logo

གུང་ཐང་ལོ་ཙཱ་བའི་གདན་ས། མགོན་སེང་ཀརྨ་བདེ་ལེགས།

རྩོམ་པ་པོ།:མགོན་སེང་ཀརྨ་བདེ་ལེགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-09 ཀློག་གྲངས།:
༄༅། །གུང་ཐང་ལོ་ཙཱ་བའི་གདན་ས།
མགོན་སེང་ཀརྨ་བདེ་ལེགས།

       དེ་ཡང་སྤྱི་ལོ༢༠༢༢ལོའི་ཟླ༧པའི་ཚེས༢༤ཉིན་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་གདན་ས་ཡང་ཐོག་གསེར་གྱི་ལྷ་ཁང་གི་ཤུལ་དུ་སླེབས། ལོ་ཙཱ་བ་ཁོང་ནི་མཚན་སྙན་ཤིན་ཏུ་ཆེ་ཞིང་ཇོ་བོ་རྗེ་བོད་དུ་གདན་འདྲེན་མཛད་པ་པོ་དེ་ཡིན་ལ། ཁོང་ནས་ནག་ཚོ་བཀའ་བརྒྱུད་ཅེས་པའི་སློབ་བརྒྱུད་མང་པོ་ཞིག་བྱུང་བར་གྲགས་ཀྱང་། དེང་སང་ཁོང་གི་གདན་ས་ནི་ཤུལ་ཙམ་ལས་མེད་པ་དང་། མཛད་རྣམ་ལོ་རྒྱུས་ཁ་གསལ་བ་ཞིག་ཀྱང་མཇལ་རྒྱུ་མེད་པར། ཡིད་ཕམ་གྱི་སེམས་ཚོར་ཆེན་པོ་བྱུང་བ་དང་ཆབས་ཅིག་ཁོང་གི་མཛད་རྣམ་སྔར་ཐོས་མཐོང་སྐོར་ལ་བསམ་གཞིག་གི་རྐྱེན་པས། སྤྱོད་འཇུག་ལས། དྲན་འགྱུར་བྱི་ལའི་དུག་བཞིན་དུ། །ཞེས་པ་ལྟར་སྔར་གྱི་མྱོང་བའི་བག་ཆགས་མང་པོ་ཞིག་རིམ་གྱིས་གསལ་བར་བྱུང་།
       དེ་ཡང་ནག་ཚོ་ལོ་ཙཱ་བ་ཇོ་བོ་ཨ་ཏི་ཤ་གདན་འདྲེན་ཆེད་རྒྱ་གར་དུ་ཕེབས་སྐབས། བོད་ཡུལ་ནས་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ཅེས་པ་ཞིག །དགེ་ཚུལ་ཁྱུང་གྲགས་ཀྱིས་བྱས་པའི་བོད་མ་ཡིན་ཟེར་ནས་རྩིས་མི་འདུག་པ་ལ། རྒྱ་གར་གྱི་བི་ཀྲ་མ་ལ་ཤྲཱི་ལའི་གཙུག་ལག་ཁང་གི་པཎྜི་ཏ་རྣམས་ཀྱིས་འཆད་ཉན་བྱེད་ཅིང་འདུག་ཀྱང་། ད་དུང་དེ་ལ་གདམས་ངག་ངོ་མཚར་ཅན་བདུད་རྩིའི་ཐིགས་པ་ཞེས་བྱ་བ་འདུག་པ་དེ། ལོ་ཙཱ་བ་ཁོང་གིས་བོད་སྐད་དུ་བསྒྱུར་ནས་ཤིན་ཏུ་རྩིས་ཆེ་བར་མཛད་པས་ཐམས་ཅད་ཡིད་ཆེས་པ་ཡིན་ཞེས། མཆིམས་ཀྱི་ཇོ་བོའི་རྣམ་ཐར་ལས་བཤད་པའི་སྐོར་དྲན་པའི་ལམ་དུ་གསལ།
ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ།
       ཡང་ཆོས་སྤྱོད་དེའི་ཐོག་མའི་གླེང་གཞི་རུ། འཇམ་དཔལ་གྱིས་ཞུས་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་སྤྱོད་ཀྱི་ཆེ་བ་གསུངས་པ་ལ། འཇམ་དཔལ་འདུལ་བའི་སྡེ་སྣོད་ནི་བ་ལྟ་བུའོ། །མདོ་སྡེའི་སྡེ་སྣོད་ནི་འོ་མ་ལྟ་བུའོ། །ཕྱིའི་མངོན་པའི་སྡེ་སྣོད་ནི་ཞོ་ལྟ་བུའོ། །ནང་གི་མངོན་པའི་སྡེ་སྣོད་ནི་མར་ལྟ་བུའོ། །ཟབ་མོའི་ཆོས་མངོན་པར་རྟོགས་པ་ནི་མར་གྱི་སྙིང་པོ་ལྟ་བུའོ། །དེ་ཡང་། བ་ནི་བཅུད་ཀྱི་ཆ་འཛིན་ནོ། །འོ་མ་ནི་བཅུད་དོ། །ཞོ་ནི་རབ་ཏུ་བཅུད་དོ། །མར་ནི་ཡང་དག་པར་བཅུད