིབ་ཏུ་གླེང་ཐབས་བྲལ། གཞན་མཁས་པ་ལ་ལས། ཙོང་ཁ་ཆུང་ངུས་ཁྱབ་ཡུལ་གྱི་རྒྱ་ཁྱོན་རོབ་ཙམ་ཞིག་ནི་རག་ཏིག་རྨ་རོང་སྟེ་བིས་མདོའི་རག་ཤི་མདོ་གཙོས་པའི་བིས་མདོ་ཡོངས་རྫོགས་དང་། ཀ་རིང་། རྒྱ་གཞུར། རྡོ་སྦིས། ཀ་མདོའི་གདོང་དམར་སྣ་སོགས་འདུས་པའི་དེང་ཡ་རྫི་རྫོང་ཕལ་ཆེར་གྱི་ཡུལ་ཆ་ལ་རག་ཤི་ཟེར་ཞིང་། དན་ཏིག་དང་ཡང་ཏིག་སོགས་ཙོང་ཁའི་སྐྱེས་རིའི་མདུན་རྒྱབ་སྟོད་སྨད་ཀྱི་ཡུལ་ཆ་རྣམས་ཏིག་ཅེས་པས་སྒྲས་བསྡུས་ཏེ། སྔ་ཕྱི་དེ་གཉིས་བསྡོམས་པས་རག་ཏིག་རྨ་རོང་ཞེས་གསལ་བ་འདི་དག་གི་ཐོག་ནས་ཀྱང་ཙོང་ཁ་ཆེ་ཆུང་གི་ཡུལ་གྱི་རྒྱ་ཁྱོན་རོབ་ཙམ་གཞལ་ཐུབ་པར་སྙམ་ཞེས་རག་ཏག་ནི་ཙོང་ཁ་ཆེ་ཆུང་དང་འབྲེལ་བ་ཡོད་པ་དང་། དེང་གི་བིས་མདོ་སོགས་ལ་གོ་དགོས་པའི་བསམ་ཚུལ་བཏོན་ཡོད། སྒྲུབ་བྱེད་ཀྱང་བིས་མདོ་ལ་རག་ཤི་མདོ་ཞེས་པའི་ས་གནས་ཡོད་པ། ཙོང་ཁ་སྐྱེས་རིའི་མདུན་རྒྱབ་སྟོད་སྨད་སོགས་སུ་དན་ཏིག་དང་ཡང་ཏིག་ཅེས་པའི་མིང་བརྡ་ཡོད་པའི་རྒྱུ་མཚན་དྲངས་ཡོད། འོན་ཀྱང་། བསམ་ཚུལ་འདི་ལ་མ་འདང་བའི་ཆ་འདི་དག་འདུག་སྟེ། གཅིག རག་ཤི་ཞེས་པའི་ས་མིང་ཡོད་པ་ཙམ་གྱིས་སྐབས་འདིའི་རག་ཏག་གི་རག་དང་འབྲེལ་བ་ཡོད་པ་སྒྲུབ་མི་ཐུབ། གཉིས། རག་ཏག་ལས་རག་ཏིག་མ་ཡིན་པ་གོང་དུ་ཕྲན་གྱིས་བསྒྲུབས་ཟིན། གསུམ། ང་ཚོས་རག་ཏག་ངོས་འཛིན་བྱེད་སྐབས་ངེས་པར་དུ་རག་ཏག་དང་མཉམ་དུ་བྱུང་བའི་རྨ་རོང་སོགས་ལ་དོ་སྣང་དགོས་པ་ལས་དེ་དག་གཡུག་ནས་རང་གི་འདོད་པ་ལྟར་དུ་འཆད་མི་ཉན། བཞི། ཁོང་གིས་རག་ཏག་འདི་ཉིད་ཙོང་ཁ་ཆུང་ངུ་དང་འབྲེལ་ཏེ་གླེང་འདུག་མོད། ཏུན་ཧོང་ཡིག་ཆར་ཞིབ་ཏུ་བལྟས་ན། ཙོང་ཁ་དང་རག་ཏག་གཉིས་ས་གནས་སོ་སོ་ཡིན་པ་གསལ་པོར་ཤེས་ཐུབ། དེ་ཡང་མདོར་ཙམ་གླེང་ན། ཏུན་ཧོང་ཡིག་རྙིང་ནང་མདོ་སྨད་ཀྱི་དགུན་འདུན་རག་ཏག་ཏུ་ཐེངས་བཞི་ལ་བསྡུས་