logo

ཨ་མྱེས་སྲིན་པོའི་དད་མོས་དང་རིག་གནས་ཞིབ་འཇུག

རྩོམ་པ་པོ།:སྐ་ཕུག་ཕག་མོ་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-24 ཀློག་གྲངས།:
༄༅། །མདོ་སྨད་ཡུལ་གྱི་གནས་རི་གྲགས་ཅན་ཨ་མྱེས་སྲིན་པོའི་དད་མོས་དང་རིག་གནས་ཞིབ་འཇུག
སྐ་ཕུག་ཕག་མོ་ཚེ་བརྟན།
 
གནད་བསྡུས། མདོ་སྨད་ཡུལ་གྱི་གནས་རི་གྲགས་ཅན་ཨ་མྱེས་སྲིན་པོ་ནི་ཐོག་མར་སྲིན་ཡུལ་ནས་རི་ཁ་བ་ཅན་ལ་རྒྱང་ཕུད་དུ་བཏང་ཞིང་ཤ་ཁྲག་ལ་རོལ་པའི་ནག་ཕྱོགས་པའི་སྲིན་པོ་ཞིག་ཡིན་པ་དང་།བར་དུ་སློབ་དཔོན་རིན་པོ་ཆེས་བསམ་ཡས་སུ་དམ་འོག་ཏུ་མ་ཚུད་པར་མདོ་སྨད་དུ་བྲོས་བྱོལ་ལ་འོངས་ཏེ་ཁྲི་ཀ་གོང་འོག་གི་དབུས་ཀྱི་རྫ་སྒང་ལ་གནས་བཅས་པ་ལ།མཐའ་མར་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་གྱིས་བསྟན་སྲུང་དུ་བཀའ་བསྒོས་དམ་བཞག་མཛད་དེ་དཀར་ཕྱོགས་སྐྱོང་བའི་ལྷ་རུ་བསྒྱུར་བ་དང་། ཕྱིས་སུ་སྐྱེས་ཆེན་མང་པོས་དེར་བསྐང་བསོལ་མཛད་པ་དང་། རིམ་གྱིས་ཁྲི་ཀ་གོང་འོག་སྟེ་དེང་གི་སྐད་དུ་གཅན་ཚ་དང་ཁྲི་ཀའི་ཤར་ལྷོའི་ཡུལ་གྱི་དད་ལྡན་མང་ཚོགས་ཀྱིས་ཐུན་མོང་གི་སྐྱེས་ལྷར་བཀུར་ཞིང་ཉིན་རྒྱུན་ཚུལ་ཇི་ལྟར་མཆོད་བཀུར་བྱེད་ཚུལ་དང་། རྗེས་སུ་འཚོ་བ་དངོས་ཀྱི་ཁྲོད་ངོ་མཚར་བའི་གཏམ་རྒྱུད་གང་དག་བྱུང་བ། ཁྱད་པར་དུ་དགྲ་ལྷ་ཨ་མྱེས་སྲིན་པོ་རི་ལྟེ་བ་ཡིན་པའི་རྫ་རྒྱུད་གཡས་གཡོན་དུ་ཆོས་ལུགས་གྲུབ་མཐའ་དང་སྒྲུབ་སྡེ་དགོན་པ་གང་དག་འཕེལ་བ། དེའི་ཁོ་ར་ཁོར་ཡུག་ཏུ་རི་དྭགས་དང་འདབ་ཆགས། རྩྭ་རྩི་ཤིང་དང་སྨན་སྣ་གཙོ་བོ་ཅི་ཞིག་མཆིས་པ། དམངས་ཁྲོད་ངག་རྒྱུན་དུ་སྲིན་པོ་རྫ་རྒན་འདི་ལ་བཤད་པ་ཅི་འདྲ་ཡོད་པ། དུས་ཡུན་རིང་མོར་དེ་ལ་དད་མོས་ཀྱིས་སྤྱི་ཚོགས་ལ་ཕན་ནུས་ག་འདྲ་ཐོན་པ་དང་།ལྷག་དོན་སྲིན་པོ་རི་ནི་ལོ་རྒྱུས་ཀྱི་ཁུངས་བཙུན་ཡིག་ཆ་དང་འབྲེལ་ན་བྱུང་སྔ་ལ་མདོ་སྨད་ཡུལ་གྱི་གནས་རི་གལ་ཆེན་ཞིག་ཡིན་པ་བཅས་སྒྲུབ་ཡོད།
གནད་ཚིག ཨ་མྱེས་སྲིན་པོ། བྱུང་ཚུལ། དམངས་ཁྲོད་ངག་རྒྱུན། དད་མོས།  སྤྱི་ཚོགས་ཕན་ནུས།

སྔོན་གླེང་།
       དེ་ཡང་ཏུན་ཧོང་ཡིག་རྙིང་ཨང་རྟགསP.T966པ་སྟེ། «མཁན་པོ་ནམ་ཀའི་སྙིང་པོའི་དགེ་བའྀ་བཤེས་ཉེན་གྱྀ་རྒྱུད་མདོར་བཤད་པ»ཞེས་པར་“སྲྀན་པོ་རྀ”[1]ཞེས་བྱུང་བ་དང་། «མདོ་སྨད་ཆོས་འབྱུང»ལས་དེང་གི་ཁྲི་ཀ་དང་གཅན་ཚ་གཉིས་ལ་སྔོན་གྱི་ཚེ་ན་ཁྲི་ཀ་གོང་འོག་གི་མིང་བརྡ་སྦྱར་ཡོད་པ་ལྟར། “ཁྲི་ཀ་གོང་འོག་གཉིས་ཀྱི་ས་མཚམས་སུ་སྲིན་པོ་རི”[2]ཞེས་བྱུང་པ་གཉིས་ནི་དོན་ལ་རི་བོ་གཅིག་ཡིན་ལ་གནས་རི་འགངས་ཆེན་ཞིག་ཡིན། དེ་ལ་གནས་པའི་གཞི་བདག་ལ་ཨ་མྱེས་སྲིན་པོ་ཟེར་ཞིང་། ཨ་མྱེས་སྲིན་པོ་ནི་དེང་གི་གཅན་ཚ་དང་ཁྲི་ཀའི་ཤར་ལྷོའི་ཡུལ་གྲུ་ཕལ་མོ་ཆེ་ལ་མཚོན་ན། སྐྱེས་ལྷའམ་དགྲ་ལྷ་གལ་ཆེན་ཞིག་ཏུ་བརྩི་ཞིང་། ཡུལ་ཕྱོགས་དེ་དག་གི་དགོན་པ་དང་སྔགས་ཁང་། ཐ་ན་སྡེ་པའི་མ་ཎི་ཁང་ཞིག་ཡིན་ན་ཡང་ཨ་མྱེས་སྲིན་པོའི་ལོགས་རིས་དང་ཞལ་ཐང་མེད་པ་ཧ་ཅང་ཉུང་ཉུང་ཡིན་ལ། བསྐང་བ་བསྐང་བསུར་སོགས་འདོན་པའི་ཚེ་ན་ཡང་ཆོས་སྐྱོང་ལས་གཞན་མགོ་ནས་རྨ་ཆེན་དང་བར་དུ་སྲིན་པོ། མཇུག་ཏུ་རང་སྡེ་བ་དང་ཚོ་པ་སོ་སོས་བསྟེན་པའི་གཞི་བདག་གང་ཡིན་དེའི་ཆོ་ག་འདོན་པ་ཡིན་ལ། སྔགས་པའི་གར་འཆམ་ནང་དུའང་ཧ་ལམ་ཨ་མྱེས་སྲིན་པོ་འཁྲབ་པའི་འཆམ་ངེས་པར་དུ་ཡོད་སྲིད། ཞོགས་པ་རེ་རེར་བསང་ཞིག་བཀྱགས་ནའང་ཁྱིམ་ཚང་ཕལ་མོ་ཆེས་ས་བརྒྱད་པ་ཐོབ་པའི་ཨ་མྱེས་སྲིན་པོ་འཁོར་མི་ནག་རྟ་ནག་གི་བདག་པོ་ཞེས་འབོད་ལ། ཟླ་རེའི་གནམ་གང་ཚེས་བརྒྱད་དང་བཞི་པའི་བཅོ་ལྔ་དང་། ཁྱད་པར་དུ་རྒྱ་ལོ་ཚེས་གཅིག་ཚེས་གསུམ་དང་དྲུག་པའི་བཅོ་ལྔ་བཅས་ལ་མཆོད་ཅིང་ལབ་ཙེ་སོགས་བསྟོད་པར་བྱེད་པ་དང་། གཞན་དཀར་པོ་ཆོས་དང་ཁྲ་བོ་གཉེན། ནག་པོ་དགྲ་བཅས་ཀྱི་སྐབས་སུའང་ཨ་མྱེས་སྲིན་པོ་འདིར་འབོད་པ་ཞིག་ཡིན། དེ་ལྟ་ནའང་། ད་ཆ་བོད་རིགས་ཤེས་ཡོན་པའི་ཁྲོད་དུ་གཞི་བདག་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་མཁན་རེ་འགའ་སྣང་ན་ཡང་། སྐྱེས་ལྷ་ཨ་མྱེས་སྲིན་པོར་དཔྱད་པ་གཏོང་མཁན་ཉུང་ཉུང་ཡིན། ཁྱད་པར་དུ་གནས་བདག་ཆེན་པོ་འདིའི་བསང་འབོད་དང་བསང་ཡིག་དཔྱད་གཞིར་བཟུང་བའི་རྩོམ་ཡིག་དང་དཔེ་དེབ། ཞིབ་འཇུག་སྙན་ཞུ་གང་རུང་མིག་སྔར་མཐོང་དཀོན་པ་དང་། གཞན་ཡང་དེང་གི་དུས་འདིར་ཕྱི་རབས་པ་རྣམས་ཀྱིས་ཨ་མྱེས་སྲིན་པོ་ཞེས་མིང་ཙམ་ཐོས་པ་ལས་ལྷ་མཐུ་བོ་ཆེ་དེའི་བྱུང་བ་དང་། གནས་ཡུལ། མཆོད་པའི་ཕན་ཡོན། དམངས་ཁྲོད་ཀྱི་གཏམ་རྒྱུད་དང་ངག་རྒྱུན་སོགས་ཅི་ཡང་བཤད་ཤེས་ཀྱིན་མེད། ཁོ་བོ་ནི་སྐྱེས་ལྷ་ཨ་མྱེས་སྲིན་པོར་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པས་དེའི་བྱུང་བ་དང་མིང་གི་ཐོགས་དོན། ཆ་བྱད་དང་མཆོད་པའི་ཕན་ཡོན། ཡུལ་མིའི་དད་མོས་བྱེད་སྟངས་སོགས་གང་འདྲ་ཡིན་པ་སྔོན་ནས་དོ་སྣང་ཡོད་པའི་ཁར། རི་སྒང་དེ་དང་འབྲེལ་བའི་གཅན་གཟན་རི་དྭགས་དང་། རྩྭ་རྩི་ཤིང་དང་སྨན་སྣ། བྱ་བྱེའུ་དང་འབའ་འབུ་སོགས་གང་དག་ཡོད་པ་བརྟག་པར་བྱ་བ་ལ་ཆེད་དུ་སྤྱི་ལོ2022ལོའི་སྤྱི་ཟླ7པའི་ཚེས25-26ཉིན་བར་ང་དང་གྲོགས་དམ་པ་པདྨ་དབང་རྒྱལ་གཉིས་ས་དམའ་མོ་རྨ་ཆུའི་ཁ་ནས་རི་མཐོན་པོ་སྲིན་པོའི་དབུ་རྩེ་བར་དངོས་སུ་ཡུལ་དངོས་རྟོག་དཔྱོད་དུ་སོང་བ་ཡིན། ལར་སྲིན་པོ་རིའི་དབུ་རྩེ་ནས་བལྟས་ཚེ་གཅན་ཚ་དང་ཁྲི་ཀའི་ཤར་ལྷོར་མཚོན་ན་སྲིན་པོ་རི་འདི་ནི་རྒྱབ་རི་ཡིན་ལ་རི་ལག་དང་ཆུ་ལག་མང་པོའི་འབྱུང་ཁུངས་ཡིན་པར་མ་ཟད། ལྷག་པར་དུ་སྲིན་པོ་རི་ནི་གཅན་ཚ་ས་ཁུལ་གྱི་ངོས་ནས་བཤད་ན་རིག་གནས་ཀྱི་བང་མཛོད་ལྟ་བུ་ཡིན་པས་དེས་ན་འདིར་ཁོ་བོས་ཨ་མྱེས་སྲིན་པོའི་རི་རྒྱུད་ལས་འཕྲོས་པའི་རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག་མི་རབས་རྗེས་མ་རྣམས་ལ་རང་གི་ཤེས་ཚོད་གོ་ཚོད་ཅིག་སྟབས་བདེའི་ཚིག་གིས་ངོ་སྤྲོད་ཙམ་བྱེད་པར་འདོད་དོ། །
དང་པོ། ཨ་མྱེས་སྲིན་པོའི་གནས་ཡུལ་དང་བྱུང་བ་བརྗོད་པ།
       ཨ་མྱེས་སྲིན་པོ་རི་ནི་གཅན་ཚ་རྫོང་གི་ནུབ་རྒྱུད་དེ་གཅན་ཚ་རྫོང་དང་ཁྲི་ཀ་རྫོང་གཉིས་ཀྱི་བར་མཚམས་སུ་ཡོད་པའི་རི་བོ་མིང་གྲགས་ཅན་ཞིག་ཡིན། “མཐོ་ཚད་ལ་མཚོ་ངོས་ལས་སྨི4614ཡོད། སའི་གོ་ལའི་འཕྲེད་ཐིག་བྱང་མ35°59′42“དང་། ཤར་གྱི་གཞུང་ཐིག101°40′43གྱི་སྟེང་ན་ཡོད། ས་བབ་གནས་ཚུལ་ཐད་ནས་ཨ་མྱེས་སྲིན་པོའི་དབུ་རྩེ་ལྟེ་བ་ཡིན་པའི་ཆ་ནས་གླེང་ན་ཕྱི་བསྐོར་གྱི་ཤར་ཕྱོགས་སུ་ས་བ་ཡན་དང་ཡ་རྫི་བར་གྱི་ཨ་མྱེས་ཀོའུ་མོ་དང་། ལྷོ་རུ་རེབ་གོང་ཨ་མྱེས་བྱ་ཁྱུང་ཡོད་ལ། ནུབ་ཏུ་རིག་མོ་ཨ་མ་ཟོར་དགུ་དང་། བྱང་ཕྱོགས་སུ་ཙོང་ཁའི་སྐྱེས་རི་བཅས་ཡོད། ནང་ངོས་ཀྱི་ཤར་ཕྱོགས་སུ་ཨ་མ་སྨན་བཙུན་སྒང་དང་། ལྷོ་རུ་ཨ་མྱེས་གཟིགས་ཆེན་སྒང་ཡོད་ལ། ནུབ་ཏུ་མཚོ་འཁྱིལ་སྒང་དང་། བྱང་ཕྱོགས་སུ་མཚོ་རྒན་ལབ་ཙེ་སྒང་བཅས་བྲ་མ་ཉག་གའི་རི་རྒྱུད་དང་འབྲེལ་ནས་ཡོད། སྲིན་པོ་རྫ་རྒན་ནི་རིའི་རྒྱལ་པོ་ཁྲི་ལ་བཞུགས་འདྲ་ཡོད་པའི་དབུ་རྩེ་ནས་བལྟས་ན། གཡས་སུ་ཨ་མྱེས་གཟིགས་ཆེན་དང་། གཡོན་དུ་བོན་དཀར་སྒང་ཡོད། མདུན་དུ་རྫ་དཀར་པོ་དང་། གཞུག་ཏུ་མཚོ་འཁྱིལ་སྒང་ཡོད། གཅན་ཚ་ནས་ཡར་བལྟས་ན། གཡས་ཕྱོགས་སུ་ལོ་བའི་སེར་ཆེན་དང་། གཡོན་དུ་དོ་རྒྱའི་རྫ་དམར། མདུན་དུ་རྫ་དཀར་པོ་དང་། གཞུག་ཏུ་ཨ་མྱེས་རྫ་རྒན་བཅས་ཡོད། ཁྲི་ཀའི་ཕྱོགས་ནས་བཤད་ན། སྟག་གདོང་གཉན་པོ་དང་བྱང་དམར་རི་རྒན་གཡས་གཡོན་དང་། རྫ་དཀར་པོ་དང་། ཨ་མྱེས་རྫ་རྒན་སྔུན་གཞུག་ཏུ་བསྐོར་ནས་ཡོད།”[3] “སྲིན་པོ་རིའི་སྤྱིའི་རྒྱ་ཁྱོན་ལ་མུའུ193440ཡོད་པ་ལས། ནགས་ས་མུའུ6660དང་། སྡོང་ཕྲན་ནགས་ས་མུའུ39055དང་། རྩྭ་ས་མུའུ119538བཅས་ཡོད།”[4] ལོ་ཧྲིལ་པོར་ཧ་ལམ་གངས་དཀར་གྱི་ཅོད་པན་མནབས་ནས་ཡོད། རི་རྒྱུད་ཀྱི་ཐད་ནས་བཤད་ན། གཅན་ཚ་རྫོང་གི་ལྷོ་ནུབ་ཀྱི་ཕྱོགས་དང་ཁྲི་ཀ་རྫོང་གི་ཤར་ལྷོའི་ཕྱོགས་སུ་འཕྲེད་ཀྱིས་བཅད་པའི་རི་རྒྱུད་ཅིག་ཡིན།
       དེ་ལ་རྣལ་འབྱོར་གྲུབ་པའི་དབང་ཕྱུག་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱི«ཁྲི་ཀ་སྲིན་པོ་རིའི་བསང་མཆོད་བསམ་དོན་ལྷུན་གྲུབ་མ»དཔེ་ཆ་སྣ་རིང་ལས། “དལ་འབབ་རྨ་ཀླུང་ཆུ་བོའི་འགྲམ་ཤེད་ན། །ཕྱོགས་བྲལ་མཚན་གསོལ་ཁྲི་ཀ་སྲིན་པོ་རི། །རྩེ་མོ་མངོན་མཐོ་དཀར་གསལ་མཁའ་ལ་སྙེགས། །རྩ་བ་རབ་རྒྱས་འཛིན་མའི་ཁྱོན་ཀུན་ཁྱབ། །སྐེད་པ་ལྷུན་སྟུག་སྤང་བྲག་ནགས་ཀྱིས་བརྒྱན། །”ཞེས་དང་། ཡབ་རྗེ་གསེར་ཁང་བའི«བསང་ཡིག»ལས་ཀྱང་། “ཀྱེེ།སྟེང་ན་ཆུ་འཛིན་དཀར་པོ་ཞྭ་ལྟར་མཛེས། །ཕུ་ན་བརྗིད་ཆགས་ཤེལ་དཀར་ལྷུན་པོས་མཛེས། །འདབས་ན་རྨ་ཆུ་སྔོན་མོ་དལ་གྱིས་འབབ། །བར་དུ་དགེ་མཚན་གཡང་དུ་འཁྱིལ་བའི་དབུས། །རབ་མཛེས་གངས་ཀྱི་ལྷུན་པོ་བརྗིད་ཆགས་ཅན། །རྩ་བར་ནགས་ཚལ་ཆུ་བོ་ལྷུང་ལྷུང་འབབ། །ཕྱོགས་མཚམས་བཀྲ་ཤིས་རི་ཕྲན་དུ་མས་བསྐོར། །”ཞེས་གསུངས་པ་ལྟར་དབུ་རྩེ་གཡའ་མས་བརྒྱན་ཞིང་། དུས་བཞིར་གངས་དཀར་གྱི་ཞྭ་མོ་མནབས་ཤིང་། འདབས་ན་རྨ་ཆུ་སྔོན་མོ་ལྷུང་ལྷུང་འབབ་པ། རི་སྐེད་ནགས་དང་སྤང་གིས་མཛེས་པར་བརྒྱན་པ། ཕྱོགས་མཚམས་ཀུན་ཏུ་རི་ཕྲན་དུ་མས་ཡོངས་སུ་བསྐོར་བའི་གནས་ཡུལ་ཁྱད་པར་ཅན་ཡིན་པ་བསྟན་ཡོད།