་དོ། །ཟབ་མོའི་ཆོས་མན་ངག་མངོན་པར་རྟོགས་པ་འདི་ནི་བཅུད་ཉེ་བར་ཕན་པར་བྱེད་པའོ། །ཞེས་དང་། འཇམ་དཔལ་ཡང་དཔེར་ན་ཁ་ཟས་རྣམ་པ་སྣ་ཚོགས་པ་མང་པོ་དག་ལ། ལན་ཚྭ་མངོན་པར་མི་དམིགས་ན། ཁ་ཟས་ཀྱི་རོ་དང་མི་ལྡན་པའོ། །ལན་ཚྭ་ནི་ཟས་ཐམས་ཅད་ལ་སྦྱོར་ན་ཁྱབ་པར་གནས་པས། ལྕེའི་དབང་པོ་རྒྱས་པར་བྱེད་ཅིང་ཁ་ཟས་ཀྱི་རོ་མཆོག་ཏུ་འགྱུར་བའོ། །དེ་བཞིན་དུ་སྡེ་སྣོད་ཐམས་ཅད་ལས་བྱུང་བའི་ཆོས་ལ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་ནི་སྤྱིར་ཁྱབ་པར་གནས་པ་ཡིན་ཏེ། འདི་དང་མི་ལྡན་ན་བྱང་ཆུབ་ལ་ཕྱོགས་པ་ཙམ་ལས་རེག་པར་མི་འགྱུར་བ་ཉིད་དོ། །ཟབ་མོའི་ཆོས་འདི་དང་ལྡན་པ་ནི་བདེ་བ་རྒྱས་པར་བྱེད་པ་དང་བྱང་ཆུབ་མྱུར་བར་ཐོབ་པའོ། །དེ་བས་ལན་ཚྭ་ནི་ཁ་ཟས་ཐམས་ཅད་ལ་རབ་ཏུ་གཅེས་ཏེ། བྱེད་པ་པོ་ཡིན་པའི་ཕྱིར་རོ། །ཟབ་མོའི་ཆོས་སྤྱོད་འདི་ཡང་ཆོས་ཐམས་ཅད་ལ་རབ་ཏུ་གཅེས་ཏེ། བྱང་ཆུབ་མྱུར་བར་ཐོབ་པར་བྱེད་པའི་ཕྱིར་རོ། །ཞེས་བསྔགས་བརྗོད་གནང་བའི་དཔེ་ནི། བཟའ་བཏུང་གི་རྒྱུ་ཆ་དང་། ཟས་བཅུད། རོ་བྲོ་བ། དབང་པོ་རྒྱས་པ་བཅས་ལ་བཀོད་དེ་ཆོས་སྤྱོད་ཀྱི་ཆེ་བ་བསྟན་པའི་སྐོར། བཟའ་བཏུང་འཚོལ་ཞིབ་ཀྱི་ལམ་ཁར་དམིགས་བསལ་བསམ་གཞིག་གི་ཡུལ་དུ་གྱུར།
       དེ་ཡང་ཆོས་སྤྱོད་འདི་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཞལ་ནས་གསུངས་པ་ཞིག་སྟེ། སྟོན་པ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི། ལྷ་མ་ཡིན་གྱི་བྲག་ཕུག་ན་བཞུགས་པའི་ཚེ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། འཕགས་པ་དགྲ་བཅོམ་པ། དགེ་སློང་། དགེ་སློང་མ། དགེ་བསྙེན། དགེ་བསྙེན་མ། ཚངས་པ། བརྒྱ་བྱིན། རྒྱལ་ཆེན་སྡེ་བཞི། ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། ཡི་དྭགས་དང་། ཤ་ཟ་ལ་སོགས་པའི་འཁོར་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་མེ་ལོང་གི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའི་ཚེ། ས་གཡོ་བ་དང་། འབྲུག་སྒྲ་གྲགས་པ་སོགས་རོལ་མོའི་སྒྲ་སྣ་ཚོགས་དང་། སྤོས་ཀྱི་དྲི་བསུང་འཐུལ་བ་དང་། མེ་ཏོག་གི་ཆར་རབ་ཏུ་བབས་པ་སོགས་ངོ་མཚར་གྱི་ལྟས་སྣ་ཚོགས་བྱུང་སྐབས། འཁོར་འདུས་པའི་ནང་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་མི་གཡོ་བར་བལྟ་ཞིང་ཐལ་མོ་སྦྱར་ཏེ་གསོལ་བ། ས་གཡོས་པ་སོགས་ངོ་མཚར་བའི་ལྟས་སྣ་ཚོགས་པ་འདི་རྣམས་བྱུང་བའི་རྒྱུ་ཅིའི་རྐྱེན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ་ཞེས་ཞུས་པར། འཇམ་དཔལ་དེ་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པ་ཞེས་བྱ་བའི་ཆོས་ཟབ་མོ་འདི་སྟོན་པར་འགྱུར་བ་དེའི་རྐྱེན་གྱིས་བྱུང་བའོ། །ཞེས་གསུངས་ནས། བཅོམ་ལྡན་འདས་ཀྱིས་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པ་ཟབ་མོའི་ཆོས་ཚིགས་སུ་བཅད་དེ་བཀའ་སྩལ་པ།
གཞོན་ནུ་ང་ལ་ལེགས་པར་ཉོན། །
ང་ཡི་བསྟན་ལ་ཞུགས་རྣམས་ལ། །
མན་ངག་འདི་ནི་རབ་ཏུ་གཅེས། །
དེ་ལ་མན་ངག་འདི་ཡིན་ཏེ། །
གཞི་རྩོམ་པ་དང་སྤེལ་བ་དང་། །
ཡང་དག་སྒྲུབ་པར་ངས་བཤད་དོ། །
འཁོར་བའི་འདམ་ལས་རྒལ་འདོད་པས། །
ལུས་ངག་ཡིད་ཀྱིས་སྤྱད་པར་བྱ། །
ཀུན་ཀྱང་གསུམ་དུ་རབ་ཏུ་ངེས། །
འབྲི་དང་ཉན་དང་འཛིན་པ་ལ། །
སློབ་པའི་སྒྲས་ནི་སྤྱི་ལ་ཁྱབ། །
སྦྱིན་དང་བཤད་དང་སྒྲོག་པ་ལ། །
རྒྱས་བྱེད་སྒྲས་ནི་སྤྱི་ལ་ཁྱབ། །
མཆོད་དང་བཟླས་བརྗོད་སྒོམ་པ་ལ། །
ཉེ་བར་སྦྱོར་བ་བཤད་པ་ཡིན། །
འབྲས་བུའི་གཞི་དང་རྒྱུ་ཡི་གཞི། །
རྟགས་ཀྱི་གཞི་རུ་ངས་བཤད་དོ། །
       ཞེས་སོགས་ཏེ་བཅོམ་ལྡན་འདས་ཀྱིས་ཞལ་ནས་གསུངས་དངོས་ཡིན་རུང་། ད་ཡོད་བོད་ཀྱི་བཀའ་འགྱུར་དང་སྔ་འགྱུར་རྒྱུད་འབུམ་སོགས་སུ་དཔེ་རྒྱུན་མི་བཞུགས།
       འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྟགས་ཕྱི་མ༥༧༥ནང་བཞུགས་པའི་དཔེ་རྙིང་བྲིས་མ་དབུ་མེད་འགྱུར་བྱང་མེད་པ་ལྡེབ༡༠ཅན་ཞིག་ཡོད་པ་དང་། ཡང་གནས་བཅུ་ལྷ་ཁང་གི་དཔེ་རྟགས་ཕྱི་མ༤༡༤ནང་བཞུགས་པའི་དཔེ་རྙིང་བྲིས་མ་དབུ་ཅན་ལྡེབ༡༦ཅན་ཞིག་ཡོད་པ་དེའི་མཇུག་བྱང་དུ། ལྷ་བཙན་པོ་བོ་དེ་རཱ་ཛའི་བཀའ་ལུང་གིས་དབུ་རྩེ་ནས་རྒྱ་གར་གྱི་དཔེ་ཕྱུང་ནས། བོད་ཀྱི་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་དང་། ཡང་བོད་ཀྱི་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས། ཆོས་སྐྱོང་བའི་རྒྱལ་པོ་ལྷ་ཅིག་བཙུན་པ་ལ་བསྟོད་པ་ཞེས་བྱ་བར། འོད་གསལ་ལྷ་སྲས་བྱང་ཆུབ་སེམས་དཔའི་གདུང་། །དབུས་ཀྱི་ས་སྐོར་མཁའ་ལ་ཟླ་བ་གཅིག །དམ་ཆོས་བརྟུལ་ཞུགས་གསོ་དཔྱད་མཁྱེན་པ་རྒྱས། །རྒོལ་བ་ཚར་གཅོད་མི་ཟད་དཔའ་བོ་འདྲ། །མི་དབང་ཁ་ལོ་བསྒྱུར་ལ་བདག་གིས་བསྟོད། །གཏི་མུག་ཤས་ཆེ་བློ་གྲོས་རྨོངས་པ་ཡིས། །སྒྲ་སྐད་ཐ་སྙད་རྒྱས་ལ་མི་འཚལ་བས། །ཚིག་དོན་མ་འབྲེལ་གཟིགས་པར་མི་བདེ་བ། །བོད་ཡུལ་དབུས་ཀྱི་མཁས་པ་ཐམས་ཅད་ཀྱིས། །བདག་ལ་བཀའ་མི་དབབ་ཅིང་བཟོད་པར་གསོལ། །ལྷ་ཅིག་བཙུན་པས་གསོལ་བཏབ་བདག་གིས་བསྒྱུར། །འདི་བསྒྱུར་བསོད་ནམས་རྒྱུ་ཆེན་དེ་ཡིས་ནི། །འགྲོ་བ་མ་ལུས་འདི་ལ་རབ་བརྟེན་ནས། །ཡོངས་རྫོགས་མཐའ་རུ་མངོན་པར་སངས་རྒྱས་ཤོག །ཅེས་གསལ།