པ་གསལ་ཞིང་། དེ་དག་ནི་སྤྱི་ལོ༧༠༧ལོར་རག་ཏག་གི་རྨ་རོང་དུ་བསྡུས་པ། དེའི་ཕྱི་ལོ་སྟེ་སྤྱི་ལོ༧༠༨ལོར་རག་ཏག་གི་ཉམ་པུར་བསྡུས་པ། སྤྱི་ལོ༧༥༥ལོར་རག་ཏག་གི་ཀོག་ཏུ་བསྡུས་པ། སྤྱི་ལོ༧༥༩ལོར་སླར་ཡང་རག་ཏག་གི་རྨ་རོང་དུ་བསྡུས་པ་གསལ་ཡོད། གོང་དུ་མཁས་པ་ལ་ལས་རག་ཏག་དང་ཙོང་ཁ་བར་ལ་འབྲེལ་ཡོད་པར་བཤད་པ་ནི་ཏུན་ཧོང་ཡིག་རྙིང་ལས། མདོ་སྨད་གྱི་དགུན་འདུན་རག་ཏགྀ་རྨ་རོང་དུ་བློན་ཁྲྀ་སྒྲས་བསྡུས་ཏེ་བློན་ཁྲྀ་བཟང་དང་ཞང་སྟོང་རྩན་དང་ཞང་བཙན་བ་གསུམ་གྱིས་ཙོང་ཀ་ཆུ་ངུ་ཕབ་པར་ལོ་ཅིག། ཅེས་བྱུང་བར་གཞི་བཅོལ་བ་རེད། འདིར་གསལ་བའི་དོན་དག་ནི་སྤྱི་ལོ༧༥༩ལོར་མདོ་སྨད་ཀྱི་དགུན་འདུན་བློན་ཁྲི་སྒྲ་སྟག་ཙབ་ཀྱིས་རག་ཏག་གི་རྨ་རོང་དུ་བསྡུས་པ་དང་། བློན་ཁྲི་བཟང་དང་ཞང་སྟོང་བཙན་དང་ཞང་བཙན་བ་གསུམ་གྱིས་ཙོང་ཁ་ཆུང་ངུ་ཕབ་པར་བཤད་པ་ཙམ་ལས། རག་ཏག་དང་ཙོང་ཁའི་བར་ལ་དམིགས་བསལ་འབྲེལ་བ་ཡོད་པ་གང་ཡང་བསྟན་མེད། འདི་ནི་ལོ་དེའི་ནང་གི་དོན་ཆེན་གནད་བསྡུས་བྱས་པ་ཙམ་རེད། ལྷག་ཏུ་ལོ་དེར་མདོ་སྨད་ཀྱི་དགུན་འདུན་རག་ཏག་ཏུ་བསྡུས་པ་དང་ཙོང་ཁ་ཆུང་ངུ་གསར་དུ་བོད་ཀྱི་ཆབ་འོག་ཏུ་བཅུག་པ་གསལ་བས། འདུན་མ་བསྡུ་ས་དང་ཆབ་འོག་ལ་གསར་དུ་བཅུག་པའི་ས་གནས་གཉིས་ཁ་ཁ་ཡིན་པ་གསལ་པོ་རེད། དེ་བཞིན་རག་ཏག་རྨ་རོང་ནི་སྔར་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐབས་ཏེ་སྤྱི་ལོ༧༠༧ལོ་ནས་ཆབ་འོག་ཏུ་ཡོད་པ་གསལ་ཞིང་། ཙོང་ཁ་ཆུང་ངུ་འདི་ལོར་གསར་དུ་ཕབ་པ་ཡིན་པས་རག་ཏག་དང་ཙོང་ཁ་ཆུང་ངུ་མཉམ་དུ་སྦྱར་བ་ནི་སྨྱོན་པའི་ལབ་རྡོལ་ཙམ་དུ་ཟད་དོ། །གཞན་ཡང་འདུན་མ་ཟློར་འདུས། འ་ཞའྀ་ཕ་ལོས་བགྱིས། མདོ་སྨད་གྱྀ་འདུན་མ་སེབ་དུ་འདུསྟེ། བློན་སྐྱེས་བཟང་ལྡོང་ཙབ་གྱྀས། ཁྱྀ་ཤ་ཅན་ཕབ་པར་ལོ་ཆིག།[17]ལྟ་བུ་འདུན་མ་བསྡུ་