       ཨ་མྱེས་སྲིན་པོ་ཞེས་པའི་མིང་གི་སྒྲ་བཤད་ནི། ངག་རྒྱུན་དུ་ཤ་མཆོད་ཁྲག་མཆོད་ལ་དགྱེས་ཤིང་མི་ཤ་ཟ་བའི་སྲིན་རྒན་ཞིག་གནའ་སྔ་མོ་ཞིག་ལ་རྫ་སྒང་འདིར་གནས་བཅས་པ་ནས་མིང་ལ་ཨ་མྱེས་སྲིན་པོའམ་སྲིན་པོ་སྒང་ཞེས་འབོད། དོན་དམ་དུ་ཨ་མྱེས་སྲིན་པོ་བྱུང་ཡུལ་ནི། སྲིན་པོ་རྔ་ཡབ་གླིང་གི་པུ་རི་གྲོང་ཁྱེར་ནས་གཟའ་རྒོད་ཁྱབ་འཇུག་ཆེན་པོའི་འཁོར་ནག་ཕྱོགས་པ་ཞིག་ཡིན་པ་ལ་བར་དུ་བཀའ་ལ་མི་ཉན་པའི་སྲིན་པོ་སྐོར་ཞིག་རི་ཁ་བ་ཅན་ལ་རྒྱང་ཕུད་དུ་བཏང་བ་ཞིག་ཡིན་སྐད། དུས་དེར་ལྷ་སའི་བསམ་ཡས་གཙུག་ལག་ཁང་བཞེངས་བའི་སྐབས་དང་འཕྲད་པར། ཉིན་མོར་བཞེངས་པ་མཚན་བཤིག་པས་ན། སློབ་དཔོན་པདྨ་འབྱུང་གནས་ཀྱིས་དེར་འདྲེ་སྲིན་མཐུ་བོ་ཆེ་དང་ལྷ་མ་ཡིན་དང་མི་མ་ཡིན་སོགས་འགོང་པོ་ཐ་ཐེ་ཡོད་ཚད་བཀའ་བསྒོ་དམ་བཞག་ལ་རྩོམ་པའི་ཚེ། སྲིན་པོ་འདི་དེར་ཡང་དམ་འོག་ཏུ་མ་ཚུད་པར། མར་མདོ་སྨད་ཡུལ་དུ་བྲོས་བྱོལ་ལ་འོངས་ཏེ་ཁྲི་ཀ་གོང་འོག་གི་བར་གྱི་རྫ་སྒང་འདི་ལ་གནས་བཅས་པས་རིམ་གྱིས་ཨ་མྱེས་སྲིན་པོའམ་སྲིན་པོ་རི་ཞེས་ཐོགས་ཟེར། གོང་གི་བཤད་ཚུལ་འདིར་འབྲེལ་ཏེ་ཞིབ་འཇུག་བྱས་ན། ལྷ་རིས་སྐུ་ཕྲེང་བཞི་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི«རྣམ་ཐར»ནང་། ཉིན་ཞིག་ཁོས་གློ་བུར་དུ་མངོན་སུམ་སྣང་དུས་ཨ་མྱེས་སྲིན་པོར་དབུ་དགུ་ཡོད་ཟེར་བ་དང་། ཡང་བྲག་དཀར་སྔགས་རམས་པའི«རྣམ་ཐར»ནང་། སྟོད་མི་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་འཇམ་དབྱངས་ནཱ་ག་རཀྵ་ཤར་འདྲ་ཞེས་གསུངས་པ་དག་ལ་བསམ་ནའང་ཨ་མྱེས་ཁོ་རང་སྲིན་པོ་ཞིག་ཡིན་པ་སྒྲུབ་ཐུབ། དེ་ལྟར་སྲིན་པོ་རྫ་སྒང་འདིར་གནས་བཅས་རྗེས་དེར་ཡང་སྲིན་རྒན་འདིས་ནག་ཕྱོགས་ཀྱི་ལས་མཛད་དེ་ཁྲི་ཀ་གོང་འོག་གི་རྨ་ཆུའི་འགག་འཕྲང་དོག་པར་བྱས་ཏེ། སྡེ་བ་ཡར་སྣེ་དང་མར་སྣེའི་ཐམས་ཅད་རྨ་ཆུས་བསྣུབ་པར་བྱ་བའི་བསམ་སྦྱོར་ངན་པ་བཤམས་ནས་ཅུང་རིང་ཞིག་འགོར་བའི་དུས་དེར། “འཇམ་པའི་དབྱངས་ས་པཎ་ཀུན་དགའ་རྒྱལ་མཚན་ཧོར་རྒྱལ་གྱིས་གདན་དྲངས་ཏེ་མཚོ་སྔོན་དུ་ཕེབས་སྐབས་ཁྲི་ཀའི་རྒྱ་མཁར་མཆོད་རྟེན་རྩད་གཅོད་མཛད་དེ་གནས་འདིར་ཕེབས། རྒྱས་པོས་དད་འབུལ་གྱི་མུ་ཏིག་དྲེའུ་ཁལ་གཅིག་བསྐུར་བ་འབྱོར་བས་དེ་ལ་གཞི་བྱས་ཇོ་ཇོ་ལྷ་ཁང་རྟེན་དང་རྟེན་པར་བཅས་པ་བཞེངས། རབ་གནས་མཛད་དུས་སངས་རྒྱས་བྱང་སེམས་མང་པོ་ཐིམ་པའི་གཟིགས་སྣང་ཤར། མུ་ཏིག་གི་རྒྱ་སྐད་ཀྲེན་གྲུའི་ཟུར་ཆག་པས་ཇོ་ཇོ་ལྷ་ཁང་དུ་གྲགས་ཟེར།”[5] ངག་རྒྱུན་དུ་ཇོ་ཇོ་ལྷ་ཁང་རྗེ་ས་པཎ་གྱིས་ཉིན་ལ་བཞེངས་པ་ཨ་མྱེས་སྲིན་པོས་མཚན་གུང་གཏོར་པས་ན་ས་པཎ་གྱིས་དམ་ལ་བཏགས་ཤིང་དཀར་ཕྱོགས་སུ་བསྒྱུར་ཏེ་མིང་ལ་པདྨ་དབང་རྒྱལ་ཞེས་བཏགས་ཚུལ་ཡང་ཁོང་གིས་བརྩམས་པའི་སྲིན་པོའི་བསང་མཆོད་ནང་གསལ་བར་འཆད། ཕྱིས་སུ་ཨ་མྱེས་སྲིན་པོ་འདི་ས་བརྒྱད་པ་ཐོབ་འདུག་པར་གསུངས་མཁན་ཡང་ས་པཎ་ཀུན་དགའ་རྒྱལ་མཚན་ཡིན་པའི་ངག་རྒྱུན་ཡོད། ཡང་ལ་ལས་ཨ་མྱེས་སྲིན་པོ་འདི་ལྷ་ཆེན་འོ་དེ་གུང་རྒྱལ་ལ་སྲས་བརྒྱད་འཁྲུངས་པ་ཆེ་ཆུང་གི་རིམ་པ་ལྟར“ཡར་ཀླུང་ཁོག་གི་ཡར་ལྷ་ཤམ་པོ། བོད་བྱང་ཐང་གི་གཉན་ཆེན་ཐང་ལྷ། སྟོད་ཀྱི་ཇོ་བོ་སྒྱོགས་ཆེན་ལྡོང་ར། མདོ་སྨད་ཤར་ཕྱོགས་ཀྱི་རྨ་ཆེན་སྦོམ་ར། ཇོ་བོ་གཡུལ་རྒྱལ། སྐྱིད་ཤོད་ཞོགས་ལྷ་རྒྱུག་པོ། ཤེའུ་ཁ་རག་གནོད་སྦྱིན་གང་བཟང་”[6]བཅས་ཡོངས་གྲགས་སུ་འོ་དེ་གུང་རྒྱལ་ཁོ་རང་དང་བཅས་ཏེ་སྲིད་པ་ཆགས་པའི་ལྷ་དགུ་ལས་བཞི་པ་རྨ་ཆེན་སྦོམ་ར་ལ་སྲས་དང་སྲས་མོ་དགུ་དགུ་བཅོ་བརྒྱད་ཡོད་པ་དེ་ཡང་སྲས་ཆེ་ཆུང་གི་རིམ་པ་ལྟར། “རྡོ་རྗེ་གདུང་འཛིན། རྒྱལ་བུ་དོན་གྲུབ། དབང་དྲག་སྟོབས་ལྡན། དབང་དྲགས་ཐོགས་མེད་རྩལ། ནོར་བུ་དབང་རྒྱལ། རྡོ་རྗེ་གཟི་འོད་འབར། དབང་དྲག་མཐུ་བོ་ཆེ། ལྷ་སྲས་གཟི་འོད་འབར། སྣང་གསལ་འོད་ལྡན་བཅས”[7]ལས་དགུ་པ་འདི་ཡིན་ཚུལ་ཡང་བཤད། བཤད་ཚུལ་དེ་དང་ཆ་འདྲ་བར«མཚོ་ལྷོའི་རི་ཆུ་རིག་གནས»ཞེས་པ་ལས། “སྲིན་པོ་རྫ་འདི་ཨ་མྱེས་རྨ་རྒྱལ་གྱི་སྲས་དགུ་པ་སྟེ། སྲིན་པོ་དཔལ་ལྡན་དོན་གྲུབ་ཏུ་གྲགས་པའི་ལྷ་གཉན་དེ་ཉིད་ཡིན་པར་བཤད།”[8]པ་དང་། ཁ་ཅིག་གིས་ཨ་མྱེས་རྨ་ཆེན་གྱི་ནུ་བོ་སྲིན་པོ་དཔལ་ལྡན་དོན་འགྲུབ་ཀྱི་མིང་ལ་བརྟེན་ནས་ཐོགས་པར་ཡང་བཤད། འགའ་རེས་བཤད་ན། ཨ་མྱེས་རྨ་ཆེན་གྱི་བློན་ཆེན་སྡེ་བཞིའི་ཁྲོད་ཀྱི་གནས་བདག་ཅིག་ཡིན་པར་འཆད་ལ། འཁོར་མི་ནག་རྟ་ནག་ཅན་སྟོང་ཕྲག་མང་པོས་བསྐོར་བ་ཞིག་ཡིན་སྐད། དེ་ལ་བྲག་དཀར་སྔགས་རམས་པའི«བསང་ཡིག་བསམ་དོན་ལྷུན་གྲུབ་མ»ལས། “གང་གི་བཀའ་ལུང་མི་འགྱུར་རྡོ་རྗེའི་ཁུར། །སྣང་སྲིད་དྲེགས་པའི་གཙུག་ན་ངལ་གསོ་བ། །གྲུབ་དབང་ཆེན་པོ་པདྨ་ཐོད་ཕྲེང་རྩལ། །བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །བྱང་སེམས་རྡོ་རྗེ་འཛིན་པའི་ཚོགས་རྣམས་ཀྱིས། །བསྟན་དང་བསྟན་འཛིན་སྐྱོང་བར་བཀའ་བསྒོས་བཞིན། །སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །རྣལ་འབྱོར་མཐུན་རྐྱེན་སྒྲུབ་པའི་དམ་ཚིག་ཅན། །རྨ་ཆེན་བཀའ་བློན་སྲིན་པོ་གསེར་ཁྲབ་ཅན། །བདུད་འདུལ་གཏུམ་པོ་འཕྲོག་བྱེད་གཉན་གྱི་རྗེ། །དཀར་ཕྱོགས་སྐྱོང་བའི་ལྷ་རྒྱལ་དགེ་བསྙེན་ཆེ། །”ཞེས་གསུངས་པ་ལྟར་ན་ཨ་མྱེས་རྨ་ཆེན་གྱི་བཀའ་བློན་ཞིག་ཡིན་པར་བཤད་ཡོད། ཕྱིས་སུ་ཡུལ་མིའི་དད་མོས་ཀྱི་དབང་གིས་“སྲིན་པོ་འདིར་ནང་རང་སྡེར་ཞི་བའི་ཚུལ་དུ་མིང་ལ་དཔལ་ལྡན་དོན་གྲུབ་དང་། གཞན་འཕྲིན་ལས་བཞེངས་པའི་ཉིན་མོར་མིང་ལ་པདྨ་དབང་རྒྱལ། ལས་བཞི་དབང་དུ་སྡུད་པར་བྱེད་པའི་སྐབས་སུ་བཀྲ་ཤིས་དོན་གྲུབ། ཕྱིའི་དགྲ་སྡེར་ཁྲོས་པའི་སྣང་ངོར་མིང་ལ་དགྲ་འདུལ་དབང་ཕྱུག་ཟེར།”[9]ཞེས་དང་། ཡང་བཤད་སྲོལ་གཞན་དུ། གོང་ནས་བཤད་པ་ནང་བཞིན་ཨ་མྱེས་སྲིན་པོ་ནི་སྲིན་པོའི་ཡུལ་ནས་འོངས་ཤིང་། སྔོན་ཆད་ནག་ཕྱོགས་པ་ཞིག་ཡིན་ལ་མཐུ་ནུས་རབ་ཏུ་ཆེ་བ་དང་། བར་དུ་སྡིག་སྤོང་དགེ་སྒྲུབ་ཀྱི་འདུན་པ་ཆེ་སྟབས་རྗེ་གསེར་ཁང་བས་ད་ནས་ལྷོ་ཕྱོགས་སྲིན་པོའི་ཁག་གནོན་མཛད་དགོས་ཞེས་བསྟན་སྲུང་ལ་བཀའ་བསྒོས་ནས་དཀར་ཕྱོགས་སུ་བསྒྱུར་པའི་བཤད་ཚུལ་ཞིག་ཀྱང་ཡོད། བཤད་རྒྱུན་དེ་དང་འབྲེལ་ནས་ཅུང་མོལ་ན། རྗེ་གསེར་ཁང་བས་བྱ་ཁྱུང་དགོན་པའི་འདུ་ཁང་བཞེངས་རྒྱུར་ཁས་བླངས་ཏེ་ཨ་མྱེས་སྲིན་པོར་རེ་བ་ཞུས་བའི་མོད་ལ། ཨ་མྱེས་སྲིན་པོའི་འཁོར་ཚོགས་དང་བཅས་པས་བྱ་ཁྱུང་དགོན་པར་སྡོང་ཤིང་མང་པོ་འཁྱེར་ཡོང་དེ་བྱ་ཁྱུང་དགོན་པའི་འདུ་ཁང་ཆེན་མོ་བཞེངས་ཚུལ་གྱི་ངག་རྒྱུན་ཡོད་དོ། །གླེང་བརྗོད་འདི་དཔྱད་པ་ཞིག་བཏང་ན། «རྗེ་གསེར་ཁང་བའི་རྣམ་ཐར»དུ། “གསུར་འདི་ཨ་མྱེས་སྲིན་པོ་ཟེར་བའི་གཞི་བདག་འདི་ལ་ཕུལ་བ་ཡིན། གཞི་བདག་འདི་གསུར་ལ་དགའ་བ་ཞིག་འདུག །ངས་བརྒྱ་རྩ་གཏོང་བའི་སྐབས་སུ་གཞི་བདག་འདི་ཁོ་རང་ཆ་ལུགས་ངན་པ་ཞིག་བཟུང་ནས། འཁོར་ཡང་གཅིག་གཉིས་ཤིག་ལས་མི་འདུག་པ་ལ། གསུར་རེ་གཏོང་བའི་སྐབས་སུ་ཁོ་རང་ཆ་ལུགས་ལེགས་ཤིང་འཁོར་ཚོགས་མང་པོ་དང་བཅས་ཡོང”གསུངས་བ་ལ་བརྟག་ན་རྗེ་གསེར་ཁང་ཚང་གིས་ཨ་མྱེས་སྲིན་པོ་འདིར་བསྟེན་ནམ་ཅི། གང་ལྟར་ཁོ་གཉིས་བར་གྱི་འབྲེལ་བ་ཐུན་མིན་དམིགས་བསལ་ཅན་ཞིག་ཡིན་པ་ཚིག་དུམ་འདི་ལས་སྒྲུབ་ཐུབ། ལ་ལས། “སྲིན་པོ་མིན་པར་སྲིད་པོ་ཞེས་འབོད་ཅིང་། སྲིད་པའི་ལྷ་བབས་རྒན་པོ་ཞེས་ཀྱང་བྲིས་ཡོད།”[10] ད་དུང་། དམངས་ཁྲོད་ལ་ལར་སྔ་དུས་སུ་དེང་གི་ཁྲི་ཀ་གོང་འོག་གི་མཚམས་སུ་ཡོད་པའི་སྲིན་པོ་རི་འདིར་རི་དྭགས་དང་གཅན་གཟན་གྱི་རྒྱུ་བ་མང་ཞིང་ནགས་ཀྱི་རྫོང་མཐུག་ལ། བསྟན་པ་མ་དར་བའི་སྔ་དུས་སུ་འཇིགས་རུང་གདུག་རྩུབ་ཆེ་བའི་སྲིན་རྒན་ཞིག་གནས་དེར་ཡོད་པས་སྲིན་པོ་རི་ཞེས་ཐོགས་ཤིང་། ཕྱིས་སུ་རི་དེ་ལ་གནས་པའི་སྲིན་པོ་དེ་ཡུལ་དེའི་འཇིགས་པ་ལས་གཞོལ་ཕྱིར་ས་གནས་མང་ཚོགས་ཀྱིས་གཞི་བདག་ཏུ་བཀུར་ནས་གསོལ་མཆོད་བྱས་ཤིང་། ཐོག་མར་ནག་ཕྱོགས་པ་ཞིག་ཡིན་པ་ལ་ཕྱིས་སུ་དཀར་ཕྱོགས་སུ་གོང་སྨྲས་བཞིན་རྗེ་ས་པཎ་དང་རྗེ་གསེར་ཁང་བ་སོགས་ཀྱིས་བསྒྱུར་དང་རང་བཞིན་གྱི་གྱུར་བའི་བཤད་སྲོལ་ཡང་ཡོད། གང་ལྟར་གོང་གསལ་གནས་ཚུལ་འདི་དག་ནི་ཨ་མྱེས་སྲིན་པོའི་བྱུང་བ་དང་གནས་ཡུལ། བཤད་སྟངས་དང་གྲུབ་ཚུལ་སོགས་ཀྱི་ངག་རྒྱུན་དང་སྒོས་སུ་སྐྱེས་ཆེན་ཚོའི་ཉམས་སྣང་དང་སྦྱར་ཏེ་ཡིག་ཆ་དང་འབྲེལ་ནས་མདོ་ཙམ་འཆད་པ་ཡིན།
       གཤམ་དུ་སྲིན་པོ་རི་འདི་ལོ་རྒྱུས་ཡིག་ཚང་རྙིང་པ་དང་ཁུངས་གཏུགས་ནས་འཆད་ན། ཨ་མྱེས་སྲིན་པོ་རིའི་མིང་གི་བྱུང་བ་ནི།ཆེས་སྔ་ཤོས་ལ་ཏུན་ཧོང་ཡིག་རྙིང་ཤོག་དྲིལ། P.T996ལས་དཔེ་མཚོན་ཙམ་བཀོད་ན།
       ཡིག་རྙིང་འདིར། «མཁན་པོ་ནམ་ཀའྀ་སྙིང་པོའི་དགེ་བའྀ་བཤེས་ཉེན་གྱྀ་རྒྱུད་མདོར་བཤད་པ»ཞེས་པའི་ནང་དོན་ལས་མཚོན་ཙམ་མདོར་བསྡུས་སུ་བཀྲལ་ན། ཤོག་ངོས་འདིའི་མགོར་རྒྱ་གར་གྱི་མཁན་པོ་ཨ་རྟན་ཧྱེར་སེམས་ཅན་གྱྀ་དོན་དུ་རྒྱ་གར་ནས་ཨན་སེར་བྱོན་ནས་བེའུ་སྀང་ཧྭ་ཤང་སོགས་སློབ་མ་སུམ་བརྒྱ་བསྡུས་ནས་ཐེག་པ་ཆེན་པོའི་དོན་ལ་ཅི་ལྟར་འཇུག་པའི་སྒོ་བཤད་པ་དང་ལོ་བརྒྱ་ལོན་ནས་དུས་ལས་འདས་ཚུལ་དང་། དེ་ནས་ཨན་སོའྀ་རྒྱལ་པོས་བདག་ལ་ཚྀག་འགའ་ཡང་མ་བསྟན་པར་གཤེགས་སམ་ཞེས་སྨྲས་པ་དང་། མཁན་པོ་ཚེ་འདས་ཏེ་ཞག་གསུམ་ལོན་པ་སླར་བཞེངས་ཏེ། ཨན་སོའྀ་རྒྱལ་པོར་ཆོས་བཤད་ནས་དུས་ལས་འདས་སོ། །ཞེས་དང་།
       ཤོག་ངོས་དང་པོ་འདིའི་སྲིབ་ཤོག་གི་མགོར་གོང་གི་མཁན་པོ་ཨ་རྟན་ཧྱེར་གྱི་དངོས་སློབ་བེའུ་སྀང་ཧྭ་ཤང་ཡུལ་ཤ་ཅུ་དང་། ཀམ་ཆུ་ཕེབས་ཏེ་ཆོས་བཤད་པ་དང་སློབ་མ་རྣམས་ཚིམ་པར་བྱས། ལོ་བརྒྱད་ཅུ་ལོན་པ་ན་ཡུལ་སུ་ཅུ་ནས་ཚེ་འདས་ཚུལ་དང་། དེའི་སློབ་མ་མན་ཧྭ་ཤང་ཙོང་ཀར་གཤེགས་ནས། སློབ་མ་ཚིག་ཙ་ནམ་ཀ་སོགས་ལ་ཆོས་བཤད། (ཚིག་ཙ་ནམ་ཀ་ནི་མཁན་པོ་གནུབས་ནམ་མཁའི་སྙིང་བོའི་མིང་གི་འབྲི་ཚུལ་གཞན་ཞིག་ཡིནདེ་ནས་མན་ཧྭ་ཤང་ལོ་སུམ་ཅུ་ལོན་ཏེ་རྒྱ་ཡུལ་དུ་ཕེབས་ཁར་བདག་གྀ་སློབ་མ་ཚིག་ཙ་ནམ་ཀའྀ་ཆོས་ཀྱི་དོན་རྀག་སྟེ། ལམ་སྟོན་ནུས་ཀྱྀས་ཆོས་ལམ་སྤྱོད་པ་རྣམས་ཀྱྀ་དེར་དྲྀས་ཤྀག་ཅེས་བསྟན་ནས་རྒྱ་ཡུལ་དུ་གཤེགས་སོ། ཞེས་དང་།
       ཤོག་ངོས་གཉིས་པ་འདིའི་མགོ་ནས་མར་ཐིག་ཕྲེང་གསུམ་པའི་ནང་། མཁན་པོ་ནམ་ཀྱྀ་སྙིང་པོའི་ཡོན་ཏན་མདོར་བཤད་པ། དགེ་སློང་ནམ་ཀའྀ་སྙིང་པོ་དང་པོ། བཙན་པོ་ཁྲི་སྲོང་ལྡེ་བརྩན་གྀ་སྐུ་རྀང་ལ། རབ་ཏུ་བྱུང་ནས་དགོན་སར་དམ་བཅས་པ་དང་། བསོད་སྙོམས་སྤྱོད་པ་ལ་སྩོགས་པ། དབྱངས་པའྀ་ཡོན་ཏན་གྀ་ཆོས་ཡྀ་དམ་དུ་བླངས་ཏེ། བསམ་གཏན་གྱི་མན་ཧྭ་ཤང་ལས། ཐེག་པ་ཆེན་པོའི་དོན་ལ་ཅིག་ཅར་འཇུག་པའི་མན་ངག་མནོས་ཏེ། བསྒོམས་པ་ལས། ཆོས་ཀྱི་དོན་གོ་ནས་ལུང་ཐུབ་སྟེ།ཧྭ་ཤང་གིས་སྨྲས་པ། ཕ་སེང་གེ་ལས་བུ་ཝ་ལྟ་བུ་བྱུང་བ་ནི། བེའུ་སྀང་ཧྭ་ཤང་ལྟ་བུའི་སློབ་དཔོན་ལས། ཞེས་དང་།
       ང་འདྲ་བའི་སློབ་མ་བྱུང་བ་ཡིན་ནོ། །ཕ་ཝ་ལས་བུ་སེང་གེ་བྱུང་བ་ནི། ང་འདྲའི་སློབ་དཔོན་ལས། ཁྱོད་འདྲའི་སློབ་མ་བྱུང་ངོ་ཞེས་གནུབས་ནམ་མཁའི་སྙིང་བོར་ཤིན་ཏུ་བསྔགས་སོ། ། ཞེས་སོགས་མཁན་སློབ་གྱི་བྱུང་རིམ་གསུངས་པ་ལས། ད་ནི་དོན་གྱི་གཙོ་བོ་འཆད་པར་བྱ་བ་ལ།བཤད་མ་ཐག་པའི་ཚིག་གི་མཚམས་སུ་འཕྲོ་མཐུད། “མཁན་པོ་ནམ་ཀའྀ་སྙྀང་པོས། ཁྲྀ་ཀ་ཤྀང་ཡོང་གི་སྤྲུལ་པ་ལ། མཆོད་པ་བགྱྀས་པ་ལས། སྐུ་གཟུགས་ལས་འོད་བྱུང་ངོ་། སླར་ཡམ་ཡོག་གྀ་དབེན་སར་བཞུད་པྀའ་ཚེ། མཚོན་སྣ་ལྔའྀ་སྤྲིན་ཀྱྀས་བསྐྱལ་བ་ལས་སྩོགས་པའྀ་ཡ་མཚན་བྱུང་ངོ་། ཚེ་གཅིག་དུ་ཆོས་ལམ་སྒོམ་ཞྀང་། དབྱངས་པྀའ་ཡོན་ཏན་ལ་གནས་པྀའ་ཡྀ་དམ་མཐར་ཕྱྀན་ནས། ལོ་བདུན་ཅུ་རྩ་གཅྀག་སྟེ།ཁྱྀ་འྀ་ལོའི་དཕྱིད་སླ་ར་བ་ཚེས་ཉྀ་ཤུ་དགུ་ལ།ཞོང་པོང་གི་དགོན་སར་སྐྱྀལ་མོ་གྲུང་མ་གཡོས་།མདངས་མ་གྱུར་པར་དུས་ལས་འདས་སོ།དེའི་ནུབ་མོ་ནཱམ་གྀ་གུང་ལ་།དབེན་སའྀ་ལྟ་འོག་གི་ཞོང་པོང་གི་རི་རྒྱུད་ནས།སྲྀན་པོ་རྀའི་བར་གྀ་ནམ་ཀ་ལ་འོད་ཆེན་པོ་གཉྀས་ཆགས་སུ་བྱུང་བས་ཡུལ་ཕྱོགས། ཞེས་དང་།
       ༄། །གསལ་བར་གྱུར་ཏེ།ནུབ་ཕོགས་སུ་འདས་པར་གྱུར།”ཞེས་མཁན་པོ་ནམ་མཁའི་སྙིང་པོ་སྐུ་གཤེགས་པའི་ནམ་གྱི་གུང་ལ་སྲིན་པོ་རིའི་རྩེ་ནས་འོད་ཆེན་པོ་གཉིས་ཀྱིས་ཡུལ་ཕྱོགས་གསལ་བར་བྱས་ཚུལ་བསྟན་པ་ལས་སྲིན་པོ་རིའམ་དེ་ལ་གནས་པའི་གཞི་བདག་འདི་ཉིད་ད་ནས་ཡར་དེད་ན་མ་མཐའ་མི་ལོ1280ཡར་སྔོན་ཏེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཡས་མས་ནས་བྱུང་ཡོད་པ་མ་ཟད། ཡུལ་འདིའི་གནས་རི་གལ་ཆེན་ཞིག་ཡིན་པ་ཏུན་ཧོང་ཡིག་རྙིང་ལས་ཀྱང་གསལ་ལོ། །
       གཞན་ཡང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི«ལེགས་བཤད་མཛོད»དང«དཔྱོད་ལྡན་མཆོད་པའི་མེ་ཏོག»ཅེས་པའི་དུས་དེབ་ལས། ལྡེ་བཙུན་གྱི་ལྔ་བཅུ་ཐུགས་དམ་དུ་བཞུགས་ཏེ་ཚེ་ལ་རང་དབང་ཐོབ་པས་གདུང་རབས་དུ་མའི་རིང་ལ་བསྟན་པའི་གཉེར་འཛིན་མཛད། ལྷག་མ་ཉེར་ལྔ་མཁན་ཆེན་མུ་ཟི་གསལ་བཟང་གིས་སྤྱི་ལོ451ལོར་བསྣམས་ཏེ་གངས་དཀར་ཏི་སེ་དང་། སྤོས་རི་ངད་ལྡན། དང་ར་རྟ་སྒོ། གངས་ཅན་ཕྱུག་མོ། ཡར་ལྷ་ཤམ་པོ། ཁ་བ་གངས་བཟང་། ཀོང་བཙུན་དེ་མོ། གཤེན་རི་བདེ་ལྡན། གཉན་ཆེན་ཐང་ལྷ། སྤུ་བླ་གངས་རྒྱལ། ཁ་བ་དཀར་པོ། རྨ་ཆེན་པོམ་ར། གནས་ཆེན་དུང་རི། རྫ་རི་སྲིན་པོ་སོགས་གནས་ཆེན་ཁག་གི་སྤོ་ལ་བཅུག་པས་ད་ལྟའི་བར་དུ་གནས་ཤིང་བཞུགས། ཞེས་བཀོད་པ་དག་ལས་ཀྱང་སྲིན་པོ་རི་ཞེས་པའི་མིང་འདི་ཅུང་སྔ་མོ་ནས་ཡོད་པར་རིགས་པས་དཔྱད་ཐུབ། བོན་གྱི་བསྟན་འབྱུང་ཁག་དང་། ལྷག་པར་དུ་མདོ་སྨད་བོན་གྱི་མཁས་དབང་ཆེན་མོ«བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་གསུང་འབུམ»སོགས་སུ་མདོ་སྨད་རྨ་རི་དེལ་གསུམ་སྐོར་གྱི་ལོ་རྒྱུས་གང་མང་འཁོད་ཡོད་ཅིང་། དེ་དག་ཀྱང་། བོན་གྱི་སྒྲུབ་གཞུང་རྙིང་པ་དབལ་རམ་འབུམ་གསུམ་དང་། འདུལ་བསྟན་དར་བསྣུབས་ལོ་རྒྱུས་སྐོར་འཁོད་སྐབས་གསལ་བས། དེའི་སྐབས་སུ་ཨ་མྱེས་སྲིན་པོའི་རི་རྒྱུད་དུ་བོན་གྱི་གྲུབ་པ་ཐོབ་པའི་གང་ཟག་དགུ་རིམ་པ་བཞིན་བྱུང་ཡོད་ཚུལ་གསལ་པོར་གསུངས་ཡོད། གང་ལྟར། སྔོན་གྱི་དུས་སུ་ལྷ་དང་འདྲེ་ཞེས་པའི་འདུ་ཤེས་བྱུང་བ་ནས་རིམ་བཞིན་ལྷ་སྲིན་སྡེ་བརྒྱད་དང་འགོ་བའི་ལྷ་ལྔ་ཞེས་པ་སོགས་ཀྱི་དབྱེ་བ་རིམ་པར་བྱུང་བ་ནས་བཟུང་སྲིན་པོ་ཞེས་པའི་ཐ་སྙད་ཀྱང་བྱུང་ཡོད་ལ། སྔ་མོའི་དུས་སུ་རྒྱ་གར་གྱི་ལྷོ་ཕྱོགས་རྔ་ཡབ་གླིང་ནི་སྲིན་པོའི་ཡུལ་ཞེས་པར་ངོས་འཛིན་བྱ་སྲོལ་ཡོད་པར་གཞིགས་ན། “སྲིན་པོ”ཞེས་པའི་ཐ་སྙད་ལ་མ་མཐའ་ཡང་མི་ལོ2500ཡན་གྱི་ལོ་རྒྱུས་ཡོད་པ་ཤུགས་སུ་རྟོགས་ནུས་སོ། །ཡང་གཅིག་བསམ་ན། “སྲིན་པོ་རི”ཞེས་པའི་མིང་འདི་ནི་གངས་ཏི་སི་དང་། གཉན་ཆེན་ཐང་ལྷ། ཨ་མྱེས་རྨ་ཆེན། ཁ་བ་དཀར་པོ་དང་། ཤར་དུང་རི། ཙོང་ཁའི་སྐྱེས་རི་སོགས་ཀྱིས་མཚོན་པའི་བོད་ཡུལ་སྟོད་སྨད་བར་གསུམ་དུ་མཆིས་པའི་གནས་རི་དང་བླ་རི་སོགས་ཀྱི་མིང་དང་མི་འདྲ་བར། དམིགས་བསལ་ལམ་ཁྱད་པར་ཅན་གྱི་མིང་ཞིག་སྟེ། “སྲིན་པོ་རི”ཞེས་པ་བརྡ་སྦྱོར་མཁན་གང་དེའི་ཐོག་མ་ཉིད་ནས་འདོད་པ་དབང་བཙན་པར་བྱས་ནས་རང་དགར་རི་མིང་བཏགས་པ་ཞིག་མིན་པར། བཤད་རྒྱུན་དུ་ཨ་མྱེས་སྲིན་པོ་སྲིན་པོའི་ཡུལ་ནས་འོངས་ཞེས་པ་ལྟར། རྔ་ཡབ་གླིང་ནས་ཐོན་པའི་སྲིན་པོ་ཞིག་རི་སྒང་དེར་གནས་བཅས་རྗེས་ད་གཟོད“སྲིན་པོ་རི”ཞེས་ས་མིང་དེ་ལྟར་ཐོགས་པ་ནི་དོན་ལ་གནས་པར་སེམས། ཡང“སྲིན་པོ་རི”ཞེས་པ་མདོ་སྨད་ཁོ་ན་ལས་བོད་ཁམས་ཀྱི་ས་ཆ་གང་དུའང་མེད་དམ་ཞེ་ན་དེ་ཡང་མ་ཡིན་ཏེ། དབུས་དང་ཁྱད་པར་དུ་གཙང་གི་ཕྱོགས་སུའང་སྔོན་གྱི་ཚེ་ན་བན་བོན་གཉིས་ཀྱི་མཆོད་ཡུལ་དུ་གྱུར་པའི་“སྲིན་པོ་རི”ཞེས་པ་ཡོད་ལ། «ཐང་སྟོང་རྒྱལ་པོའི་རྣམ་ཐར»ལས། “དྲང་སྲོང་སྲིན་པོ་རི་ཞེས་པ། །འདི་ལ་དབུས་ཕྱོགས་སྦུས་རི་ཟེར། །གཡས་ན་དཔལ་གྱི་བསམ་ཡས་ཡོད། །གཡོན་ན་ཆོས་འཁོར་ལྷ་ས་ཡོད། །”ཅེས་དང་། རྣམ་ཐར་དེའི་ནང་ད་དུང་དབུས་ཀྱི་སྲིན་པོ་རིའི“རི་རྒྱུད་ཀྱི་རྩ་བ་རྒྱ་ནག་རི་བོ་རྩེ་ལྔར་ཐུག”ཅེས་སོགས་གསུངས་ཡོད། དབུས་ཀྱི་སྲིན་པོ་རི་ཞེས་པ་ནི་བཙན་པོའི་རྒྱལ་རབས་སྐབས་ནས་འབོད་བཞིན་པའི་མིང་བརྡ་རྙིང་བ་ཞིག་ལགས། དཔེར་ན། «རོང་སྟོན་ཆེན་པོའི་རྣམ་ཐར»དུ། “སྙེ་ཕུ་ཤུག་གསེབ་ནས་སྲིན་པོ་རིའི་བར་སྔོན་ལྷ་བཙན་པོ་དང་སློབ་དཔོན་པདྨས་བྱིན་གྱིས་བརླབས་པའི་ས་བོད་ཀྱི་རི་བོ་རྩེ་ལྔ”ཞེས་གསུངས་པ་ལས་ཀྱང་“སྲིན་པོ་རི”ཞེས་འབྱུང་ལ། གཞན། ཡིག་ཚང་རྣམས་སུ། “ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་འུ་དུམ་བཙན་བཀྲོངས་རྗེས་ཆུ་ལྷོ་ཁར་བརྟོལ་ཏེ། དྲང་སྲོང་སྲིན་པོ་རིར་བྲོས་པ་དང་། དེ་ནས་རིམ་བཞིན་ཡེར་པར་སོང”ཞེས་པ་སོགས་ལས་ཀྱང“སྲིན་པོ་རི”ཞེས་པ་ཡང་ཡང་བྱུང་བ་འདི་ལ་བསམ་ན་དབུས་སུ་ཡང་སྲིན་པོ་རི་འདི་བྱུང་སྔ་བ་ཤེས་ཐུབ་ལ། མ་ཟད་ལོ་རྒྱུས་ཡིག་ཆ«དེབ་སྔོན»དང«ཆོས་འབྱུང་མཁས་དགའ» «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»སོགས་ཚད་ལྡན་གྱི་ཡིག་ཚང་རྣམས་སུ་ཡང“སྲིན་པོ་རི”ཞེས་པའི་ཐ་སྙད་མང་པོ་མཐོང་རྒྱུ་ཡོད་པ་འདི་དག་ལ་གཞིག་ན་དབུས་གཙང་དང་ཨ་མདོའི་ཡུལ་གྱི“སྲིན་པོ་རི”ཞེས་པའི་སྲིན་པོ་འདི་དག་སྲིན་ཡུལ་ནས་རྒྱང་ཕུད་དུ་བཏང་སྟེ་རི་བོ་གངས་ཅན་གྱི་ལྗོངས་འདིར་ཡོང་གྲོགས་སྐོར་གཅིག་ཡིན་པར་བརྟག་བྱ་ཤིན་ཏུ་ཆེ། གང་ལྟར་མདོ་སྨད་ཡུལ་གྱི་སྲིན་པོ་རྫ་རི་ནི་དེང་གི་གཅན་ཚ་དང་ཁྲི་ཀའི་ཤར་ལྷོའི་ཡུལ་གྱི་སྟག་ཤར་ཚོའི་དགྲ་ལྷ་གཅིག་པུར་གྱུར་ཡོད་ལ། རི་བོ་འདིའི་མགོ་གཡའ་རི་དང་སྐེད་པ་རྫ་རི། འདབས་སྤང་དང་ནགས་རི་ཡིན་པ་མ་ཟད། གཅན་ཚ་སྲིབ་རྟ་ལ་མཚོན་ན་རྩ་བའི་རི་ལག་ཆེན་པོ་བརྒྱད་དང་ཆུ་ལག་ཆེན་པོ་བརྒྱད་ཀྱི་མགོ་ཁུངས་ཀྱང་ཡིན་ནོ། །