       ཡང་གཞུང་འདིའི་འགྲེལ་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་ནི། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྟགས་ཕྱི་མ༤༡༤ནང་བཞུགས། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྣམ་བཤད་གཟི་བརྗིད་སྣང་བ་ཞེས་བྱ་བ། དཔེ་རྙིང་བྲིས་མ་དབུ་ཅན་ལྡེབ༥༥ཅན་ཞིག་ཡོད་པ་དེ་ནི། སློབ་དཔོན་ཆེན་པོ་ཀླུའི་དབང་ཕྱུག་གིས་མཛད་པ། བོད་ཀྱི་དགེ་ཚུལ་ཁྱུང་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཞེས་གསལ་བ་ཞིག་ཡོད། ཡང་སྣར་ཐང་བསྟན་འགྱུར་རྒྱུད་ཉུ་པོད་ནང་དུ་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྣམ་བཤད་གཟི་བརྗིད་སྣང་བ་བཞུགས།
       ཡང་ཆོས་སྤྱོད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་རྩ་བ་བྲིས་མ་འབྲུ་ཚ་ཞབས་རིང་པར་སློག་བརྒྱབ་པའི་ངོས་བཤུས་ཤིག །བལ་ཡུལ་ཞེ་ཆེན་དགོན་གྱི་དཔེ་མཛོད་ནང་ནས་མཇལ་བའི་ཟུར་མཆན་ལས། གཙང་སྟོན་གྱིས་བྲིས་ཞེས་གསལ་བ་ལྟར་ན་འདི་ནི་དུས་རབས་བཅུ་གསུམ་པའི་ནང་ཙམ་ལ་བྱོན་པ། སྔགས་རྙིང་མའི་སྒྱུ་འཕྲུལ་གྱི་མཁས་པ་གཙང་སྟོན་ཞེས་པ་དེ་ཡིན་པར་སེམས་པ་བཅས་སོ། །
       ཡང་ཚལ་པ་སྨོན་ལམ་རྡོ་རྗེས་བཞེངས་པའི་བསྟན་འགྱུར་རྒྱུད་པོད་དེ་རྟགས་ཅན་གྱི་ནང་དུ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ཀྱི་འགྲེལ་པ་གཟི་བརྗིད་སྣང་བ་དང་། མན་ངག་བདུད་རྩིའི་འཁོར་ལོ་ཞེས་བྱ་བའི་དཔེ་གཉིས་ཆར་ཡོད་པ་དཀར་ཆག་ལས་གསལ་ཡང་། དེ་རྟགས་ཅན་གྱི་པོད་དེ་ད་ལྟ་མཇལ་རྒྱུ་མེད་རྐྱེན་དགེ་བཤེས་གུང་ཐང་པས་འགྱུར་གནང་བ་མན་ངག་བདུད་རྩིའི་འཁོར་ལོ་ཞེས་པ། ཁོང་གིས་རྩིས་ཆེན་གནང་བའི་དཔེ་དེ་ད་ལྟ་འཇིག་རྟེན་མི་ཡུལ་དུ་བཞུགས་ཡོད་མེད་ལ་བསམ་བློ་མང་པོ་འཁོར།
       ཡང་སྡེ་དགེའི་བསྟན་འགྱུར་དཀར་ཆག་ལས། བྱ་རྒྱུད་ཀྱི་སྐོར་ནུ་རྟགས་ཅན་གྱི་ཆོས་ཚན་བཞི་པར། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ཀྱི་འགྲེལ་པ་གཟི་བརྗིད་སྣང་བ་ཞེས་བྱ་བ་ཀླུའི་དབང་ཕྱུག་གིས་མཛད་པ། དགེ་ཚུལ་ཁྱུང་གྲགས་ཀྱིས་བསྒྱུར་ཞེས། འདིར་རྩ་འགྲེལ་གཉིས་ཀ་རྫུན་མ་ཡང་དག་པ་ཞིག་འདུག་སྟེ། ནག་ཚོ་ལོ་ཙཱ་བས་ཡང་དག་ཏུ་བཞེད་པ་ཡིན་ཟེར་ནས། སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་འདིར་ཡང་བཞུགས་སུ་བཅུག་པ་ཡིན་ནོ་ཞེས་འཁོད་ཀྱང་། སྡེ་བསྟན་དཔེ་དངོས་སུ་མི་བཞུགས།