ས་དང་དམག་དྲངས་ས་ཁ་ཁ་ཡིན་པ་གསལ་པོར་བཀོད་པ་མང་དུ་བདོག་པ་རེད། དེས་ན་ཙོང་ཁ་ཆེ་ཆུང་དང་རག་ཏག་བར་ལ་འབྲེལ་བ་མེད་པ་ནི་ཡིག་ཆ་འདི་དག་ཞིབ་ཏུ་དཔྱད་ན་ཤེས་ཐུབ། ཁ་ཅིག་ན་རེ། ཏུན་ཧོང་ཡིག་རྙིང་ལས་རག་ཏག་མདོ་སྨད་ཀྱི་འདུན་མ་བསྡུ་སར་བཤད་པས་ཁྱོད་ཀྱིས་རག་ཏག་ཁམས་ཕྱོགས་སུ་བཤད་པ་དང་འགལ་ཟེར་ན། སྤྱིར་དེང་སང་མདོ་སྨད་དང་ཨ་མདོ་དོན་གཅིག་ཏུ་འདོད་མཁན་ཡོད་མོད། བོད་ཀྱི་ཡིག་ཚང་ཁག་ལ་མཇལ་ན་མདོ་སྨད་ཅེས་པའི་གོ་དོན་དང་ཁྱབ་ཁོངས་ལ་དུས་རིམ་མི་འདྲ་བའི་ནང་འཕོ་འགྱུར་སྣ་ཚོགས་བྱུང་བ་ཤེས་ཐུབ་པར་མ་ཚད། «བོད་ཡིག་ཚིག་གཏེར་རྒྱ་མཚོ»ལས། གནའ་དུས་བོད་བཙན་པོའི་སྐབས་སུ་མདོ་ཁམས་ཡུལ་གྲུ་སྤྱི་ལ་མདོ་སྨད་ཅེས་འབོད་སྲོལ་ཡོད་པ་ཏུན་ཧོང་ཡིག་ཆའི་ནང་གསལ་ཞེས་གསུངས་པ་ལྟར། མདོ་ཁམས་འབྲི་ཆུ་རྒྱུད་ཀྱི་ཡུལ་སྡེ་ཁག་ལ་མདོ་སྨད་ཅེས་འབོད་པ་ལོ་རྒྱུས་ཡིག་ཆ་ཁག་ན་ཧ་ཅང་མང་བ་རེད།
ལྔ་པ། རག་ཏག་ཅེས་པ་དེང་གི་ཁམས་སྡེ་དགེའི་ཁོངས་སུ་ཡོད་པའི་སྐོར།
       གོང་དུ་འབྲི་ཆུ་རྒྱུད་སྡེ་དགེའི་ཁོངས་སུ་རག་ཏག་ཅེས་པའི་ས་གནས་ཡོད་པ་གླེང་ཟིན་པ་རེད། མཚམས་འདི་ནས་ཏུན་ཧོང་ཡིག་རྙིང་ནང་གི་རག་ཏག་ཅེས་པ་དང་ཁྱུང་རབས་ནང་དུ་གསལ་བའི་རག་ཏག་གཉིས་གཅིག་ལ་གོ་དགོས་པའམ། ཡང་ན་གཞི་གཅིག་ཡིན་པ་ལ་ས་ཁོངས་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པ་གང་ཡིན་ཐད། གཅིག ཏུན་ཧོང་ཡིག་རྙིང་ནང་རག་ཏག་ཅེས་པ་ལན་བཞི་བྱུང་བ་ལ། རག་ཏག་གི་རྨ་རོང་ཞེས་པ་ལན་གཉིས་དང་རག་ཏག་གི་ཀོག་ཅེས་པ་ལན་གཅིག རག་ཏག་གི་ཉག་པུར་ཞེས་པ་ལན་གཅིག་བཅས་བྱུང་བ་རེད། འདི་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་མདོ་སྨད་ཀྱི་དགུན་འདུན་བསྡུ་ས་ཡིན་པ་དེ་རེད། དེ་བས་ས་གནས་འདི་དག་ལྟོས་བཅས་ཀྱིས་ས་བབ་དམའ་བ་ཤེས་ཐུབ་ཅིང་། བཙན་པོའི་རྒྱལ་རབས་སྐབས་སུ་བཙན་པོ་རང་ཡང་གནས་གཅིག་ཏུ་མི་བཞུགས་པར་དབྱར་དགུན་ས་གནས་མི་འདྲ་བ་ལ་བཞུགས་པ་དང་། དམག་དཔུང་འདུས་སྡོད་ཀྱང་གནམ་གཤིས་དྲོ་གྲང་དང་རྩྭ་ཆུ་ཆ་རྐྱེན་སོགས་ལ་གཞིགས་ནས་རུ་བ་གང་སར་སྤོ་བ་རེད། དེ་བས་དབྱར་འདུན་བསྡུ་ས་ནི་འབྲོག་ས་ཁག་དང་དགུན་འདུན་བསྡུ་ས་ནི་གངས་ལྷགས་ཆུང་བའི་རོང་ཕྱོགས་སུ་ཡིན་པ་གསལ་པོར་ཤེས་ཐུབ། རྨ་རོང་སོགས་ཀྱི་ཐ་སྙད་སྦྱར་བར་བསམས་ན། ས་གནས་འདི་དག་རོང་ཕྱོགས་སུ་ཡིན་པ་ཤེས་ཐུབ། དེས་ན་རག་ཏག་ཅེས་པ་ནི་འབྲི་ཆུ་འབབ་རྒྱུད་ཀྱི་དེང་གི་སྡེ་དགེ་རྨ་རོང་དང་རིན་ཆེན་སྟེངས། རག་ཆབ་སོགས་ལ་བཤད་པ་ནི་དོན་དངོས་ལ་ཐག་ཉེ་བ་ཞིག་ཡིན། གཉིས། གོང་དུ་རག་ཏག་གི་རྨ་རོང་དང་ཉག་པུར། ཀོག་སོགས་ཀྱི་ས་མིང་བྱུང་བས་ང་ཚོས་རག་ཏག་གི་ནང་གསེས་ས་གནས་འདི་དག་ལ་དཔྱད་ཞིབ་དགོས་པ་གལ་ཆེ་བ་རེད། རྨ་རོང་ནི་འབྲི་ཆུ་རྒྱུད་དེང་གི་སྡེ་དགེ་ས་ཁོངས་སུ་དངོས་སུ་ཡོད་དེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་ཀྱི་ནུབ་རྒྱུད་དུ་རྫོང་མཁར་ནས་བར་ཐག་སྤྱི་ལེ༧༥མཚམས་སུ་མགོ་ལོན་གྲོང་ཚོར་ཡུལ་སྡེ་ཚོ་བཞི(མགོ་ལོན་གྲོང་ཚོ། རྩེད་མདའ་གྲོང་ཚོ། རོང་རྒྱབ་གྲོང་ཚོ། རྨ་རོང་གྲོང་ཚོ།)ཡོད་པ་ལས་གཅིག་ཡིན། རྨ་རོང་གྲོང་ཚོ་འདི་ཁྱུང་རབས་ལས་བཤད་པའི་རག་ཏག་རིན་ཆེན་སྟེངས་དང་འདན་མ། ཟུར་དཀའ་སོགས་དང་ཐག་ཉེ་བ་ཡིན། རྨ་རོང་གྲོང་ཚོའི་སྐོར་སྡེ་དགེ་ཕྱོགས་ཀྱི་བླ་མ་ཁག་གི་རྣམ་ཐར་དུ་འཁོད་པ་དཔེར་ན། བོན་གྱི་གཏེར་སྟོན་བདེ་ཆེན་གླིང་པའི(༡༨༣༣-༡༨༩༢)རང་རྣམ«ཐབས་ཤེས་ཉི་ཟླ་རྒྱན་ཅན»ལས། དེ་ནས་རང་ལོ་བཅོ་ལྔ་པ་སྤྲེའུ་ཞེས་པ་མེ་མོ་ལུག་གི་ལོ་ལ་ངའི་ཡབ་དེ་སྔར་ནས་དད་འདུན་ཆེ་བའི་སྦྱིན་བདག་རྨ་རོང་དང་ཁྲོམ་ཟིལ་ཐམས་ཅད་ཡིན་པས། དེ་ནས་གདན་འདྲེན་དང་གདུལ་བྱ་ཡང་ཡང་ཞུས་ཚེ་ཕེབས་པར་ཆས་ནས་ཆག་ཕྱིར་སོང་བའི་ཁྲོ་རྟ་རྒྱུག་ཐང་བྱ་བའི་ས་གནས་དེར་ཡོན་བདག་ཞིག་གི་སར་ཡོད་ཅིང[18]ཞེས་གསལ་ཡོད་པ་རེད། དེ་བས་མདོ་སྨད་འབྲི་ཆུ་རྒྱུད་དུ་དུས་རབས་བཅུ་གཞི་པའི་གཡས་གཡོན་དུ་རག་ཏག་ཅེས་པའི་ས་མིང་འབོད་སྲོལ་ཡོད་པ་དང་དེའི་ནང་གསེས་རྨ་རོང་སོགས་ཀྱི་ས་མིང་ད་བར་མ་འགྱུར་བར་ཡོད་པ་རེད། ཡང་གོང་དུ་རྨ་རོང་ལས་གཞན་ཉག་པུར་ཞེས་པ་ཞིག་ཐོན་ཡོད། ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས «བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན»ལས། སྤྱི་ལོ༡༦༣༠ལོའི་ཡས་མས་ཙམ་ནས་གླིང་འགུ་ཟི་རྒྱལ་པོའི་མངའ་འོག་གི་སྡེ་དགེའི་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་གླིང་གི་སྟོབས་ཤུགས་ཉམས་དམན་པའི་སྐབས་དང་བསྟུན་ནས་རྨེ་ཤོད་དང་། ལྕགས་ར། སྤེ་ཝར། ཀུ་སེ།ཉག་གཤིས། མཁར་མདོ་སོགས་འབྲི་ཆུའི་ཤར་ནུབ་ཀྱི་ཚོ་པ་རྣམས་རིམ་བཞིན་འགའ་ཞིག་ཐབས་དང་། འགའ་ཞིག་དཔུང་གིས་དབང་དུ་བྱེད་བཞིན་པའི་སྐབས་སུ། རབ་བྱུང་བཅུ་གཅིག་པའི་ས་ཡོས་སྤྱི་ལོ༡༦༣༩ལོར། སོག་པོ་གུ་ཤྲི་ཧན་གྱིས་ཁམས་ཕྱོགས་སུ་དཔུང་འཇུག་བྱས།[19]ཞེས་བཀོད་ཡོད་པས། ཉག་པུར་ཟེར་བ་དང་ཉག་གཤིས་ཟེར་བ་འདི་དག་ལ་ཕན་ཚུན་འབྲེལ་བ་ཡོད་པའམ། ཡང་ན་སྔར་ཉག་པུར་འབོད་པ་ལ་ཕྱིས་སུ་ཉག་གཤིས་སུ་འབོད་སྲོལ་བྱུང་བ་གང་རུང་ཡིན་སྙམ། གཞན་ཡང«སྡེ་དགེ་རྒྱལ་རབས»ལས། སྡེ་དགེ་ཡུལ་གྱི་རྫོང་སྒོ་བསྟན་སྐབས་རག་ཆབ་ཅེས་པའི་རྫོང་སྒོ་ཡོད་པར་བསྟན་པས། རག་ཏག་ནི་ཁམས་སྡེ་དགེ་ཕྱོགས་སུ་ཡིན་པ་གསལ་པོ་རེད། མདོར་ན། ཏུན་ཧོང་ཡིག་རྙིང་ནང་གི་མདོ་སྨད་ཀྱི་དགུན་འདུན་བསྡུ་ས་རག་ཏག་རྨ་རོང་སོགས་ནི་དེང་གི་སྡེ་དགེ་རྨ་རོང་དང་རག་ཆབ། རིན་ཆེན་སྟེངས། ཉག་གཤིས་སོགས་སུ་གོ་བ་ཁྱུང་རབས་ཡིག་ཆ་དང་སྡེ་དགེ་རྒྱལ་རབས། ས་གནས་དངོས་ཀྱི་གནས་ཚུལ་སོགས་ལ་བློ་གཟུ་བོར་གནས་པའི་སྒོ་ནས་བརྟགས་ན་ཤེས་ཐུབ་བོ། །