གཉིས་པ། ཨ་མྱེས་སྲིན་པོའི་སྐུ་གཟུགས་ཀྱི་ཆ་བྱད་དང་ཕྱག་མཚན་གྱི་སྐོར།
       སྤྱིར་བསང་ཡིག་མང་པོ་ཞིག་གི་ཁྲོད་དུ་མཆོད་ཨོཾ་ཨཱཿ་ཧཱུྃ་ཞེས་བྱུང་བ་ཡང་། ཆོས་སྐྱོང་སྲུང་མ་མང་པོ་ཞིག་དང་འདྲ་བར་གཟུངས་སྔགས་དང་མཐུ་ནུས་མཚོན་པའི་ཚུལ་ལ་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུྃ་ཡོད་པས་མཚོན་ཏེ། ཁོ་བོས་དགོན་སྡེ་ཁག་ཏུ་གནས་མཇལ་རིག་གཞུང་ཉམས་ཞིབ་བྱེད་སྐབས་བརྟག་དཔྱད་རྒྱུས་ལོན་བྱས་པ་ལྟར་ན། དགེ་ལུགས་པའི་ཆོས་སྐྱོང་གཙོ་བོ་དམ་ཅན་ཆོས་རྒྱལ་གྱི་ཐུགས་ཀའི་མེ་ལོང་དུ་ཛ་ཡིག་ཡོད་པ་དང་། དཔལ་ལྡན་ལྷ་མོར་བྷྱོ་དང་། དེ་བཞིན་དུ་གནས་ཆུང་ལ་ཧྲ་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བ་དང་། རྨ་རྒྱལ་སྦོམ་ར་ལ་ཀྱེ་སོགས་སོ་སོར་བཏགས་ཡོད་པ་ལྟར། ཡུལ་ལྷ་གཞི་བདག་གི་ཆིབས་རྟ་ལ་ཡང་རིགས་དུ་མ་ཡོད། སྤྱིར་བཏང་དུ་ལ་ལ་ཤྭ་བ་དང་ཡུ་མོ་ལ་ཞོན་པའི་སྒེག་ལྡན་བཙུན་མོའི་ཚུལ་དུ་རོལ་བ། ལ་ལ་རྟ་མཆོག་སྤྲིན་གྱི་ཤུགས་ཅན་ལ་བཞོན་པའི་དམག་དཔོན་གྱི་ཚུལ་དུ་རྒྱུགས་པ་དང་། ལ་ལ་གཡག་རྒོད་དང་སྟག་དོམ་དར་མ་ལ་བཞོན་པའི་ཕོ་ཉའི་ཚུལ་དུ་རྒྱུ་བ། ལ་ལ་ནི་སྟག་སེང་ཁྱུང་འབྲུག་ལ་བཅིབས་པ་ཞི་རྒྱས་དབང་དྲག་གི་ལས་མཛད་པའི་ཚུལ། ལ་ལ་འཇའ་སྤྲིན་འཁྲིགས་པའི་ཀློང་ན་རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན་པ། ལ་ལ་ནགས་ཚལ་སྟུག་པོའི་གསེབ་ན་ཏིང་འཛིན་གཉིད་ཀྱི་འོད་གསལ་སྐྱོང་བ།ལ་ལ་སྤང་ལྗོངས་གཡུ་སྔོན་གྱི་ཐང་ན་རལ་གྲི་མདའ་མཚོན་གྱི་རྩལ་སྦྱོང་བྱེད་པ་སོགས་ཀྱི་ཚུལ་མཛད་བཞིན་པ་སོགས་སྣ་ཚོགས་ཤིག་འདུག་པ་ལ་གཞིགས་ན། ཨ་མྱེས་སྲིན་པོ་ནི་རྣམ་པའི་ཆ་ནས་དྲག་པོའི་ལས་མཛད་མཁན་གྱི་དམག་དཔོན་གྱི་ངང་ཚུལ་ཅན་དུ་གཏོགས་པ་ཤེས་ཐུབ་བོ། །
       བྱེ་བྲག་ཏུ་གཞི་བདག་སོ་སོའི་སྐུའི་ཆ་བྱད་དང་ཕྱག་མཚན་སོགས་མི་འདྲ་བ་སྣ་ཚོགས་ཡོད་པ་བསང་ཡིག་དང་གཏམ་རྒྱུད། ཐང་ཀ་སོགས་ལ་བལྟས་ན་ཤེས་གསལ་ལྟར། འདིར་བསང་ཡིག་དང་འབྲེལ་ཏེ་ཨ་མྱེས་སྲིན་པོའི་སྐུ་གཟུགས་ཀྱི་ཚུལ་ལ་དཔྱད་ན། ས་བརྒྱད་པ་ཐོབ་པའི་གཞི་བདག་གྲགས་ཅན་ཨ་མྱེས་སྲིན་པོ་ནི་རྟེན་ཕོ་ལྷ་ཞིག་ཡིན་ཞིང་སྐུའི་ཆ་བྱད་ནི། ལྷ་རི་སྐུ་ཕྲེང་བཞི་བ་ཚང་གི«རྣམ་ཐར»ལྟར་ན། ཨ་མྱེས་སྲིན་པོར་དབུ་དགུ་ཡོད་ལ་ཆིབས་རྟ་ངང་སེར་ཡིན་པའི་ཚུལ་ནི་འཇིག་རྟེན་རྙིང་པར་ཁོའི་གཟིམ་ཁང་གཡས་ཟུར་དུ་གློ་བུར་ཁོང་གིས་ཞལ་མངོན་སུམ་དུ་མཐོང་བ་ཇི་བཞིན་དུ་ཁོང་ཚང་ལྷ་བྲིས་སྒྱུ་རྩལ་ལའང་མཁས་པས་འཕྲལ་མར་ལྡེབས་རིས་སུ་བཀོད་ཚུལ་བཅིངས་འགྲོལ་སྔོན་དུ་ཀུན་གྱི་མཐོང་སྣང་དུ་གྱུར་བ་དེར་བརྟག་བྱ་ཆེ། དེ་བཞིན་ཁོང་གིས་མཛད་པའི«སྲིན་པོའི་བསང་ཡིག»ལས། “ཧཱུཾ༔སྔོན་ཚེ་དུས་གསུམ་རྒྱལ་བའི་སྤྱན་སྔ་རུ། །བསྟན་དང་བསྟན་འཛིན་རྣལ་འབྱོར་བུ་བཞིན་དུ། །སྐྱོང་བར་ཞལ་བཞེས་རྨ་གཉན་བཀའ་བློན་མཆོག །ལྷ་ཆེན་གཏུམ་པོ་བདུད་འདུལ་གསེར་ཁྲབ་ཅན། །སྐུ་མདོག་དཀར་པོ་ཕྱག་གཡས་མདུང་དར་འཕྱར། །གཡོན་པས་ནོར་གཞོང་རིན་ཆེན་གང་བ་འཛིན། །དབུ་ལ་གསེར་ཞྭ་ཞབས་ལ་སག་ལྷམ་གྱོན། །སྐེད་ལ་དཔའ་ཆས་སྟག་རལ་གཟིག་ཤུབས་འཛིན། །གསེར་སྒ་རིན་ཆེན་གསེར་མཐུར་གྱིས་སྤྲས་པའི། །རྟ་མཆོག་ངང་བ་རྫུ་འཕྲུལ་ཤུགས་ལྡན་ཆིབས། །”ཞེས་སྐུ་མདོག་དཀར་ཞིང་ཕྱག་གཡས་པས་དར་མདུང་འཕྱར་ཡོད་པ་དང་། ཕྱག་གཡོན་མར་ནོར་གྱི་གཞོང་པ་འཛིན་ཅིང་ནང་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ། དབུ་ལ་དར་ལྔ་ཅན་གྱི་གསེར་ཞྭ་དང་ཞབས་ལ་སག་ལྷམ་གྱོན་པ། སྐེད་པར་དཔའ་ཆས་ཀྱི་སྟག་གི་རལ་པ་དང་གཟིག་པགས་ཀྱིས་བརྒྱན་ཞིང་། རྟ་སྒ་དང་མཐུར་མདའ་ནི་རིན་ཆེན་གསེར་གྱིས་སྤྲས་པ་དང་། རྟ་མཆོག་ངང་སེར་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པར་བཅིབས་པ་ཞིག་ཡིན་པ་བསང་ཡིག་ལས་ཤེས་ཐུབ་པའོ། །
       གཞན། བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱིས་མཛད་པའི«སྲིན་པོ་བསང་མཆོད་བསམ་དོན་ལྷུན་གྲུབ་མ»ལས། “ཀྱེ། རང་གི་མདུན་དུ་ཆར་སྤྲིན་ཕུང་པོའི་དབུས། །ཡིད་འཕྲོག་འཇའ་འོད་འཁྲིགས་པའི་གཞལ་ཡས་ནང་། །རིན་ཆེན་རྒྱན་ལྡན་རྟ་མཆོག་བཞོན་པའི་སྟེང་། །འབྲོག་གནས་ལྷ་ཡི་དགེ་བསྙེན་གཞི་ཡི་བདག །དཀར་གསལ་ཞི་སྒེག་དཔའ་བརྗིད་ཉམས་དང་ལྡན། །ཕྱག་གཡས་མདུང་དར་འཕྱར་ཞིང་གཡོན་པ་ནི། །རྨ་གཡང་བཅུད་བཀང་ནོར་གཞོངས་ཞགས་པ་འཛིན། །སྐུ་ལ་གསེར་ཁྲབ་དབུ་ལ་རྨོག་ཞུ་གསོལ། །ཞབས་ལ་སག་ལྷམ་རྐེད་ལ་སྟག་རལ་དང་། །གཟིག་ཤུབས་མདའ་གཞུ་དཔའ་བོའི་ཆས་ཀྱིས་སྤྲས། །མཆེད་ལྕམ་སྨན་མོ་ལྷ་ཀླུ་གཞི་བདག་བཅས། །དགྱེས་པའི་གར་གྱིས་མི་གཡོ་བརྟན་པར་བཞུགས། །”ཞེས་གོང་གི་ལྷ་རི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་གསུངས་བ་དང་ཚིག་གི་སྡེབ་སྦྱོར་ཙམ་ལས་ཧ་ལམ་དོན་གཅིག་པ་ཡིན་ལ། གཞན། ཁོང་གི«རྣམ་ཐར»དུ། གོང་དུ་སོང་ཟིན་པ་ལྟར། “སྟོད་མི་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་འཇམ་དབྱངས་ནཱ་ག་རཀྵ་ཤར་འདྲ”[11]ཞེས་སྐུའི་ཆ་བྱད་གཞན་ཡང་གསུངས་ཡོད་པར་གཟིགས་ན་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་གཏད་མི་འདྲ་བ་ལ་བརྟེན་ནས་སོ་སོར་ཉམས་སྣང་མི་འདྲ་བ་འཆར་རྒྱུ་ཡོད་པའང་སྲིད། གང་ལྟར། ཁོང་རྣམ་པས་མཛད་པའི་བསང་ཡིག་དང་དམངས་ཁྲོད་ངག་རྒྱུན་དག་བསྡུར་ནས་དཔྱད་ན། ཡབ་རྗེ་གསེར་ཁང་བས་མཛད་པའི«ཨ་མྱེས་སྲིན་རྒན་པདྨ་དབང་སྡུད་ཀྱི་གསོལ་མཆོད»ལས། “གསེར་ཁྲབ་སེར་པོ་ལུས་ལ་གྱོན། །དབུ་ལ་གསེར་གྱི་མོག་ཞྭ་མནབས། །ཕྱག་ན་རྦ་ལྕག་སེར་པོ་ཕྱར། །བཅིབས་སུ་ངང་བ་སེར་པོ་ཆིབས། །གསེར་ཁྲབ་གཡུ་མཐུར་སི་ལི་ལི། །གསེར་འོད་སྒ་སྟན་ལྷབ་སེ་ལྷབ། །གསེར་སྒ་སེར་པོ་བང་སེ་བང་། །གསེར་གྱི་ཡོབ་ཆེན་ཁྲ་ལ་ལ། །མུ་ཏིག་གོང་རྨེད་ཀྱིག་སེ་ཀྱིག །སྲིན་པོ་ཐམས་ཅད་ཟིལ་གྱིས་གནོན། །གསེར་གྱི་ཁྲབ་ཅན་སྟོང་གིས་བསྐོར། །”ཞེས་བཀོད་པ་ལྟར་ན། སྐུ་ལ་གསེར་ཁྲབ་སེར་པོ་དང་། དབུ་ལ་གསེར་གྱི་མོག་ཞྭ་མནབས་པ། ཕྱག་ན་རྦ་ལྕག་སེར་པོ་བསྣམས་པ། ཆིབས་རྟ་ངང་བ་སེར་པོ་བཅིབས་པ། གསེར་ཁྲབ་དང་གཡུའི་མཐུར་མདའ་ཅན། གསེར་སྒ་དང་གསེར་སྟན། གསེར་གྱི་ཡོབ་ཆེན། མུ་ཏིག་གི་གོང་རྨེད། འཁོར་གསེར་ཁྲབ་ཅན་སྟོང་གིས་བསྐོར་བར་གསུངས་པའོ། །བསང་ཡིག་ཁག་ལས་སྤྱིའི་ཆ་ནས་སྐུའི་ཆ་བྱད་ཕལ་ཆེར་མཚུངས་མོད། ཅུང་ཟད་མི་འདྲ་ས་ནི་ཕྱག་གཡས་པར་དར་མདུང་དང་ལ་ལས་རྦ་ལྕག་ཕྲ་མོ་འཛིན་ཚུལ་ཙམ་མོ། །དེ་ནི་གསོལ་མཆོད་རྩོམ་མཁན་རང་ཉིད་ཀྱི་གཏད་བྱའི་རེ་སྨོན་མི་འདྲ་བར་གཞིགས་ནས་མཆོད་ཡུལ་སྐྱེས་ལྷ་གཉན་པོའི་སྐུའི་ཆ་བྱད་ཀྱང་མི་འདྲ་བར་སྟོན་ཚུལ་ཡོད་དམ་ཅི།