       དེ་ཡང་གཞུང་རྩ་འགྲེལ་གཉིས་ནི་དུས་རབས་བཅུ་པའི་སྨད་ཙམ་ལ་བོད་སྐད་དུ་བསྒྱུར་བ་ཞིག་སྟེ། སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་དང་བསྒྱུར་བའི་དུས་ཚོད་ཁ་གསལ་མ་རྙེད་རུང་། གཞུང་རྩ་བའི་འགྱུར་བྱང་དུ་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས། ཆོས་སྐྱོང་བའི་རྒྱལ་པོ་ལྷ་ཅིག་བཙུན་པ་ལ་བསྟོད་པ་ཞེས་བྱ་བར། འོད་གསལ་ལྷ་སྲས་བྱང་ཆུབ་སེམས་དཔའི་གདུང་། །དབུས་ཀྱི་ས་སྐོར་མཁའ་ལ་ཟླ་བ་གཅིག །དམ་ཆོས་བརྟུལ་ཞུགས་གསོ་དཔྱད་མཁྱེན་པ་རྒྱས། །རྒོལ་བ་ཚར་གཅོད་མི་ཟད་དཔའ་བོ་འདྲ། །མི་དབང་ཁ་ལོ་བསྒྱུར་ལ་བདག་གིས་བསྟོད། །གཏི་མུག་ཤས་ཆེ་བློ་གྲོས་རྨོངས་པ་ཡིས། །སྒྲ་སྐད་ཐ་སྙད་རྒྱས་ལ་མི་འཚལ་བས། །ཚིག་དོན་མ་འབྲེལ་གཟིགས་པར་མི་བདེ་བ། །བོད་ཡུལ་དབུས་ཀྱི་མཁས་པ་ཐམས་ཅད་ཀྱིས། །བདག་ལ་བཀའ་མི་དབབ་ཅིང་བཟོད་པར་གསོལ། །ལྷ་ཅིག་བཙུན་པས་གསོལ་བཏབ་བདག་གིས་བསྒྱུར། །འདི་བསྒྱུར་བསོད་ནམས་རྒྱུ་ཆེན་དེ་ཡིས་ནི། །འགྲོ་བ་མ་ལུས་འདི་ལ་རབ་བརྟེན་ནས། །ཡོངས་རྫོགས་མཐའ་རུ་མངོན་པར་སངས་རྒྱས་ཤོག །ཅེས་པ་ལྟར་ན་ལྷ་བཙན་པོ་བོ་དེ་ར་ཙ་ནི་མངའ་བདག་ཡུམ་བསྟན་གྱི་རྒྱུད་པ་ཞིག་སྟེ། ནེའུ་པཎྜི་ཏས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས། ཡུམ་བསྟན་གྱི་སྲས་ཁྲི་ལྡེ་མགོན། དེའི་སྲས་རིག་པ་མགོན། དེའི་སྲས་རྡོ་རྗེ་འབར། དེ་ལ་སྲས་གཅེན་གཅུང་གཉིས་ལས། གཅུང་ཁྲི་པ་ལ་སྲས་བཞི་ཡོད་པའི་ནང་ནས་ཆུང་བ་ལྷ་བཙུན་བོ་དེ་རཱ་ཛ་ཡིན་པར་གསལ་བས། ཁོང་ནི་དུས་རབས་བཅུ་གཅིག་པའི་སྟོད་ཙམ་དུ་བྱོན་པ་ཞིག་སྟེ། བསྟན་པའི་མེ་རོ་སྨད་ནས་གསོས་པའི་ཚེ་དབུས་གཙང་མི་བཅུའི་ནང་ཚན། འབྲིང་ཡེ་ཤེས་ཡོན་ཏན་ལྷ་བཙུན་བོ་དེ་རཱ་ཛས་བསམ་ཡས་སུ་གདན་དྲངས་ཏེ། ཁམས་གསུམ་ཟངས་ཁང་དུ་བཞུགས་སུ་བཅུག་ཅེས་གསལ་བ་དང་། ཇོ་བོ་རྗེའི་རྣམ་ཐར་ལས་ཀྱང་ཁོང་བསམ་ཡས་སུ་བཞུགས་སྐབས། ལྷ་བཙུན་བོ་དེ་རཱ་ཛས་ཡོན་བདག་མཛད་ནས་རིམ་པའི་ཆོ་ག་བསྒྱུར་ཞེས་གསལ་བ་སོགས་ཀྱིས་ཤེས་ནུས།