དཔྱད་གཞིའི་རྒྱུ་ཆ།
[1][2] དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས། «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ» [G] མི་རིགས་དཔེ་སྐྲུན་ཁང་། ཤ༡༡༢ ཤ༧༩བཅས་ན་གསལ།
[3][5][6][8][9][11][17] གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས།«བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས» [G] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ༡༩༩༥ལོར་པར་དུ་བསྐྲུན། ཤ༨༧ ༧༧ ༨༧ ༨༧ ༡༡༢ ༡༡༤ ༩༥བཅས་ན་གསལ།  
​[4] མགོན་པོ་སྐྱིད་ཀྱིས་བརྩམས། མདོ་སྨད་ཅེས་པའི་མིང་གི་བྱུང་འགྱུར་ལ་དཔྱད་པ། [J] ཀྲུང་གོའི་བོད་རིག་པ། ༢༠༡༤ལོའི་དེབ་དང་པོ།
[7] བློན་ཆེན་པོ་ཁྲི་གཟིགས་ནི། རུས་དབའ་ཡིན་ཞིང་སྤྱི་ལོ༧༠༥ལོར་བློན་ཆེན་པོར་མངའ་གསོལ་བ་ཡིན། དེ་ནས་བཟུང་ལོ་མང་པོར་དབུས་ཀྱི་འདུན་མ་སྡུད་བ་སོགས་བློན་ཆེན་པོའི་ལས་དོན་ཁག་བསྒྲུབས། སྤྱི་ལོ༧༢༡ལོར་གུམ་པ་ལགས་སོ། །
[10] ཞང་རྒྱལ་གཟིགས། ཁོང་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་བློན་པོ་གཙོ་གྲས་ཤིག་ཡིན། བློན་ཆེན་པོ་བྱེད་མྱོང་མིན་གསལ་པོར་རྟོགས་དཀའ། སྤྱི་ལོ༧༥༥ལོར་མདོ་སྨད་ཀྱི་འདུན་མ་བསྡུས། སྤྱི་ལོ༧༥༧ལོར་བློན་ཆེན་པོ་སྣང་བཞེེར་དང་མཉམ་དུ་དབུས་ཀྱི་དབྱར་འདུན་བསྡུས། སྤྱི་ལོ༧༦༢ལོར་ཐང་གིས་དཔྱ་ཁྲལ་དུས་ཐོག་ཏུ་ཡར་མ་ཕུལ་བས། ཁོང་དང་བློན་སྟག་སྒྲ་ཀླུ་གོང་། ཞང་སྟོང་བཙན་གསུམ་གྱིས་ཐང་ལ་དམག་དྲངས་ཏེ་ཐང་གི་མཁར་རྫོང་མང་དུ་བཅོམ། རྒྱལ་ས་ཁྲང་ཨན་འཕྲོག་ཅིང་རྒྱ་རྗེ་གསར་དུ་བཅུག ལེགས་བྱས་ལ་བཙན་པོས་གཙིགས་ཆེར་གནང་སྟེ་ཁོང་ལ་གཡུ་ཡི་ཡི་གེ་བསྩལ།