       ད་དུང་རྗེ་གསེར་ཁང་ཚང་གིས། “ཁྱོད་ནི་ལྷ་དང་བླ་དཔོན་རྣམ་འཕྲུལ་གྱིས། །རྟ་དཀར་བཅིབས་ཤིང་ཞི་བའི་འཁོར་གྱིས་བསྐོར། །ཞི་དུལ་ལྷ་ཡི་ཚུལ་གྱི་དངོས་གྲུབ་སྩོལ། །ཞི་བའི་ལས་མཛད་ལྷ་ཆེན་ཁྱོད་ལ་བསྟོད། །”ཅེས་ཨ་མྱེས་སྲིན་པོ་ཞི་བའི་དབང་དུ་བྱས་ཚེ་བླ་དཔོན་ཚོའི་མིག་འཕྲུལ་མིན་པར་སྣང་བ་ནི་བྱམས་པའི་མདངས་དང་ལྡན་ལ་ཞི་བའི་འཁོར་གྱིས་བསྐོར་བའི་དངོས་གྲུབ་སྩོལ་བ་པོ་ཞིག་སྟེ། རྟ་དཀར་པོར་བཅིབས་ཤིང་ཞི་བའི་ལས་མཛད་མཁན་གྱི་ལྷ་ཞིག་ཡིན་པར་བསྟན་ཡོད་ལ། “གསེར་ཁྲབ་གསོལ་ཞིང་གསེར་རྟ་ངང་བ་བཅིབས། །གསེར་གྱི་ཁྲབ་ཅན་སྟོང་གི་འཁོར་དང་བཅས། །འབྲོག་ནས་གནོད་སྦྱིན་ཚུལ་གྱིས་དངོས་གྲུབ་སྟེར། །རྒྱས་པའི་ལས་མཛད་འབྲོག་ནས་ཁྱོད་ལ་བསྟོད། །”ཅེས་སྐུ་ལ་གསེར་ཁྲབ་གསོལ་ཞིང་གསེར་རྟ་ངང་སེར་ལ་བཅིབས་པ་དང་། འཁོར་གསེར་ཁྲབ་ཅན་སྟོང་གིས་བསྐོར་བ་གནོད་སྦྱིན་གྱི་ཚུལ་མཛད་པའི་རྒྱས་པའི་ལས་ཀྱི་ཆ་བྱད་དུ་གསུངས་ཤིང་། “པད་རག་ལྟར་དམར་བསེ་རྨོག་བསེ་ཁྲབ་གྱོན། །མདུང་དམར་བསམ་འཕེལ་དབང་རྒྱལ་ཕྱག་ན་བསྣམས། །ཅང་ཤེས་ཁམ་པ་རླུང་གཤོག་ཆིབས་སུ་བཅིབས། །དབང་གི་ལས་མཛད་ཁྱོད་ལ་བདག་བསྟོད་དོ། །”ཞེས་སྐུ་ལ་བསེ་ཁྲབ་བསེ་རྨོག་གསོལ་ཞིང་། མདུང་དར་དམར་པོ་བསྣམས་པ། ཅང་ཤེས་ཁམ་པ་རླུང་གཤོག་ལ་བཅིབས་པའི་དབང་གི་ལས་མཛད་པའི་ཆ་བྱད་ཅན་དང་། “བེར་ནག་གྱོན་ཞིང་རུ་དར་མཚོན་ཆ་ཐོགས། །རྟ་ནག་བཅིབས་ཤིང་བདུད་དཔུང་འཁོར་གྱིས་བསྐོར། །དགྲ་ལྷའི་ཚུལ་གྱིས་དགྲ་བགེགས་ཕྱེ་མར་འཐག །དྲག་པོའི་ལས་མཛད་སྲུང་མ་ཁྱོད་ལ་བསྟོད། །”ཅེས་སྐུ་ལ་བེར་ནག་གྱོན་ཞིང་ཕྱག་ཏུ་རུ་དར་དང་མཚོན་ཆ་ཐོགས་པ། ཆིབས་རྟ་ནག་པོ་བཅིབས་ཤིང་བདུད་དཔུང་ཚོགས་ཀྱིས་བསྐོར་བ་དྲག་པོའི་ལས་མཛད་མཁན་གྱི་སྲུང་མ་ཞིག་ཡིན་ཚུལ་བྲིས་ཡོད་པ་བཅས་ལ་གཞིག་ན། ཨ་མྱེས་སྲིན་པོ་ལ་ཞི་རྒྱས་དབང་དྲག་གི་ལས་བཞིའི་རྐྱེན་བྱས་སྐུའི་ཆ་བྱད་ཀྱང་མི་འདྲ་བ་སྟོན་ཚུལ་ཡོད་པ་ཤེས་དགོས། གཞན་གསེར་ཁྲི་ཚང་དང་། ཨ་ལགས་ཆོས་དབྱིངས། དགུ་རོང་སྣ་ཚོགས་རང་གྲོལ་སོགས་ཀྱིས་མཛད་པའི«སྲིན་པོའི་བསང་མཆོད»དང་། བོན་ཁ་ནས་མཛད་པའི«སྲིན་པོ་རིའི་བསང་མཆོད»སོགས་མང་པོ་ཡོད་པ་ལས་ཨ་མྱེས་སྲིན་པོའི་ཆ་བྱད་གསུངས་ལུགས་ཕལ་ཆེར་མཚུངས་པས་འདིར་ཡིག་ཚོགས་ལ་འཇིགས་ནས་མི་འགོད་པར་ཞུ།
       མདོར་ན། ཨ་མྱེས་སྲིན་པོ་ནི་རྟེན་ཕོ་ལྷ་ཡིན་པའི་མྱི་དཀར་རྟ་དཀར་ཅན་ཕྱག་གཡས་པར་དར་མདུང་དང་མཚམས་རེར་སྦ་ལྕགས་ཕྲ་མོ་འཆིང་བ་དང་། གཡོན་པར་ནོར་གཞུང་འཛིན་པ། སྐུ་ལ་གསེར་ཁྲབ་དང་གསེར་རྨོག་མནབས་པ། གཡུ་བྱུའི་མཐུར་མདའ་ཅན་གྱི་རྟ་མཆོག་ངང་སེར་ལ་བཅིབས་པ། རྟའི་སྐེ་ན“ཟློམ”[12]གཉིས་དང་བཅས་འཁོར་མི་ནག་རྟ་ནག་ཅན་སྟོང་གིས་བསྐོར་བའི་ཞི་རྒྱས་དབང་དྲག་གི་ལས་བཞི་ལས་གཙོ་བོ་དབང་གི་ལས་མཛད་པའི་སྐུའི་ཆ་བྱད་ཅན་ཞིག་ཡིན་ནོ། །
གསུམ་པ། ཨ་མྱེས་སྲིན་པོ་དང་འབྲེལ་བའི་ངོ་མཚར་གྱི་གཏམ་རྒྱུད་སྐོར།
       སྲིན་པོ་རྫ་རི་ནི་རྒྱང་ནས་བལྟས་ན་སྐྱིལ་མོ་ཀྲུང་དུ་ཙོག་པུར་སྡོད་པའི་སྒམ་པོ་ཞིག་དང་འདྲ་ལ། དེ་འདྲའི་དབྱིབས་དང་འདྲ་བའི་རི་ལ་གནས་པའི་ཨ་མྱེས་སྲིན་པོར་ཕྱོགས་བཞིའི་སྒོ་སྲུང་ལྟ་བུའི་རི་ཆེན་བཞི་ཡོད་པ་ནི།གཡས་ཀྱི་གཟིགས་ཆེན་སྒང་དང་། གཡོན་གྱི་བོན་དཀར་སྒང་། མདུན་གྱི་རྫ་དཀར་པོ་དང་། རྒྱབ་ཀྱི་ཨ་མྱེས་རྫ་རྒན་བཅས་ཡིན། བར་དུ་ཨ་མྱེས་སྲིན་པོའི་ཕྱོགས་བཞིའི་བཀའ་བློན་སྡེ་བཞི་བཤད་པར་བྱ་བ་ལ། “གཡས་རི་སེར་ཅན་ལ་གནས་པ་སྲིན་པོ་ནོར་བུ་དགྲ་འདུལ་དང་། གཡོན་རི་དོ་རྒྱའི་ཤིང་དམར་ལ་གནས་པ་སྲིན་པོ་དཔལ་ལྡན་དོན་གྲུབ་དང་། མདུན་རི་རྫ་དཀར་པོ་ལ་གནས་པའི་སྲིན་པོ་པདྨ་དབང་རྒྱལ་དང་། རྒྱབ་རི་ནི་ཨ་མྱེས་རྫ་རྒན་ལ་གནས་པའི་སྲིན་པོ་དགྲ་འདུལ་དབང་ཕྱུག་བཅས་ཡིན།”[13] དེ་དག་རེ་རེ་ལའང་འཁོར་སྟོང་ཕྲག་མང་པོས་བསྐོར་ཡོད་པ་ཞོར་དུ་ཤེས་པར་བྱའོ། །དེ་ཡང“ཨ་མྱེས་སྲིན་པོ་རིའི་ལུས་ཁྲི་ཀར་འཁོར་ཡང་དབུ་གཅན་ཚ་ལ་ཕྱོགས་ཏེ་རེ་བའི་མིག་གིས་ཕྱིར་ཅེ་རེར་བལྟས་ཡོད་ཚུལ་དང་། ཨུ་ཟུར་ཉག་ཁའི་ཚུར་རོལ་གྱི་བྲག་རྒྱ་སྒོ་ནི་ཨ་མྱེས་སྲིན་པོའི་རྒྱ་སྒོ་དང་། ཨ་བརྟན་སྒང་ནི་ཁོང་གི་བཙུན་མོ་དང་། ཨ་མ་ཟོར་དགུ་ནི་ཁོང་གི་མཛའ་མོ་ཡིན་ཚུལ་དང་། སྲས་ཆེན་ནི་ཨ་མྱེས་སྲིན་པོའི་སྲས་ཆེ་བ་དང་གཟིག་ཆེན་ནི་ཁོང་གི་ཚ་བོ་ཡིན་ཚུལ་དང་། ཨ་མ་སྨན་བཙུན་ནི་ཨ་མྱེས་སྲིན་པོའི་སྲས་མོ་དང་། རི་སྙིང་བོ(ཉོབ་བོ)ནི་ཨ་མྱེས་སྲིན་པོའི་མདུན་ཅོག་དང་། མཚོ་འཁྱིལ་སྒང་ནི་ཁོང་གི་སྨན་ཁུག། སྲིན་པོ་རྟ་ར་ནི་ཨ་མྱེས་སྲིན་པོའི་རྟ་འཚོ་ས་དང་། མེ་ཏོག་གླེ་ནི་དབྱར་གྱི་དུས་སུ་ཨ་མྱེས་སྲིན་པོར་མེ་ཏོག་གི་མཆོད་པ་ཕུལ་ས་དང་། ཨ་མྱེས་ཟ་རི་ནི་ཨ་མྱེས་སྲིན་པོའི་མཛོད་བདག་ཡིན་པ་དང་། ཁེན་གྱའི་རྩེ་རི་ནི་ཁོང་གི་མཆོད་ཁང་གི་དཀོར་གཉེར་ཡིན་ཚུལ་དང་། སྐ་ཕུག་གྲམ་པ་དང་ཨ་འབྱུང་གྲམ་པའི་ཆུ་བོ་གཉིས་ནི་ཨ་མྱེས་སྲིན་པོའི་རྟའི་སྣ་ཁུང་གཉིས་ནས་བཞུར་བཞིན་པའི་ཆུ་བོ་གཉིས་ཡིན་ཚུལ་དང་། གཞན་ཨ་མྱེས་སྲིན་པོའི་དྲག་ཆར་ལ་རེབ་གོང་གིས་གཟབ་དགོས་ཚུལ་དང་། ད་རུང་སྲིན་པོ་གདུང་རྒྱུད་མ་ཆད་ན་ང་འབར་རྩའི་དཔའ་རྒྱུད་མི་ཆད་སོགས་བཤད་རྒྱུན་མང་པོ་ཡོད་དོ། །”[14]
       ཡང“ཨ་མྱེས་སྲིན་པོ་དང་ཙོང་ཁའི་སྐྱེས་རི་གཉིས་ཀྱི་བར་གཉེན་བཟུང་ཚུལ་དང་། བག་བསྐྱེལ་གྱི་གོ་རིམ་ཁྲོད་དེང་གི་མགོན་པོ་བྲག་ནག་ནི། ཙོང་ཁའི་སྐྱེས་རིས་ཨ་མྱེས་སྲིན་པོའི་ཨ་ཞང་ཚོའི་སྔུན་ལ་དྲི་སྐོལ་བཟུང་བའི་ཆང་རྫ་ཡིན་པ་དང་། ཨ་ཞང་རྣམས་ཆང་གིས་བཟི་དྲགས་ནས་ཆང་རྫ་ཁ་མར་ས་ལ་སྦྱར་བ་དང་། ལམ་དུ་མྱུར་མོར་མ་སོང་བར་བཟི་གཏམ་གྱིས་དུས་འདའ་བས་ནམ་ལངས་བ་དང་སྦྲགས་རྟ་ཞོན་ཨ་ཞང་རྣམ་པ་དང་གོ་རེ་ཁ་རྩི་འཁུར་མཁན་བག་མ་བག་རོགས་དང་བཅས་པ་རང་བྱུང་བྲག་རྡོ་རུ་གྱུར་ཚུལ་ད་ལྟའང་དབྱིབས་དང་རྣམ་པ་གང་གི་ཆ་ནས་བལྟས་ཀྱང་ཨ་ན་མ་ན་ཡིན་པ་དེ་དང་། རྗེས་སུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཙོང་ཁའི་སྐྱེས་རི་དང་རིའི་རྒྱལ་པོ་རི་རབ་ཨ་མྱེས་སྲིན་པོ་གཉིས་མ་མཐུན་པར་ཕན་ཚུན་ལ་མདའ་འཕེན་རེས་བྱས་པ་ད་ལྟའང་སྲིན་པོ་རིའི་སྐེད་ཀྱི་ལུང་ཁུག་ཅིག་ཏུ་དབྱར་དགུན་སྟོན་དཔྱིད་མེད་པར་ཁ་བ་ཉག་མ་ཞིག་བཞུར་རྒྱུ་མེད་པར་ཆགས་ཡོད་པ་དེ་ཨ་མྱེས་ཙོང་ཁའི་སྐྱེས་རིས་མདའ་འཕངས་ཏེ་ཨ་མྱེས་སྲིན་པོའི་ཐེར་ཁུག་ནས་རྒྱུ་ཚིལ་ཕྱིར་ཐོན་པ་ཡིན་ཚུལ་སོགས་བཤད་ལ། ཡང་། ཨ་མྱེས་སྲིན་པོས་ཨ་མྱེས་བྲག་དཀར་གྱི་བཅིབས་རྟ་བརྐུས་པའི་ཁོང་གཉིས་མ་འགྲིག་པར། བྲག་དཀར་གྱིས་ཨ་མྱེས་སྲིན་པོ་ལ་ངས་ཁྱེད་ཀྱི་མགོ་ན་དབྱར་དགུན་མེད་པར་ཁ་བ་བཞུས་མི་ཐུབ་པར་བྱ་གསུངས་བ་དང་། ཨ་མྱེས་སྲིན་པོས་བྲག་དཀར་ལ་ངས་ཁྱེད་ཕྱོགས་སུ་ཆུ་རྔ་མར་ཡོང་དུ་མི་འཇུག་གསུངས་ཚུལ་དང་། ད་རུང་། སྔོན་གྱི་ཚེ་ན་ཨ་མྱེས་རྨ་ཆེན་གཙོ་བྱས་ཙོང་ཁ་སྡེ་ཁམས་ཕྱོགས་སུ་ཡོད་པའི་གཞི་བདག་གཙོ་གྲས་མཉམ་དུ་འཛོམས་ནས་ཤ་ཁྲལ་དང་རྩྭ་ཁྲལ། འབྲུ་ཁྲལ་ལ་སོགས་པ་བསྡུ་བའི་ཕྱོགས་ལ་གྲོས་བྱས་མཐར་སོག་ཡུལ་གྱི་ཨ་མྱེས་གསེར་ལྡན་ཞེས་པ་དེ་ལ་རྩྭ་ཁྲལ་བབས་པ་དང་། རྩེ་འདུས་རི་ཞེས་པ་དེ་ལ་ཤ་ཁྲལ་བབས་པ་ཁོ་གཉིས་ཀྱིས་དུས་ལྟར་ཁྲལ་རིགས་ཡར་སྤྲད་སོང་། ཙོང་ཁའི་སྐྱེས་རི་ལ་འབྲུ་ཁྲལ་བབས་པས་ན་ཁོང་གིས་ཞིང་པ་མང་ཚོགས་ཀྱིས་དཀའ་སྡུག་མ་བཟོད་པར་འབྲུ་ཁྲལ་མ་བསྡུས་པར་བཞག། དེར་ཨ་མྱེས་སྲིན་པོ་ནི་ཁྲལ་དཔོན་ཡིན་པས་ཐུགས་ཁྲོས་ཏེ་ཙོང་ཁའི་སྐྱེས་རིའི་མགོ་ན་གངས་དཀར་གྱི་སྟོད་གཡོགས་ཤིག་ཡོད་པ་དེ་འཕྲོག་པ་དང་མགོ་ལ་ཕྱགས་མས་བརྒྱབ་སྟེ་རྨ་ཁ་བཟོས་ཀྱང་ཙོང་ཁའི་སྐྱེས་རི་བཟོད་གསོལ་གྱིས་བཞུགས་འདུག་པར། དུས་དེར་ཨ་མ་ཟོར་དགུའི་བུ་དང་ཙོང་ཁའི་སྐྱེས་རིའི་ཚ་བོ་སྟེ་ཨ་མྱེས་བ་ཡན་ཁོང་ཁྲོ་ལངས་ཏེ་ཨ་མྱེས་སྲིན་པོས་བརྙས་བཅོས་མང་པོ་བྱས་སོང་། ང་རང་ངའི་ཨ་ཞང་ཨ་མྱེས་རྨ་ཆེན་ལ་ཞུ་གཏུག་ཏུ་འགྲོ་རྒྱུ་ཡིན་ཞེས་རྒྱ་སྟག་ཅིག་ལ་སྤྲུལ་ཏེ་ཨ་མྱེས་རྨ་ཆེན་ཕྱོགས་སུ་འཁོར་ནས་ངར་སྐད་ལན་གསུམ་བསྒྲགས་པར། རི་ཐམས་ཅད་སྐྲག་སྟེ་གཡས་གཟུར་དང་གཡོན་གཟུར་བྱས་ནས་ཐད་ཀར་ཨ་མྱེས་རྨ་ཆེན་གྱི་འགྲམ་རྩ་བར་དུ་ལམ་ཕྱེས་པའི་བཤད་ཚུལ་ཡོད། དེ་ནི་དེང་སྐབས་ཡང་གནམ་གཤིས་བཟང་དུས་ཨ་མྱེས་བ་ཡན་གྱི་དབུ་རྩེར་སོང་ནས་བལྟས་ན། རི་ཐམས་ཅད་གཡས་གཡོན་དུ་བཀར་ནས་ཨ་མྱེས་རྨ་ཆེན་ལྷང་ངེར་མཐོང་ཐུབ་པ་ནི་དེའི་རྐྱེན་གྱིས་ཡིན་པར་བཤད་པ་དང་། ད་དུང་ཨ་མྱེས་སྲིན་པོ་དང་ཨ་མ་ཟོར་དགུ་གཉིས་ཀྱིས་སུམ་པ་འགག་དོག་མོར་བྱས་པའི་ལས་བསྒྲུབ་ཚུལ་སོགས་ངོ་མཚར་བའི་གནའ་གཏམ་མང་པོ་ཡོད།”[15] གཞན། “འཇིག་རྟེན་རྙིང་པར་མཱ་ཇག་དམག་གིས་དོ་རྒྱའི་ཕྱོགས་ལ་མ་བརྒྱབ་གོང་དཔའ་ཡ་མེད་དོ་རྒྱའི་ཞང་ལོ་ལ་སྲིན་པོ་དཔལ་ལྡན་དོན་གྲུབ་ཀྱིས་མཚན་ལམ་དུ་མཱ་ཇག་ལྡུག་རྒྱུའི་ལུང་བསྟན་བབ་པ”[16]དང་། ཡང་། ཆོས་ཚའི་ཆོས་ཐར་ཡང་ཨ་མྱེས་སྲིན་པོའི་འཁོར་ལ་སོང་ནས་ཨ་མྱེས་རྫ་རྒན་གྱི་ཕྱོགས་སུ་བཀོད་ཡོད་ཟེར་བ་དང་། བཤད་རྒྱུན་དུ་སྐ་ཕུག་དཔོན་པོ་ཕ་བུ་ཚོ་ཡང་ཨ་མྱེས་སྲིན་པོའི་འཁོར་དུ་ཡོད་ཟེར་བ་སོགས་མཐའ་གཅིག་ཏུ་མ་ངེས་ཀྱང་།གང་ལྟར“ལྷ་གོང་ནས་སྐ་ཕུག་དཔོན་པོའི་བུ་དགྲ་འདུལ་དབང་ཕྱུག་ཨ་མ་ཟོར་དགུ་ཚང་ལ་མག་པ་བྱིན་པར་ཁོ་རང་མ་བསྡད། རྒྱུ་མཚན་ནི་ཨ་ནེ་ཨ་མ་ཟོར་དགུ་མིག་ཕྲ་ལ་ཁོག་པ་དོགས་པས་ཁོ་ཕྱིར་ལོག་པ་དང་། ད་ལྟ་ཨ་ཕ(དཔོན་པོ་ནོར་བུ་དགྲ་འདུལ)གོ་ས་མཐོ་བས་ཐུག་དཀའ་བ་དང་། རྗེས་སུ་དེང་གི་དཔའ་ལུང་གདོང་གཞུག་སྡེ་པའི་བུ་ཞིག་རྒྱུན་དུ་ལྷ་རང་འབབ་བརྒྱབ་ནས‘ཁོ་ཁྲི་མེད་ཀྱི་བླ་མ་དང་ཏོག་མེད་ཀྱི་དཔོན་པོ་ཡིན’ཟེར་བར་ཉིན་ཞིག་བྱ་ཁྱུང་ནས་ཨ་ལགས་ཤར་གདོང་སར་ལྷ་རང་འབབ་བརྒྱབ་པའི་མོད་ལ་ཨ་ལགས་ཀྱིས་ཁྱོད་སུ་ཡིན་གང་ཡིན་འདྲི་དུས་ཁོ་རང་སྐ་ཕུག་དཔོན་ཕྲུག་དགྲ་འདུལ་དབང་ཕྱུག་ཡིན་ཟེར་བར་བླ་མ་ཁོང་ཚང་གིས་ད་བསམ་རྒྱུ་མེད་གི་ཁྱོད་ཚོའི་སྡེ་བའི་གཞི་བདག་ལ་བཀོད་དང་མ་འོངས་ཕན་ཆེ”[17]གསུངས་པར་ད་ཆ་སྡེ་བས་ལག་ལེན་དུ་བསྟར་ཡོད་མེད་ཆ་མ་འཚལ་ཡང་དེ་ལྟར་གསུངས་པའི་ངོ་མཚར་ཅན་གྱི་གཏམ་རྒྱུད་མང་པོ་ཡོད་དོ། །
       གཞན་ཡང་སྤྱིར་ཡུལ་ལྷ་གཞི་བདག་གི་བྱུང་ཚུལ་དང་སྒོས་སུ་ཨ་མྱེས་སྲིན་པོའི་བཤད་ཚུལ་ལ། བུ་རྒྱུད་དང་ཡུམ་འཁོར་གྲུབ་ཚུལ་གྱི་སྐོར་ནས་གླེང་ན། «སྲིད་པའི་རྨ་རབས»ལས། བོད་ཀྱི་དམངས་ཁྲོད་དུ་ཕོ་རྒོད་པོའམ་དཔའ་བོ་ཞིག་བྱུང་ཚེ་དེ་ནི་གཞི་བདག་གི་བུ་ཡིན་པར་བཤད་ལ། དེ་ཡང་རྨོངས་དད་ཙམ་མ་ཡིན་པར་བུད་མེད་དད་ལྡན་བསོད་ནམས་ཅན་ཏེ། རིགས་རུས་ལང་ཚོ་དང་ཀུན་སྤྱོད་ལེགས་པའི་སར་དངོས་བརྒྱུད་ཅི་རིགས་དང་རྨི་ལམ་གྱི་ཞིང་དུ་གཞི་བདག་དེ་དག་མངོན་སུམ་དུ་ཡོང་ནས་འདོད་པའི་བདེ་བ་ལ་རོལ་རྗེས་བུད་མེད་དེ་དག་ལ་མངལ་སྦྲུམ་པའི་གཏམ་རྒྱུད་ཧ་ཅང་མང་ལ། བོད་ཀྱི་ལོ་རྒྱུས་སུའང་གྲི་གུམ་བཙན་པོ་ལོ་ངམ་རྟ་རྫིས་བཀྲོངས་རྗེས་ནམ་ཞིག་རྒྱལ་པོའི་བཙུན་མོའི་རྨི་ལམ་དུ་ཡར་ལྷ་ཤམ་པོ་དང་མཉམ་དུ་བསྡད་རྗེས་སྲས་རུ་ལས་སྐྱེས་འཁྲུངས་ཚུལ«རྒྱལ་རབས་གསལ་བའི་མེ་ལོང»དུ་གསལ་ལ།དེའི་རྗེས་སུ་བོད་ཀྱི་བཙན་པོ་ལེགས་དྲུག་དང་སྡེ་བརྒྱད་ཀྱིས་མི་མིན་གཞི་བདག་གི་བུ་མོར་གཉེན་སྒྲིག་བྱས་པའི་གནས་ཚུལ་ཡང«ཡར་ལུང་ཆོས་འབྱུང»དུ་གསལ་ལ། «མདོ་སྨད་ཆོས་འབྱུང»དུའང་མགོ་ལོག་གི་གཞི་བདག་གཉེན་པོ་གཡུ་རྩེའི་བུ་མོ་གསུམ་པ་མེ་ཏོག་ཐོད་ཅན་མགོ་ལོག་གི་མེས་པོ་འབྲུ་ལྷ་རྒྱལ་གྱི་བུ་འབྲུ་ཨ་འབུམ་དང་གཉེན་སྒྲིག་བྱས་ཏེ་བུ་སྐྱེས་ཚུལ་ཡོད་ལ། དེ་བཞིན་དུ་བོད་ཀྱི་ཡུལ་གྲུ་སོ་སོར་འདི་འདྲའི་གཏམ་རྒྱུད་མང་པོ་ཡོད་པ་མ་ཟད། ང་ཚོ་གཅན་ཚའི་ས་ཁུལ་ལ་མཚོན་ནས་བཤད་ན་ཡང་། «བཀའ་གདམས་གླེགས་བམ»ལས། “རིན་པོ་ཆེ་ཡི་སྒང་ཞེས་པར། །དཔོན་ཞེས་བྱ་བའི་སྤྲུལ་པ་ཞིག །འགྲོ་བ་མང་པོ་བདེར་བཀོད་ནས། །གནས་དེར་དམ་པ་མང་པོ་སྤེལ། །”ཞེས་འབྱུང་བ་ལྟར། སྐྱ་རྒྱའི་སྔགས་ཁང་རིན་ཆེན་ཀ་ར་སྒང་གི་ཉེ་འགྲམ་ཨ་འབྱུང་དུ“ནང་མགོ་དཔོན་མགོན་པོ་རྒྱ་མཚོ”ཞེས་པ་ནར་སོན་རྗེས“གོང་མ་ཁང་ཞི་ཨ་མཆོད”མཛད་པ་ཁོང་ཚང་མ་ཡུམ་དགུང་ལོ་ང་གསུམ་སྟེང་མཚན་ལམ་དུ་མི་དཀར་རྟ་དཀར་ཅན་ཞིག་ཡོང་ནས་ཉལ་བོ་བྱེད་པ་རྨིས་བྱུང་། སང་ཉིན་ཞོགས་པར་ཡུལ་ཁམས་ཧྲིལ་པོར་ཁ་བ་དཀར་པོ་ཁྲི་གང་ཙམ་བབས་ཡོད་པའི་ཁྲོད་རྟའི་རྨིག་རྗེས་སླ་ངའི་ཁ་ལེབ་ཙམ་གྱི་ཆེ་ཆུང་ཡོད་པའི་རྐང་རྗེས་སྲིན་པོ་རིའི་ཕྱོགས་སུ་འཐེན་པ་མཐོང་། དེ་ནས་ཟླ་དགུ་ཞག་བཅུ་རྫོགས་མཚམས་སུ་ངོ་མཚར་བའི་ལྟས་དང་བཅས་སྲིན་པོའི་གདུང་རྒྱུད་དུ“ནང་མགོ་དཔོན་མགོན་པོ་རྒྱ་མཚོ”སྐུ་འཁྲུངས་པར་བཤད། ད་དུང་། སྐ་ཕུག་དཔོན་པོ“ནོར་བུ་དགྲ་འདུལ”ཡང་ཁོའི་ཨ་མས་སྲིན་པོ་རྟ་ར་ནང་དུ་ནོར་ལུག་འཚོ་བཞིན་པའི་ཉིན་གྱི་གུང་རོལ་ཞིག་ལ་མོ་རང་དབང་མེད་དུ་གཉིད་ཐུན་ཞིག་བརྒྱབ་པའི་མོད་ལ་གོང་གསལ་ལྟར་མི་དཀར་རྟ་དཀར་ཞིག་ཡོང་ནས་ཁོག་ལ་འཐིམས་པ་རྨིས། དེ་ནས་ཟླ་དགུ་ཞག་བཅུ་མ་ལོན་ཙམ་དུ་དབྱར་གྱི་འགོ་མ་མཁའ་ལས་འབྲུག་སྒྲ་གྲགས་པའི་བར་སྐབས་ཤིག་དང་བསྟུན་ནས་གློ་བུར་བཙས་ཚུལ་གྱི་དངོས་བྱུང་གཏམ་རྒྱུད་ལོ་བརྒྱ་ལོན་པའི་མི་མེད་རུང་བསྐལ་བ་སྟོང་གི་ཚིག་ད་ལྟའང་ཡོད་པ་ནང་བཞིན་རེད།
       ད་ནི་ཨ་མྱེས་སྲིན་པོ་རིའི་འཁོར་གྲུབ་ཚུལ་གང་འདྲ་ཡིན་པ་བཤད་པར་བྱ་བ་ལ། གསེར་ཁྲི་བློ་བཟང་བསྟན་པའི་ཉི་མས་མཛད་པའི་བསང་ཡིག«བཀྲ་ཤིས་གཡང་ཆགས་མ»ལས། “ཀྱཻ། བཀྲ་ཤིས་གཡང་ཆགས་རྨ་ཆབ་འཁྱིལ་བའི་དབུས། །རབ་བརྟན་ལྷུན་སྟུག་ས་འཛིན་གཉིས་པ་ནི། །རྣལ་འབྱོར་སྐྱེས་ལྷ་བདུད་འདུལ་གཏུམ་པོ་སྲིན། །སྤྱན་འདྲེན་མ་ཐོགས་གནས་འདིར་ད་ཚུར་བྱོན། །གཞན་ཡང་ཁྱོད་ཀྱི་ཕྱོགས་སུ་ལེགས་གནས་པ། །དགོ་རྩེ་བྲག་ནག་སྐྱེས་རི་བྱ་ཁྱུང་བྲག །ཀླུ་རི་གསའ་ལུང་རྫ་དམར་སུག་བྱ་ཁྱུང་། །བྲག་དཀར་གླིང་ཆེན་ཁྲི་ཀའི་ལྷ་གཉེན་པོ། །ཟོར་དགུ་སོགས་ལ་གནས་པའི་ཚོགས་རྣམས་གཤེགས། །ཁྱོད་ཀྱི་ཉེ་འཁོར་སྲས་ཆེན་གཟིགས་ཆེན་དང་། །བྲག་དཀར་གདོང་གཏུམ་རྨ་ཆུར་གནས་པའི་ལྷ། །བཀའ་བློན་ཡུམ་སྲས་གསེར་ཁྲབ་ཅན་སྟོང་སོགས། །སྤྱན་འདྲེན་མ་ཐོགས་གནས་འདིར་ད་ཚུར་བྱོན། །མདོར་ན་འབབ་ཆུ་ཁྲོན་པ་རྩི་ཤིང་ཐང་། །རི་ཀླུང་ལམ་འཕྲང་སོགས་ལ་གནས་པ་ཡི། །རྣལ་འབྱོར་སྡོངས་གྲོགས་བྱེད་ཅིང་རེ་ལྟོས་པའི། །མགྲོན་དུ་རེ་བ་ཐམས་ཅད་གནས་འདིར་གཤེགས། །དགུན་གྱི་འཐོར་རླུང་བཞིན་དུ་རྩུབ་ཅིང་བྱོན། །དབྱར་གྱི་ཆུ་འཛིན་བཞིན་དུ་གཡོ་ཞིང་བྱོན། །རང་རང་དགྱེས་པའི་གདན་ལ་ལེགས་བཞུགས་ནས། །མཆོད་པ་འདི་བཞེས་འདོད་དོན་ལྷུན་འགྲུབ་སྩོལ། །ཀྱེ།བདག་ཅག་མ་རིག་ཉོན་མོངས་དབང་གྱུར་བས། །སྒོ་གསུམ་སྒོ་ནས་སྐུ་གསུང་ཐུགས་སོགས་དང་། །འགལ་བའི་ཉེས་ཚོགས་ནོངས་པ་ཅི་མཆིས་པ། །གཤེགས་སོ་བརྩེ་བའི་བུ་བཞིན་བསྐྱང་དུ་གསོལ། །”ཞེས་གསུངས་པ་སོགས་ལས་ཨ་མྱེས་སྲིན་པོ་ཁོང་གི་ཡུལ་འཁོར་ལ་གནས་པའི་གཞི་བདག་གཙོ་བོ་གང་དག་ཡིན་པ་གསལ་བར་རྟོགས་ནུས་སོ། །
བཞི་པ། ཨ་མྱེས་སྲིན་པོའི་རྫ་རྒྱུད་གཡས་གཡོན་དུ་དར་བའི་ཆོས་ལུགས་གྲུབ་མཐའ་དང་དགོན་སྒྲུབ་སྡེའི་སྐོར།
       བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས«མདོ་སྨད་བྱང་བརྒྱུད་དུ་བོན་བསྟན་དར་ཚུལ་རགས་ཙམ་བརྗོད་པ་ཕན་བྱེད་སྨན་གྱི་རིལ་བུ»[18]ཞེས་པ་གཞིར་བྱས་ཏེ་གླེང་ན། དང་པོ་སྟོན་པ་གཤེན་རབ་ཀྱི་སྲས་གདུང་སོབ་མུ་ཆོ་ལྡེམ་དྲུག་གི་སློབ་མ་འཛམ་གླིང་མཁས་པ་རྒྱན་དྲུག་བྱོན་པའི་ནང་གི་ཁྲོམ་མཁས་པ་གསེར་ཐོག་ལྕེ་འབྱམས་ནི་མཚོ་སྔོན་ཕྱོགས་འདིར་འཁྲུངས་པ་ཡིན། དེ་ནས་བཟུང༌། རྨ་ཁྲོམ་ར་གསུམ་ཞེས་རྨ་རྒྱལ་ཆུ་གླིང་དང་ཁྲོམ་ཁྲི་གཤོག་རྒྱལ་མོའི་མཚོ་མོ།ར་རྒྱ་ཁྱུང་མགོན་སོགས་སུ་བོན་བསྟན་དར། དེ་ནས་བོད་རྒྱལ་དིང་ཁྲི་བཙན་པོའི་རིང་མདོ་ཁམས་གཡར་མོ་ཐང་ཞེས་པར་ཀ་ཅུའི་མཁན་པོ་གཙུག་ཕུད་རྒྱལ་བ་འཁྲུངས་ནས། མཚོ་ཁའི་བོན་པོ་གདོང་སྣ་དང་འདུལ་བའི་བླ་རྣམ་དུ། བྲག་དཀར་རྩེ་མཐོར་སྒོམ་ལ་གནས། ཞེས་གསུངས་པ་བྲག་དཀར་སྤྲེལ་རྫོང་དང་ཁྲི་ཀའི་བོན་པོའི་གདོང་སྣ། སྲིན་པོ་རིའི་མེ་ལོང་བྲག་དཀར(རྨ་རི་ཏེའུ་གསུམ)གྱི་གྲུབ་གནས་སོགས་སུ་མདོ་སྔགས་གཉིས་ཀ་དར་བར་མཛད་པ་པོ་ནི།ཁྲོམ་གཤེན་རྔམ་པ་ལྕེ་རིང་དང་མཁན་ཆེན་མུ་ཟི་གསལ་བཟང་སོགས་ཡིན་པ་མ་ཟད། དེ་དག་ནི་གནམ་གྱི་ཁྲི་བདུན་རིང་ཡིན་པ་ཡང་བཤད་སྲོལ་ཡོད།
       རབ་བྱུང་བཞི་པའི་ནང་བུ་སྟོན་མཐའ་བྲལ་བསོད་ནམས་རྒྱལ་མཚན་གྱི་དངོས་སློབ་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་དང༌། སོག་སྡེ་པདྨ་རྒྱལ་ཞེས་སྐུ་མཆེད་རྣམ་པ་གཉིས་ཁྲི་ཀའི་ཡུལ་དུ་བྱོན་ནས། མེ་ལུང་བྲག་དཀར་དང་ལྷ་དཀར་པོ། བོན་པོའི་གདོང་སྣ་རྣམས་ཀྱི་ཚབ་ཏུ་སྟོང་ཆེ་ཁྱུང་མོང་གྲྭ་ཚང་དང་། སེར་ཀྱཱའི་བོན་སྔགས་བདུད་འདུལ་མེ་རུ་འཁྱིལ་གླིང་དགོན་སོགས་བཏབ་པའི་བོན་ལུགས་ཀྱི་སྒྲུབ་སྡེ་མང་པོ་བྱུང་ཡོད་པ་མ་ཟད། རྗེས་སུ་ཆོས་རྗེ་ས་པཎ་གྱིས་བཞེངས་པའི་ཇོ་བོ་ལྷ་ཁང་དང་། མི་ཉག་མཆོད་རྟེན་དཀར་པོ། ལྷ་དཀར་པོ་བྱམས་པ་རང་སྐྱེས། ཐུགས་རྗེ་ཆེན་པོའི་ལྷ་ཁང་། སྨད་པའི་གསང་སྔགས་བཤད་སྒྲུབ་དར་རྒྱས་གླིང་དང་། རྨེའུ་ཚང་གོང་བ་སོགས་ས་སྐྱ་བའི་དགོན་སྡེ་མང་པོ་ཡང་དར་བ་ལོ་རྒྱུས་ལས་གསལ་བ་ལྟར་རོ། །
       རབ་བྱུང་ལྔ་པའི་ནང་། (ཨ་མྱེས་སྲིན་པོའི་ཕྱི་ནང་ཕྱོགས་བཞི་མཚམས་བརྒྱད་དུ)ཁྱུང་པོ་གཡུ་ཐོག་འབར་བ་བྱོན་ནས། དྲན་པའི་གདན་ས་ཨ་བ་ངོས་བཟང་དགོན་པའི་ཚབ་ཏུ་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་བཏབ། དེ་འབྲེལ་ཁྱུང་པོ་དར་ལྡིང་དགོན་པའི་ཚབ་ཏུ་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་ཕྱག་བཏབ་པ་དང་། ཁྱད་པར་དུ་སྔོན་ཆད་བྱ་ཁྱུང་བོན་སྐྱོང་དགོན་པ་ཞེས་ཕྱོགས་འདིར་ཆེས་སྔ་བའི་དགོན་སྡེ་ཞིག་ཡོད་པ་དེ། ཆོས་རྗེ་དོན་གྲུབ་རིན་ཆེན་རིང་ནས་གནས་སྤོར་དགོས་པ་བྱུང༌། བ་ཡན་རྩ་བ་ཕྱོགས་སུ་གནས་སྤོས་པ་ལ་སྟོན་ཁྱུང་དགོན་པ་ཟེར། དེ་རྗེས་ཧོས་དམག་ལ་རྒྱུ་ནོར་བརྫངས་ནས་མེད་པར་བཏང་ན་ཡང་སྟོན་ཁྱུང་ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་ནས་ད་ལྟའི་དགོན་གནས་སྐྱ་ཡེ་གནས་མགོའི་ཕུ་ལ་ཕྱག་བཏབ་ནས་བསྐྱངས། ཁྱུང་རྒྱལ་བོན་བརྒྱ་སྐེད་དང་སྐྱ་ཡེ་གནས་མགོ་ཇོ་རྒྱ། ཨ་ཀ་ར་སོགས་ལྷ་སྡེ་ཡིན། ཁྱུང་དཀར་རྒྱུད་འཛིན་སྡོང་སྐམ་ནས་ཆད་པའི་གཅན་ཚ་སྣང་རའི་ཞྭ་ཁྲ་ཡང་བོན་གྱི་སྒྲུབ་སྡེ་ཞིག་ཏུ་གྱུར་ནས་ད་ལྟའི་བར་དུ་གནས་ཡོད་ལ་སྲིད་པ་རྒྱལ་མོའི་རྡོ་སྐུ་རང་བྱོན་ཡང་བཞུགས་ཡོད་ཅེས་གསུངས་པ་ལྟར་རོ། །