       ཡང་གཞུང་རྩ་བའི་བསྒྱུར་བྱང་དུ་ལྷ་བཙུན་བོ་དེ་རཱ་ཛའི་བཀའ་ལུང་གིས་དབུ་རྩེ་ནས་རྒྱ་གར་གྱི་དཔེ་ཕྱུང་ནས་ཞེས་གསལ་བ་ལྟར་ན། སྤྱིར་ལོ་རྒྱུས་རྣམས་སུ་བསམ་ཡས་སུ་རྒྱ་དཔེ་མང་པོ་བཞུགས་ཡོད་ཚུལ་དང་། དེའི་ནང་དུ་བོད་སྐད་དུ་མ་བསྒྱུར་བའི་གཞུང་ཡང་མང་པོ་ཡོད་པར་བཤད་པ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནས་མངའ་བདག་ཁྲི་རལ་པ་ཅན་གྱི་བར་མི་ལོ་བརྒྱ་ཕྲག་ཙམ་གྱི་རིང་། ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་རྒྱ་དཔེ་མང་པོ་ཞིག་བོད་དུ་སྤྱན་དྲངས་པའི་གྲལ་དུ་བཞུགས་ཀྱང་། བོད་སྐད་དུ་མ་བསྒྱུར་བ་ལ་ལྷ་བཙུན་བོ་དེ་རཱ་ཛས་སྐུལ་མ་ཞུས་ནས་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས་བསྒྱུར་བ་ཞིག་ཡིན་ཚོད་འདུག །
       ད་དུང་འགྱུར་བྱང་འདི་བརྒྱུད་ནས་ལྷ་བཙུན་བོ་དེ་རཱ་ཛ་སོགས་བཙན་པོའི་རྒྱལ་རྒྱུད་ཕྱི་མའི་སྐོར་དང་། སྐབས་དེ་དུས་ཀྱི་བསམ་ཡས་ཀྱི་རྒྱ་དཔེའི་གནས་སྟངས་ལ་ཡང་རྒྱུས་ལོན་དང་དཔྱད་དཔོག་བྱ་རྒྱུ་གལ་ཆེ་བ་དང་། བསྟན་བསྣུབས་ཀྱི་ཚད་གཞི་ལ་ཡང་དཔྱད་འཇོག་ཐུབ་པ་སོགས་ཞིབ་ཕྲ་དགོས་པ་མང་ཡང་དུས་ཚོད་ཀྱི་རྐྱེན་པས་དེ་ཙམ་མོ། །
       གོང་གི་སྡེ་བསྟན་དཀར་ཆག་ནང་དུ་འཁོད་པའི(འདིར་རྩ་འགྲེལ་གཉིས་ཀ་རྫུན་མ་ཡང་དག་པ་ཞིག་འདུག་སྟེ། ནག་ཚོ་ལོ་ཙཱ་བས་ཡང་དག་ཏུ་བཞེད་པ་ཡིན་ཟེར་ནས། སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་འདིར་ཡང་བཞུགས་སུ་བཅུག་པ་ཡིན་ནོ་ཞེས་འཁོད།)སྐད་ཆ་འདི་ལ་ཡིག་ནོར་གྱི་སྐྱོན་མེད་ན། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་རྩ་འགྲེལ་གཉིས་ཆར་རྫུན་མ་ཞིག་རེད། ཡིན་ནའང་ནག་ཚོ་ལོ་ཙཱ་བས་ཡང་དག་ཏུ་བཞེད་པ་དང་། བསྟན་འགྱུར་སྔ་མ་རྣམས་སུ་བཞག་ཡོད་པས་ན་འདིར་ཡང་བཞུགས་སུ་བཅུག་པ་ཡིན་ཞེས་གོ་རྒྱུ་དེ་རེད།
      དེ་ལྟར་ན་ཆོས་གཞུང་འདི་ནི་རྫུན་མ་ཞིག་ཏུ་ངོས་འཛིན་གནང་སྟེ་དངོས་སུ་མ་བཞག་པ་ལྟ་བུ་ཞིག་རེད། འོན་ཀྱང་དོགས་པ་ཅུང་ཟད་ཡོད་པ་ནི་སྡེ་བསྟན་དཀར་ཆག་གི་ཡི་གེ་ལ་ཆད་ལྷག་ཡོད་མེད་དེ་རེད། ད་སྔོན་རྫ་དཔལ་སྤྲུལ་གྱི་སྙིང་ཐིག་སྔོན་འགྲོའི་ནང་ཆོས་སྤྱོད་འདིའི་ལུང་དྲངས་པ་ལས་གཞན་དུ་འདིའི་སྐོར་མཐོང་མ་མྱོང་།
       མ་གཞི་དུས་རབས་བཅུ་པའི་གཡས་གཡོན་ཙམ་ལ་ཆོས་དག་མ་དང་རྫུན་མ། ཡང་ཆོས་ལོག་པ་དང་། ཆོས་ལོག་སྤེལ་མི་སོགས་ཀྱི་གཏམ་སྣ་ཚོགས་ཤིག་བྱུང་ཡོད་རུང་། དེ་དག་ལ་ཞིབ་པར་བརྟག་ན་རྒྱུ་མཚན་ཕྱོགས་རེ་བ་ཙམ་ལ་བརྟེན་ནས། རང་རང་གི་འདོད་བློ་སྐོང་ཆེད་ཙམ་ལས། རྒྱུ་མཚན་ལྡན་པ། གཏན་ཚིགས་ཀྱི་ལམ་ནས་ངེས་ཤེས་འདྲེན་ཆོག་པ་ཞིག་ནི་ད་ལྟའི་ཆར་མ་མཐོང་།