[12] བློན་ཁྲི་སྒྲ་སྟག་ཙབ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ནང་བློན་ཞིག་ཡིན་པ་གསལ་ཞིང་། གཙོ་བོ་མདོ་སྨད་ཀྱི་དབྱར་འདུན་དང་དགུན་འདུན་གཉིས་སྡུད་མཁན་བྱས་པར་གསལ། སྤྱི་ལོ༧༥༩དང༧༦༠ ༧༦༢ ༧༦༣སོགས་སུ་མདོ་སྨད་ཀྱི་འདུན་མ་སྡུད་མཁན་གནང་བ་གསལ་ཡོད་པ་རེད།
[13] ཁྱུང་རབས་སྣ་ཁ་གཅིག་ལ་མ་དཔེ་མི་འདྲ་བ་ཡོད་པ་མ་ཟད། དུས་རིམ་སྔ་ཕྱི་མི་འདྲ་བ་དང་རྩོམ་པ་པོ་མི་འདྲ་བས་བརྩམས་པའི་ཁྱུང་རབས་སོགས་ཡོད། ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས་ཞེས་པའི་དེབ་ནང་ཁྱུང་རབས་སྣ་ཁ་མི་འདྲ་བ་བཅུ་བསྡུས་ཡོད། དེར་མ་བསྡུས་པའི་ཁྱུང་རབས་ཕྲན་གྱིས་མཐོང་བ་གཉིས་ཡོད། ད་དུང་ཁྱུང་རབས་དཔེ་དཀོན་གཞན་ཡོད་སྲིད། འོན་ཀྱང་། ཁྱུང་རབས་མང་པོ་ཞིག་ལ་ཕྱིས་སུ་ནང་དོན་གསར་པ་མང་པོ་ཁ་སྣོན་བྱས་པས་མ་ཚད། ནང་དོན་ཁ་ཤས་རང་གི་འདོད་པ་ལྟར་དུ་བཅོས་ཡོད་པས་ང་ཚོས་ཞིབ་ཏུ་དཔྱད་དགོས།
[14] རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།། མ་ཡིག་ངོ་འདྲ་མ། ཤ༩ ། ༣༦། ༣༧། ༧༡བཅས་སུ་གསལ།
[15][19] ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས།«བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༩ལོར་པར་ཐེངས་ལྔ་པ་བརྒྱབ། ཤ༡༢༢ ༡༢༡གསལ།
[16][17] མགོན་པོ་སྐྱིད་ཀྱིས་བརྩམས། མདོ་སྨད་ཅེས་པའི་མིང་གི་བྱུང་འགྱུར་ལ་དཔྱད་པ། [J] ཀྲུང་གོའི་བོད་རིག་པ། ༢༠༡༤ལོའི་དེབ་དང་པོ།
[18] གཏེར་སྟོན་བདེ་ཆེན་གླིང་པས་མཛད། «ཐབས་ཤེས་ཉི་ཟླ་རྒྱན་ཅན» [M] པོད་གཟུགས་དཔར་མ། རྩེ་དྲུག་དགོན་དུ་བཞུགས། ཤ༨༣གསལ།
 
རྩོམ་ཁུངས། ༢༠༢༤ལོའི«ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།