       གཞན། «ལྷ་འདྲེ་བཀའི་ཐང་ཡིག»ལས། “མདོ་སྨད་ཨན་ཆུང་གནམ་རྫོང་བྲག་ཕུག་ཏུ། །མ་སངས་རྒྱལ་པོ་འགིང་བ་གཞུག །དམུ་བདུད་རྗེ་རྒྱལ་ཞེ་སྡང་ཆེ། །དམུ་རྗེ་སྨན་ཁུང་ཡིབ་ཆགས་རྣོ། །བྲའུ་རེ་གདོང་རེ་རྒྱལ་ཅན། །”[19]ཞེས་དང་། གོང་དུ་མདོར་ཙམ་ཞུས་ཟིན་པའི་ཏུན་ཧོང་ཡིག་རྙིང་ཨང་རྟགསP.T.966[20]རུ། «མཁན་པོ་ནམ་ཀའྀ་སྙིང་པོའི་དགེ་བའྀ་བཤེས་ཉེན་གྱྀ་རྒྱུད་མདོར་བཤད་པ»ཞེས་པའི་ཡིག་རྙིང་ཁྲོད་དགོན་སྒྲུབ་སྡེའི་མིང་གསལ་བ་གཤམ་དུ་མཚོན་བྱེད་ཙམ་བཀོད་ན། ཤོག་ངོས་ལྔ་བའི་མགོ་ནས་མར་ཐིག་ཕྲེང་གསུམ་པའི་བར་མཚམས་སུ།
       “སྤུག་ཡེ་ཤེས་དབྱངས་ལོ་བརྒྱད་ཅུ་ལོན་ཏེ། རྟ་འྀ་ལོའྀ་སྟོན་སླ་ར་བ་ཚེས་བརྒྱད་ལ། ཁྲྀ་ག་མོང་ཡོག་མདའ་ན། ཚིག་ཙ་ཅན་ནམ་ཀའྀ་སྙྀང་པོའྀ་དབེན་སར་། སྔ་དྲོ་མ་ཡོས་བཞྀན་དུ་ཚེ་འདས་ཏེ། སླད་ཀྱྀས་སློབ་མ་རྣམས་ཀྱྀས་ང་ཙེའི་གཙུག་ལག་ཁང་དུ་བསོད་ནམས་བགྱྀས་ནས། སྤུར་ཨན་ཆུང་དབེན་སར་འཁོར་དུ་ཡུལ་མྱྀ་རྣམས་ཀྱྀས་པན་གདུགས་ཀྱྀས་དྲངས་ཏེ་བསྐྱལ་པའྀ་ཚེ། ཁྲྀ་ག་མཁར་གོང་དུ། སྟེང་གྀ་ནམ་ཀ་ལ་སྤྲྀན་མཚོན་སྣ་ལྔ་བྱུང་བ་ཡང་། ཞེས་དང་།
       ཡུལ་མྱྀ་དང་ཕྱུགས་རྫི་ཐམས་ཅན་ཀྱྀས་མཐོང་། ཨན་ཅུང་འཁོར་དུ་སྤུར་སྐྱེལ་བ། དགེ་སློང་འབྲོ་ཤག་ཀྱ་ལས་སྩོགས་པས་བསྐྱལ་པའྀ་ཚེ། སྲྀན་པོ་རྀ་འྀ་རྩེར་ཕྱྀན་པ་དང་། ནམ་ཀའྀ་ལས་མཚོན་སྤྲྀན་སྣ་ལྔ་སྨུག་པར་ཆགས་ཏེ། ཨན་ཆུང་དབེན་སར་ཕྱྀན་གྀ་བར་དུ་ནམ་ཀ་ལ་རྀ་རྩེར་ཕྱྀན་གྀ་བར་དུ་གདའ།” ཞེས་དགེ་སློང་ལོ་ཆེན་ཡེ་ཤེས་དབྱངས་སྐུ་གཤེགས་རྗེས་སྤུར་དགེ་སློང་འབྲོ་ཤཱཀྱ་སོགས་ཀྱིས་སྲིན་པོ་རི་བརྒྱུད་ནས་ཨན་ཆུང་གནམ་རྫོང་དུ་གདུང་སྐྱེལ་ཚུལ་བཀོད་ཡོད་པའི་ཡིག་རྙིང་འདི་དག་ལ་གཞིགས་ན། སྲིན་པོ་རིའི་འདབས་རོལ་གྱི་ཨ་ཆུང་གནམ་རྫོང་ནི་བསྟན་པ་སྔ་དར་སྐབས་ནས་སྒོམ་སྒྲུབ་བྱེད་ས་གཙོ་བོ་ཞིག་ཡིན་པ་གོང་གི་ཏུན་ཧོང་ཡིག་རྙིང་གིས་སྒྲུབ་ཐུབ།
       གཞན། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»ལས། “མཁས་པ་མི་གསུམ་མདོ་སྨད་དུ་འབྱོར་སྐབས་འདི་ལྟར་བཀོད་འདུག་སྟེ། ཤཱཀྱ་ཤེས་རབ་ཁྲིད་ནས་མདོ་སྨད་ལྷོ་ངོས་བེ་རེའི་ས་ཆ། དེའུ་ཚ་ཚོ(ཚྭ་མཚོ)ནས་ལམ་བྱས། རྨ་ཀླུང་རྡོ་རྗེ་བྲག་ར་ཨ་ཆུང་གནམ་གྱི་ཡང་རྫོང་གཙུག་ལག་ཁང་རྒྱ་ཕིབས་ཡོད།”[21]ཅེས་པ་དང་། དེའི་དོན་ནི་མཁས་པ་མི་གསུམ་བསྟན་པ་ཕྱི་དར་སྐབས་སུ་ཨ་ཆུང་གནམ་རྫོང་དུ་ཕེབས་དུས་དེར་གཙུག་ལག་ཁང་ཡོད་པར་བཤད་འདུག །ད་དུང་།«རྒྱལ་པོ་བཀའི་ཐང་ཡིག»ལས། “ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། །སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བ་འདེབས། །ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས། །དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་པ་མེད། །”[22]ཅེས་གསུངས་པ་ལས་ནམ་མཁའི་སྙིང་པོ་དང་སྦ་ཡེ་ཤེས་དབྱངས་གཉིས་ཀྱི་སྤུར་འདེབས་ས་ཡང་གོང་དུ་བརྗོད་ཟིན་པ་བཞིན་སྲིན་པོ་རི་འདབས་ཀྱི་ཨ་ཆུང་གནམ་རྫོང་འདི་ཉིད་ཡིན་ནོ། །འདི་ལྟར་འཕྲོས་དོན་ཡང་ཨ་ཆུང་གནམ་རྫོང་དང་ལོ་རྡོ་རྗེ་བྲག་བཅས་ནི་སྲིན་པོ་རིའི་ཁོར་ཡུག་ཏུ་བསྟན་པ་སྔ་དར་ནས་ཡོད་པའི་ཆོས་ལུགས་སྒྲུབ་སྦྱོང་བྱེད་ས་གཙོ་བོ་ཡིན་ཚུལ་རྟ་བརྒྱུགས་ཞོར་དང་མེ་ཏོག་འཐུ་ཞོར་གྱི་ཚུལ་དུ་ཕྱི་རབས་པ་རྣམས་ལ་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྨྲས་པ་ཡིན་ནོ། །
       དེ་ནས་སྲིན་པོ་རིའི་ཤར་གྱི་ཕྱོགས་སུ་དུས་རབས་བཅུ་བཞི་པའི་སྨད་ཀྱི་ཆར་རྗེ་ཙོང་ཁ་པ་ཆེན་མོ་བློ་བཟང་གྲགས་པ་བྱོན་ནས་མདོ་སྔགས་རིག་གནས་ཀྱི་བཤད་སྒྲུབ་བླ་ལྷག་ཏུ་འཕེལ་ཏེ། འཇིག་རྟེན་རྙིང་པ་ལྟར་ན་ཁྲི་ཀ་འོག་མ་དང་དེང་གི་སྐད་དུ་གཅན་ཚ་ས་ཁུལ་ལ་མཚོན་ན་ཨ་ཆུང་གནམ་རྫོང་དང་། ལོ་རྡོ་རྗེ་བྲག །སྣང་རའི་གསེར་ཁང་། རྨ་མགུར་དགོན། ལཱ་མོ་བདེ་ཆེན་དགོན། རྔ་བ་དགོན། གྱེར་སྟེང་དགོན། ཁྲུས་ཀ་དགོན། གཅན་ཚའི་སྒར་ཁ། ཀོའུ་བ་དགོན། ངང་རོང་དགོན། གསང་སྒྲོག་དགོན། ལྷ་རི་དགོན། རྫོང་ནང་དགོན། གནམ་རྫོང་དགོན་པ་བཅས་གསང་སྔགས་གསར་མའི་དགོན་པ་དུ་མ་དང་། གསང་སྔགས་རྙིང་མའི་སྔགས་ཁང་སྐོར་ལ། ཁམས་ར་སྔགས་ཁང་དང་། སྐ་ཕུག་དཔའ་བརྒྱ་སྒང་སྔགས་ཁང་། སྔོ་སེར་སྔགས་ཁང་། བོད་བྱ་ཚང་སྔགས་ཁང་། དགུ་རོང་བླ་བྲང་། དོ་རྒྱའི་སྔགས་ཁང་། སྐྱ་རྒྱའི་ཀ་ར་སྒང་སྔགས་ཁང་། ཆོས་ཚང་མའི་སྔགས་ཁང་། སྔོ་སྐྱའི་སྔགས་ཁང་། ཚོ་དྲུག་སྒང་བཞེངས་ཉག་ག་སྔགས་ཁང་། ཚོ་བཞི་སྔགས་ཁང་། སྣང་ར་སྔགས་ཁང་། དགུ་རོང་མ་ཎི་ཐང་། ལྷ་སའི་ལྷ་ཁང་སྣ། གཅན་ཚའི་ཐང་སྔགས་ཁང་སོགས་མང་པོ་ཡོད།
       ཁྲི་ཀའི་ཕྱོགས་ནས་གླེང་ན། ལྷ་དཀར་པོའི་ལྷ་ཁང་། ཇོ་ཇོ་ལྷ་ཁང་། གོང་བ་དགོན། བྲག་དཀར་མེ་ལོང་དགོན། དགའ་ལྡན་ལ་ཁ་དགོན། རྭ་ཟ་དགོན། རོང་གཞིས་དགོན། གླིང་ཚ་དགོན། སེ་ཀྱཱའི་གྲྭ་ཚང་། འགག་ཟ་གྲྭ་ཚང་། སྒྱོམ་གྲྭ་ཚང་། གཤོང་མོ་ཆེ་དགོན། དགོན་གསར་བཅས་གསང་སྔགས་གསར་མའི་དགོན་པ་དུ་མ་དང་། སྔགས་རྙིང་མའི་སྔགས་ཁང་སྐོར་ལ། སྐེ་བའི་སྔགས་ཁང་། སྨད་པའི་སྔགས་ཁང་། ཞོང་པའི་སྔགས་ཁང་། གླིང་ཚའི་སྔགས་ཁང་། སེ་ཀྱཱའི་སྔགས་ཁང་། ལ་འགྲོ་གོང་མའི་སྔགས་ཁང་། ལ་འགྲོ་ཞོལ་མའི་སྔགས་ཁང་། དམེ་ཀྱཱའི་སྔགས་ཁང་། བྲ་ཚ་རོ་སྔགས་ཁང་སོགས་ཨ་མྱེས་སྲིན་པོའི་མཐའ་སྐོར་དུ་གསང་སྔགས་གསར་རྙིང་སྟེ་གྲུབ་མཐའ་སྣ་མང་གི་སྒྲུབ་སྡེ་ཁྱད་པར་ཅན་མང་པོས་བསྐོར་ཡོད་དོ། །
ལྔ་པ། སྐྱེས་ལྷ་ཨ་མྱེས་སྲིན་པོར་དད་མོས་ལས་སྤྱི་ཚོགས་ལ་ཐོན་པའི་ཕན་ནུས་སྐོར།
       སྐྱེས་ལྷ་དང་གནས་རི་སོགས་ལ་དད་མོས་མཆོད་བཀུར་བྱེད་པའི་སྲོལ་ནི་བོད་ཀྱི་གནའ་བོའི་བོན་ཆོས་རིག་གནས་ནས་རྒྱུན་འཛིན་དར་སྤེལ་བཏང་བའི་སྲོལ་ལུགས་ཤིག་ཡིན་ཞིང་། བོན་ཆོས་ལའང་བརྡོལ་བོན་དང་། འཁྱར་བོན། བསྒྱུར་བོན་སོགས་རིམ་པར་བྱུང་ལ། བརྡོལ་བོན་དང་འཁྱར་བོན་ནི་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་གོང་དུ་བོད་རང་ས་ནས་བྱུང་བའི་ཆོས་ལུགས་དང་། བསྒྱུར་བོན་ནི་བཙན་པོའི་རྒྱལ་རབས་དུས་སུ་ཐུབ་བསྟན་རིག་གནས་དང་མཉམ་བསྲེས་ཀྱིས་བསྒྱུར་བའི་བོན་ཆོས་ཀྱི་རིགས་ཤིག་ཡིན་པ་བཞིན། བོན་གྱི་རིག་གནས་གང་དུའང་སྐྱེས་ལྷ་དང་གནས་རིར་དད་མོས་བྱེད་སྲོལ་ཡོད། དེ་ཡང་བཙན་པོའི་དུས་ཀྱི་བོན་གྱི་རིག་གནས་ལ་སྤྱིའི་ཆ་ནས་མངོན་གསལ་དོད་པའི་ཁྱད་ཆོས་འགའ་ལྡན་ཏེ། “རང་བྱུང་ཁམས་ཆེན་མོར་དད་མོས་བྱེད་པ་དང་། སྲོག་ཆགས་ལ་དད་མོས། སྲོག་ཆགས་བསད་དེ་མཆོད་བཀུར་བྱེད་པ། རྣམ་ཤེས་ལ་དད་གུས། ལྷ་བ་དང་རྫུ་འཕྲུལ་ལ་བརྩི་བཀུར་བྱེད་པ”[23]བཅས་ཡིན་པར་བསྙད་པས་ཀྱང་། རང་བྱུང་ཁམས་ཆེན་མོའི་དད་མོས་ལས་སྐྱེས་ལྷའམ་གནས་རི་ལ་དད་མོས་མཆོད་བཀུར་བྱེད་སྲོལ་གཙིགས་ཆེན་དུ་བཟུང་ཡོད་པ་ལྟར། དུས་ཕྱིས་སུའང་མུ་མཐུད་ཡུལ་ལྷ་གཞི་བདག་ལ་བསང་གསོལ་དང་མཆོད་བསྟོད་བྱེད་པ་འདི་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁོར་ཡུག་འདིས་བསྐྱེད་པའི་རིག་གནས་ཀྱི་ཐོན་དངོས་ཤིག་ཡིན་ཞིང་། དེ་ཡང་མིའི་རིགས་རིག་པ་བ་མཱ་ལིན་ནུའོ་སི་ཅིས(马林诺斯基)“རིག་གནས་ནི་དོན་དངོས་སྟེང་མིའི་རིགས་ཀྱི་དགོས་མཁོ་སྐོང་བར་བྱེད་པའི་ལག་ཆ་ཡིན་ཏེ། རིག་གནས་ཀྱིས་མིའི་རིགས་ཀྱི་དགོས་མཁོ་སྐོང་བའི་གོ་རིམ་ཁྲོད་དུ་དགོས་མཁོ་གསར་པ་བསྐྲུན་པ་དང་། དགོས་མཁོ་གསར་པ་དེས་ཡར་བསྐྱར་རིག་གནས་བྱ་ཐབས་གསར་པ་བྱུང་དུ་བཅུག་པ་ཡིན་ལ། འདི་ནི་མིའི་རིགས་གོང་འཕེལ་འབྱུང་བའི་གནད་འགག་ཡིན་པར་འདོད།”[24]ཅེས་གསུངས་པ་ལྟར། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་བྱུང་བའི་རྐྱེན་གྱིས་བོད་རིགས་མི་དམངས་རྣམས་ཀྱིས་ཀྱང་གནའ་བོའི་སྐྱེས་ལྷའམ་གནས་རི་ལ་མཆོད་བཀུར་བྱེད་པའི་སྲོལ་ལུགས་ཀྱི་རིག་གནས་འདིའི་རྒྱུན་མཐུད་འཕེལ་རྒྱས་སུ་བཏང་བ་དང་། རང་གི་སྐབས་བབ་ཀྱི་འཚོ་བའི་དགོས་མཁོ་སྐོང་བྱེད་ཀྱི་ལག་ཆར་གྱུར་ཏེ། གནས་རིའི་མཆོད་བཀུར་གྱིས་གཙོས་པའི་རིག་གནས་དག་གིས་བོད་མི་རྣམས་ཀྱི་དགོས་མཁོ་སྐོང་ཞིང་། དགོས་མཁོ་གསར་པ་དེས་ཡར་བསྐྱར་འཚོ་བའི་ཁྲོད་ཀྱི་རིག་གནས་བྱ་ཐབས་གསར་པ་བྱུང་དུ་བཅུག་པ་བསྙོན་དུ་མེད་དེ། ད་ལྟའི་བར་དུ་ཡུལ་ལྷ་གཞི་བདག་དང་གནས་རི་ལ་མཆོད་བཀུར་བྱེད་པ་ནི་བོད་མིའི་འཚོ་བའི་ཁྲོད་དུ་སློག་པ་སྣུམ་གྱིས་སིམ་པ་ལྟར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད་པའི་ཚུལ་ལ་བལྟས་ན། མུ་མཐུད་བོད་མིའི་དགོས་མཁོ་དང་མཐུན་པའི་རིག་གནས་ཀྱི་རྣམ་པ་གལ་ཆེན་ཞིག་ཏུ་ཆགས་ཡོད།