       འགའ་རེས་ནི་མདོ་ལམ་གསང་སྔགས་ཀྱི་ལྟ་སྤྱོད་ལ་སུན་འབྱིན་བྱས་པ་ཙམ་དང་། འགའ་རེས་ནི་གང་ཟག་གི་སྤྱོད་པ་ལ་སྙད་དེ་སྒྲོ་འདོགས་པ། ཡང་ཆོས་གཞུང་དེ་རྒྱ་གར་དུ་མེད་ཚུལ་གྱི་ཟེར་སྒྲོས་དང་། རྒྱ་གར་གྱི་སློབ་དཔོན་ག་གེ་མོའི་བོད་ཀྱིས་བཟོས་པར་བཤད་ཚུལ་སོགས། ཟེར་སྒྲོས་སྣ་ཚོགས་ཀྱི་ཡིག་ཚོགས་བཀྲམ་ནས་ཉི་མ་འཕུལ་བ་ཙམ་ལས། གཏན་ཚིགས་ཡང་དག་གི་ལམ་ནས་ཨོ་འདི་ཆོས་ལོག་ཟེར་ཡ་དེ་ཡིན་ན་ཅི་ཤེས་སྙམ་པའི་ཐེ་ཚོམ་སྐྱེ་ཆོག་པ་ཞིག་ཀྱང་ད་ལྟའི་ཆར་མཐོང་མ་ཐུབ།
       ནམ་རྒྱུན་པར་བོད་བརྒྱུད་ནང་བསྟན་པ་ཚོའི་སྐད་ཆ་བཤད་ཡོང་དུས་དངོས་པོ་སྟོབས་ཤུགས་ཀྱི་རིགས་ལམ་ནས་བདེན་རྫུན་ཐག་གཅོད་ཚུལ་དང་། དེ་ཡང་སྟོན་པའི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལས་འདས་མ་འདས། ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལས་ཕྱི་རོལ་ཏུ་གྱུར་མིན་ལ་དཔྱད་པའི་རྣམ་དཔྱོད་ཞིབ་མོ་ཞིག་ཡོད་བཟོ་འདྲ་བ་མང་པོ་ཞིག་བཤད་བཤད་པའི་རྔ་མ་ལ། འདོད་ཕྱོགས་དང་ཞེན་ཕྱོགས་ཀྱི་ལམ་ནས་ཚིག་འཁྲིའི་རྩོད་རྙོག་འབུད་པ་ཙམ་ལས། དེ་འདྲའི་བཤད་བསྡད་པ་ནང་བཞིན་གྱི་གུ་ཡངས་དང་། རྣམ་དཔྱོད་ཅན་གྱི་གཏམ་ནི་ཧ་ཅང་ཉུང་བ་དེ་རེད།
       འདི་འདྲ་ལྟ་ཡོང་དུས་ང་ཚོའི་ཡིད་སྨོན་གྱི་ཡུལ་དུ་གྱུར་པ་ཕལ་ཆེ་བ་ཡང་། མིའི་འཆིང་རྒྱ་ལས་མ་གྲོལ་བར་ཉི་མ་འཕུལ་བྱེད་ཀྱི་སྐད་ཆ་མང་པོ་ཞིག་བཤད་ཡོང་གི་ཡོད་པ་དེ་རེད། མཚམས་རེ་མདོ་སྔགས་བར་ལ་འགལ་འདུ་འདྲ་སྒྲིག །ཡང་ཆོས་དང་གང་ཟག་གི་སྐྱོན་ཡོན་རྣམས་བསྲེས་ནས་བསྟོད་སྨད་འདྲ་བཟོ། མཚམས་རེར་དུས་ཚོད་སྔ་ཕྱི་དང་། གྲུབ་མཐའ་སྔ་ཕྱི། རང་ཕྱོགས་གཞན་ཕྱོགས། ཐེག་པ་གོང་འོག་གི་ལུང་ཚིག་རྣམས་དྲང་ངེས་དང་སྣང་སྟོང་ཕྱོགས་རེ་བའི་ལམ་ནས་འཐེན་ཁྱེར་གྱི་རྩོད་པ་འདི་ཚོ་མཐོང་ཡོང་དུས། གནའ་ནས་བོད་ཡུལ་གྱི་མི་མང་ཤས་ཤིག་ནི། ད་ལྟའི་ང་ཚོ་ནང་བཞིན་ཉི་མ་འཁྱོལ་ཐབས་ཁོ་ན་ལ་བརྩོན་མི་ཡང་མི་ཉུང་བ་ཞིག་ཡོད་པར་མངོན།
       ད་ལྟའི་ཆར་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་རྩ་འགྲེལ་དང་། དེའི་མན་ངག་གི་ཡིག་ཆ་དག་མེད་ན་ཡང་ཐབས་མི་ཆག་ལ། ཡོད་ན་བེད་སྤྱོད་ཀྱི་རིན་ཐང་ཡོད་མེད་མི་ཤེས་རུང་། ལོ་ཙཱ་བ་དང་སྦྱིན་བདག་སོགས་དཀའ་ལས་རྒྱག་མི་རྣམས་ལ་བསམ་ན་ཅུང་ཟད་སྙིང་རེ་རྗེ་ཡོང་བ་དེ་རེད།
       ཐོག་མར་ཆོས་རྒྱལ་ལོ་པཎ་སུ་ལྟ་བུ་ཞིག་གིས་རྒྱ་དཔེ་བོད་དུ་གདན་འདྲེན་ཞུས། བར་དུ་དུས་འགྱུར་རིམ་པའི་ནང་དུའང་ཉར་ཚགས་བྱས། ཐ་མར་ལྷ་བཙུན་བོ་དེ་རཱ་ཛས་སྐུལ་ཏེ་དགེ་ཚུལ་ཁྱུང་གྲགས་ཀྱིས་བསྒྱུར་བ་ལ། ངོ་སོ་དང་དྲིན་མེད་པའི་ཁར་རྫུན་བཟོ་བྱས་པའི་མིང་ཐོགས། དེའི་རྗེས་ནག་ཚོ་ལོ་ཙཱ་བས་བདེན་དཔང་དང་བཅས་ཏེ་ཡང་དུ་དེའི་མན་ངག་བསྒྱུར་བ་སོགས་ཀྱི་དམིགས་ཡུལ་ནི། ཕྱི་རབས་ཚ་རྒྱུད་ཀྱི་བདེ་དོན་དུ་དམིགས་པ་ཞིག་ནི་ཡིན་ཚོད་རེད། ད་ལྟའི་ཆར་ཡིག་ཆ་འདི་དག་ལ་བེད་སྤྱོད་ཀྱི་རིན་ཐང་མེད་པའི་དབང་དུ་བཏང་ན་ཡང་། དཀའ་ལས་རྒྱག་མི་ཁོང་ཚོའི་ལྷག་བསམ་དང་དཀའ་སྡུག་ལ་བསམ་བློ་འཁོར་ཡོང་དུས་ལུས་སེམས་སྐྱོ་སྣང་གིས་གནོན་ཡོང་བ་དེ་རེད།
གནའ་དུས་ནག་ཇོ་ཁུ་གསུམ་དང་། ནག་ཇོ་རྔོག་གསུམ་སོགས་ཀྱི་སྐུ་ཐང་དང་རྣམ་ཐར་མང་པོ་མཐོང་རྒྱུ་ཡོད་པར་གྲགས།
       ཡང་བོད་དུ་ཇོ་བོ་རྗེ་ཕེབས་ཐུབ་པ་ནི་ཞེད་པོ་དཀའ་དྲིན་ཆེན་པོ་ཞིག་རེད། གལ་སྲིད་ཁོང་ཕེབས་མ་ཐུབ་ན་བོད་ཀྱི་ཁེ་དབང་ཕལ་ཆེ་བར་ཁ་སྦྱོར་ཐོར་ཅོག་ཅན་དག་གི་ལག་ལ་ཤོར་རྒྱུ་ཉག་ཅིག་ལས། དབུ་རིལ་ཞབས་རྗེན་པ་རྣམས་ཀྱིས་ས་མི་ཟིན་པའི་ཚུལ་གྱི་སྐད་ཆ་མང་དག་ཅིག །རྒྱུ་མཚན་ཡོད་མེད་ལ་དཔྱད་མི་དགོས་པར་ཆོས་ཁ་ལ་ཐོགས་པ་ཚང་མས་བཤད་དང་འཆད་བཞིན་པ་འདི་རེད། དེས་ན་ཇོ་བོ་རྗེ་བོད་དུ་ཕེབས་པ་ལ་ནག་ཚོ་ལོ་ཙཱ་བས་དཀའ་སྡུག་ག་ཚོད་རྒྱབ་པ་ནི་ཤེས་རྒྱུ་དེ་རེད། འོན་ཀྱང་ད་ལྟ་ནག་ལོའི་མཛད་རྗེས་ཀྱི་ཤུལ་ཙམ་ཡང་ཡིག་ངག་གཉིས་ཀྱི་ལམ་ནས་མཐོང་དཀོན་པ་འདི་ཅིས་ལན་པ་ཡིན་ནམ།
       ལར་ནས་ཁོང་སྐུ་འཚོ་བཞུགས་རིང་ཨ་མདོ་དགེ་ཆོས་ལྟ་བུའི་དཀའ་ངལ་འཕྲད་མེད་ཚོད་ཀྱང་། ཁོང་གི་དཀའ་སྡུག་གི་འབྲས་བུ་ལ་ཕྱི་རབས་ཚ་རྒྱུད་དག་གིས་ངོས་འཛིན་མེད་པའི་ཁར་འགའ་ཤས་ནི་རྫུན་མའི་གྲལ་དུའང་འཇོག་ནུས། དགེ་ཆོས་སྐུ་འཚོ་བཞུགས་སྐབས་ལ་བསམ་ན་ཡིད་སེམས་སྐྱོ་བ་ལ་ཚོད་ཅིག་མེད་ནའང་། ད་ལྟ་ཁོང་གི་དཀའ་སྡུག་མཛད་རྗེས་ལ་རིན་ཐང་དང་འདེགས་འཇོག་ཐོབ་པ་ལ་བསམ་ན་སྤྲོ་བ་འཕེལ་ཡོང་བ་དེ་རེད། འོན་ཀྱང་ནམ་རྒྱུན་བོད་ཡུལ་དུ་རྒྱུག་ཆེ་བའི་སྐད་ཆ་དྲིན་ཤེས་པ། དྲིན་བཟོ་བ། ཡ་རབས། དྲང་བདེན། བསྟན་པའི་ལ་རྒྱ། ལས་རྒྱུ་འབྲས་སོགས་སྐད་ཆ་སྙན་པོ་དེ་ཚོ་ནི་དམའ་རིམ་མི་སྣས་ཡིད་སེམས་གསོ་བྱེད་ཙམ་ལས། དོན་དངོས་སུ་གཡོ་སྟོབས་ཀྱི་ལམ་ནས་ཐག་གཅོད་རྒྱུ་ལས་མེད་པ་དེ་རེད།

ཅེས་སྔར་དཔེ་རྙིང་ཉམས་གསོ་སྐབས་ཀྱི་མྱོང་བ་རྣམས་ད་ལམ་ནག་ཚོ་ལོ་ཙཱ་བའི་གདན་ས་ནས་དྲན་གསལ་བའི་ཟིན་ཐོ་རྣམས། ལོ་དེའི་ཟླ༡༠པར་བཙན་མཚམས་སྐབས་ཉི་མ་འཕུལ་བྱེད་དུ་ཀརྨ་བདེ་ལེགས་ཀྱིས་སོ། །
འབྲེལ་ཡོད་འོས་སྦྱོར།