       ལོ་རྒྱུས་ཀྱི་ངོས་ནས་བཤད་ནའང་། ཡོན་རྒྱལ་རབས་བཙུགས་པ་ནས་བཟུང་། བོད་ཀྱི་བླ་ཆེན་ཁག་གོང་མའི་དབུ་བླར་བཞུགས་སྲོལ་བྱུང་བ་སྟེ། སྐབས་དེར་བོད་ཀྱི་བླ་ཆེན་བཅུ་བཞི་དབུ་བླར་བྱོན་པ་དང་། མིང་རྒྱལ་རབས་སྐབས་ཆོས་རྗེ་རྣམ་གསུམ་གཙོ་བྱས་སེ་ར་དགོན་པ་ཁོ་ན་ནས་གོང་མའི་དབུ་བླ་དྲུག་བྱོན་ཅིང་། ལྷག་པར་ཆིན་རྒྱལ་རབས་ཐོག་མར་ཚུགས་པའི་སྔ་གཞུག་ཏུ་སོག་པོའི་དམག་སྟོབས་ད་དུང་མཚོ་སྔོན་དང་སོག་ཡུལ་དུ་ཅུང་ཟད་ལྷགས་ཡོད་པས་ན། གོང་མ་ཐུགས་བློ་མ་བདེ་བར་དོན་དེ་འཇགས་ཐབས་སུ་སོག་པོར་འབྲེལ་ཆེ་བའི་མཚོ་སྔོན་གྱི་དགེ་ལུགས་པའི་བླ་ཆེན་བརྒྱད་དབུ་བླར་བཀུར་ནས་དེ་དག་པེ་ཅིན་དུ་ཡུན་རིང་བཞུགས་དགོས་པའི་བཀའ་ལུང་འཁྲོལ་ཡོད། བླ་ཆེན་དེ་དག་ནང་ས་པེ་ཅིན་དུ་བཞུགས་རིང་། ཀྲུང་གོའི་རྒྱ་ནག་གི་ཐུན་མོང་ཐ་སྙད་རིག་གནས་དང་ཐུན་མོང་མ་ཡིན་པའི་ཆོས་ལུགས་གྲུབ་མཐའ་རིག་གནས་ལས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་སྔར་ཕན་ཚུན་ཆ་རྒྱུས་དེ་ཙམ་མེད་པ་ནས་རྒྱུས་ཡོད་དུ་འགྱུར་མགོ་ཚུགས་ཤིང་། དུས་དེར་བླ་ཆེན་རེ་འགའ་ཆབ་སྲིད་ཀྱི་རྙོག་འཛིང་ནང་ཚུད་དེ་རང་སྲོག་འཆོར་ཉེན་ཆེ་བའི་དུས་ཀྱང་བྱུང་ཡོད། སྒོས་སུ་གོང་མའི་དབུ་བླ་ཆེན་པོ་བརྒྱད་ཀྱི་སྐུ་སྐྱེའི་ནང་གི་དབུ་བླ་བཞི་ནི་ཁྲི་ཀ་གོང་འོག་ཏུ་སྐུ་འཁྲུངས་ཤིང་། དེ་དག་གི་ཕུགས་ཀྱི་དགྲ་ལྷ་གཙོ་བོ་ནི་ཨ་མྱེས་སྲིན་པོ་བསྟེན་ཞིང་ཐབས་ཀྱི་སྒོ་ནས་རྒྱ་ལྷ་ཨ་མྱེས་ཡུལ་ལྷར་མཆོད་པ་རེད། དེ་ནི་ཀྲུང་གོའི་རྒྱལ་རབས་དུ་མའི་གོང་མ་རིམ་བྱོན་གྱི་ཐུགས་དམ་གྱི་ལྷ་ནི་ཨ་མྱེས་ཡུལ་ལྷ་ཡིན་པས་དབུ་བླ་དེ་རྣམས་ཀྱིས་ཀྱང་དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་ལོ་ཞེས་པ་ནང་བཞིན་ཐབས་ཤེས་ཟུང་དུ་འབྲེལ་བའི་སྒོ་ནས་དངོས་ཤུགས་གཉིས་ཀྱི་ལྷ་ལ་བཀུར་སྲོལ་ཡོད།
       དེ་ཡང«སློབ་དཔོན་པདྨ་འབྱུང་གནས»ཀྱི་ཞལ་ནས། “རྒྱལ་སྲིད་ཆོས་དང་མཐུན་པ་ཡི། །གསོན་པོ་ཚེ་རིང་ལོངས་སྤྱོད་ཆེ། །གཤིན་པོ་རྣམས་ཀྱི་སྒྲིབ་པ་འདག །ལྷ་དང་མི་ཡི་སྐྱེ་གནས་ལེན། །དག་པར་བྱེད་པ་ཆོ་གའི་མཆོག །བདག་གཞན་བག་ཆགས་དག་པར་འགྱུར། །མཆོད་པ་ཡོད་ན་དགེ་བ་ཡོད། །མཆོད་པ་མེད་ན་དགེ་བ་མེད། །རྩ་གསུམ་མཉེས་པ་མཆོད་པས་མཉེས། །ཕ་མ་དྲིན་ལན་མཆོད་པས་འཁོར། །ཅི་འདྲའི་ལུས་བླངས་ལོངས་སྤྱོད་ཆེ། །ཡུལ་ལྷ་མནོལ་ན་མགོ་ན་དང་། །ངོ་མདངས་ནག་པོར་འགྲོ་བ་དང་། །ཕྲག་ལྷ་མནོལ་ན་གཟི་བརྗིད་ཉམས། །ལུས་ལྷ་མནོལ་ན་སེམས་མི་བདེ། །སྲུང་ལྷ་མནོལ་ན་མདངས་ཤོར་བ། །ཁང་ལྷ་མནོལ་ན་ལོ་ཉེས་འབྱུང་། །”ཞེས་གསུངས་པ་བཞིན་ཡུལ་ལྷ་གཞི་བདག་ལ་མཆོད་བསྟོད་བྱེད་པ་ནི་བོད་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་རིག་གནས་ཀྱི་དན་རྟགས་ཤིག་དང་མི་རིགས་འདིའི་དམིགས་བསལ་ཅན་གྱི་ཡུལ་སྲོལ་གྱི་མཚོན་རྟགས་ཤིག་ཡིན།
       དེ་བཞིན་བོད་མིའི་འཚོ་བའི་གོམས་སྲོལ་ནང་ཞོགས་པ་སྔ་པོ་ལངས་ནས་ལྷ་ལ་མཆོད་པ་འབུལ་བ་དང་གཞི་བདག་ལ་བསང་གཏོང་བ། དྲི་ཟ་ལ་ཚ་བསུར་སྦྱིན་པ་སོགས་བྱས་རྗེས་ཞོགས་ཇ་འཐུང་བ་དང་ལས་ཀ་གཞན་བྱེད་པ་ནི་ཉིན་གཅིག་གི་བྱ་བའི་མགོ་མ་དང་རྟེན་འབྲེལ་གྱི་ཐོག་མ་ཡིན་ལ། མེས་པོའི་སྲོལ་རྒྱུན་རྒྱུད་འཛིན་དང་འཚོ་བའི་གོམས་སྲོལ་ཞིག་ཀྱང་ཡིན། དེ་ཡང་ང་ཚོ་སྲིན་པོ་རྫ་རྒྱུད་དུ་འཚོ་བའི་མི་ཚོས་སྤྱིར་ཡུལ་ལྷ་གཞི་བདག་ལ་མཆོད་པར་བྱེད་པ་ལ་ཐོག་མར་ཨ་མྱེས་རྨ་ཆེན་དང་བར་དུ་ཨ་མྱེས་སྲིན་པོ། དེ་ནས་རང་སྡེ་བ་དང་ཚོ་བ་ཁྱིམ་ཚང་གིས་བསྟེན་པའི་གཞི་བདག་དེ་དག་ལ་མཆོད་པར་བྱེད་དོ། །དེ་ནི་རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་རྨ་འཁོར་སྟོང་དང་ལྔ་བརྒྱ་ཞེས་པ་དང་། ས་བཅུ་བ་ཐོབ་པའི་ཨ་མྱེས་རྨ་ཆེན་དང་། ས་བརྒྱད་པ་ཐོབ་པའི་ཨ་མྱེས་སྲིན་རྒན་འཁོར་མི་ནག་རྟ་ནག་སྟོང་གིས་བསྐོར་བའི་བདག་པོ་ཞེས་པ་ལས་ཀྱང་གོ་རྒྱུ་ཡོད་དེ། དེ་ན་སྡེ་བ་ཚོ་བ་མང་ཤས་ཀྱིས་བསྟེན་པ་ཕལ་མོ་ཆེ་ནི་ཨ་མྱེས་སྲིན་པོར་འཁོར་ཚོགས་མང་བ་ལས་གང་རུང་གཅིག་ལ་བསྟེན་པ་ནི་ཤེས་པར་མཛོད། དེ་བས་ང་ཚོ་གཅན་ཚའི་ཡུལ་དུ་ཕལ་ཆེར་ལབ་ཙེ་ཞིག་ཐོག་མར་བསྟོད་པའི་དབང་དུ་བཏང་ནའང་། ལབ་ཙེ་དེར་ས་བཅུད་བུམ་གཏེར་དང་གདན་འཁོར། སྲོག་ཤིང་དང་། གཏེར་ཁུག སྐུ་བརྙན་བཅས་ནི་ནང་རོལ་དུ་ཅིས་ཀྱང་འཛོམས་དགོས་ལ། དེ་ལས་ཀྱང་གདན་འཁོར་སྟེང་ཨ་མྱེས་རྨ་ཆེན་དང་ཨ་མྱེས་སྲིན་པོ་གཉིས་ནི་མེད་ཐབས་མེད་པའི་གཞི་བདག་མཐུ་བོ་ཆེ་གཉིས་ཀྱི་རྨང་གཞིའི་སྟེང་། སྐབས་བབས་ཀྱི་བསྟེན་བྱའི་གཞི་བདག་གང་ཡིན་པ་དེ་ཉིད་གནས་དགོས་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རོ། །དེ་ན་གཅན་ཚ་དང་ཁྲི་ཀ་ཤར་ལྷོའི་ཡུལ་གྲུ་ལ་མཚོན་ན། ཨ་མྱེས་སྲིན་པོ་ནི་སྟག་ཤ་རའི་ཕོ་ལྷ་དགྲ་ལྷ་དང་། མ་སྲུ་མོའི་ཟས་ལྷ་གྲོགས་ལྷ། དེ་བཞིན་དུ་བསྟན་འཛིན་གྱི་སྐྱེས་བུར་མཚོན་ན་བླ་མའི་སྐུ་སྲུང་དང་། སངས་རྒྱས་ཀྱི་བསྟན་སྲུང་། དགེ་འདུན་གྱི་སྡེ་སྲུང་། གོང་དཔོན་པོའི་མགོན་སྐྱབས་སོགས་ཡིན་པར་ངོས་འཛིན་བྱེད་པས་ན་དགྲ་ལྷ་ཨ་མྱེས་སྲིན་པོར་མཆོད་པའི་སྤྱི་ཚོགས་ཀྱི་ཕན་ནུས་དཔེ་དང་བཅས་པའི་སྒོ་ནས་མདོ་ཙམ་དྲངས་ན་གཤམ་གསལ་ལྟར་རོ། །
       གཅིག གནས་རི་ཨ་མྱེས་སྲིན་པོར་དད་མོས་ལས་སེམས་ཁམས་སྙོམས་སྒྲིག་གི་ནུས་པ་ཡོད་དེ། ང་ཚོ་སྲིན་པོ་རྫ་རྒྱུད་དུ་འཚོ་བའི་དམངས་ལ་མཚོན་ན། ཨ་མྱེས་སྲིན་པོར་དད་མོས་ཀྱིས་མང་ཚོགས་ལ་དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་འཕྲད་པའི་ཐག་གཅོད་དཀའ་བའི་གནད་དོན་སྣ་ཚོགས་སེལ་རོགས་བྱེད་ཐུབ་པར་འདོད་པའི་སེམས་རྩ་དྲོན་མོ་ཞིག་གིས་རྩ་ལམ་ཡོངས་སུ་ཁྱབ་ཡོད། དཔེར་ན།འཇིག་རྟེན་རྙིང་པར་བླ་མྱི་དཔོན་མྱི་ཚོའི་རང་གི་ཞི་རྒྱས་དབང་དྲག་གི་ལས་བཞི་འཕེལ་བར་བྱེད་པ་ལ་སྲིན་པོ་སྒང་འདིར་སྡེ་བརྒྱད་ཀྱི་རྔན་འཇོག་པ་དང་རླུང་རྟ་བསྐྱོན་པ། རྒྱལ་མཚན་རྩེ་མོ་སོགས་ཀྱི་དར་ལྕོག་བསྒྲེངས་པ། ཕྱོགས་བཞིར་དུང་དང་སྒྲ་སྙན་གཏོང་བ་སོགས་བྱེད་སྲོལ་ཡོད་ལ། དེང་རབས་ཀྱི་མི་ཆེན་དང་སྦྱིན་བདག་ཚོ་ལ་ཆ་བཞག་ནས་བཤད་ན་ཡང་། དབང་དང་ནོར་སོགས་ཐོབ་ན་འདོད་མཁན་ཚོས་དངོས་བརྒྱུད་གང་རུང་ནས་ཨ་མྱེས་སྲིན་པོ་འདི་ཆེད་དུ་བསྟེན་པ་དང་། སྒེར་ནས་ལབ་ཙེ་བསྟོད་པ། དུས་ཆེན་ཁག་ཏུ་བསང་དང་གསེར་སྐྱེམས་འབུལ་བ།སྙན་ཤལ་འདོགས་པ།ལོ་རེར་རང་ཉིད་འགྲོ་མི་ནུས་ཀྱང་དབུ་རྩེར་རང་ཚབ་ཏུ་མི་མངགས་ནས་རླུང་རྟ་བསྐྱོན་པ་དང་ལྷ་བསང་གཏོང་བའི་ལས་བྱེད་མཁན་མི་མངོན་སྦས་པའི་ཚུལ་དུ་མང་པོ་ཡོད།
       གཉིས། གནས་རི་ཨ་མྱེས་སྲིན་པོར་མཆོད་བཀུར་ལས་དམངས་སེམས་གཅིག་སྡུད་ཀྱི་ནུས་པ་ཡོད་དེ། དཔེར་ན། རྟ་རྒྱུགས་མདའ་འཕེན་དང་། ས་ཆུ་རྩོད་གླེང་། དགྲ་ཇག་དམག་འདྲེན་སོགས་བྱེད་ན། ཐུན་མོང་ནས་རི་མཐོ་ས་དང་ས་གཙང་ས་ཡང་ན་སྡེ་གཞུང་ནས་སྤྱི་བསང་ཆེན་པོ་ཕུད་དེ་བསང་རྩིས་ཞོར་བསྐོར་བ་བྱེད་པ་དང་། འབུད་རྡུང་དཀྲོལ་གསུམ་དང་མཉམ་དུ་ཡ་ཡ་ཡ་་་། ཀི་ཀི་བསྭོ་བསྭོ། ལྷ་རྒྱལ་ལོ་ཞེས་དགྲ་ལྷ་བཀོད་རྗེས་ལས་གང་དེ་བྱེད་པར་འགྲོ་ལ། དེ་དུས་མི་རེ་རེའི་སེམས་ནང་དང་ཐུན་མོང་གི་འདུ་ཤེས་འཛིན་སྟངས་ཤིག་ལ་ཨ་མྱེས་སྲིན་པོ་གཙོ་བྱས་གཞི་བདག་གང་དེས་མགོན་སྐྱབས་ཡོད་ལ་རྒྱལ་ཁ་ལོན་པར་ཡིད་ཆེས་དང་སྙིང་སྟོབས་ཀྱིས་ཁེངས་ཡོད་པ་ལྟ་བུའོ། །
       གསུམ། གནས་རི་ཨ་མྱེས་སྲིན་པོར་སྤྱི་ཚོགས་ཚོད་འཛིན་གྱི་ནུས་པ་ཡོད་དེ། དཔེར་ན། རྒྱན་སྐུག་རྒྱ་འཇོག་གཅོད་པ་དང་། དུ་ཆང་གཅོད་པ། བརྐུ་འཕྲོག་གཅོད་པ། རི་རྒྱ་ཀླུང་རྒྱ་བསྡམས་པ་སོགས་ཐ་ན་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཁས་ལེན་བྱེད་པ་སོགས་བསམ་བཞིན་དུ་ཨ་མྱེས་སྲིན་པོར་ལྷ་བསང་བཏང་ནས་ནམ་ཡང་ཁོ་བོའི་ཕོ་ལྷ་དགྲ་ལྷ། མྱི་རིང་དང་མྱི་རྒྱུད། ཁྱིམ་རིང་དང་ཁྱིམ་རྒྱུད། ཕ་རིང་དང་བུ་རིང་ལ་མཆོད་པའི། སྐྱེས་ལྷ་ཨ་མྱེས་སྲིན་རྒན། ཁོ་བོའི་ཚེ་བསོད་རླུང་རྟ་མུ་མཐུད་རྒྱས་ཆེད་དུ་དེ་རིང་ནས་ཁོས་འདི་དང་འདི་བཅད་པ་ཡིན་ལ། ཕྱིན་ཆད་འདི་དང་འདི་རིགས་བྱེད་རྒྱུ་ཡིན་ཞེས་དམ་བཅའ་བྱེད་སྲོལ་ཡོད་པ་ལྟ་བུའོ། །
       བཞི། གནས་རི་ཨ་མྱེས་སྲིན་པོར་རིག་གནས་རྒྱུན་འཛིན་གྱི་ནུས་པ་ཡོད་དེ། དེ་ཡང་དབྱིན་གོའི་མིང་གྲགས་ཅན་གྱི་མིའི་རིགས་རིག་པ་བ་ཐེ་ལོས1871ལོར་བརྩམས་པའི«གདོད་མའི་རིག་གནས»ཞེས་པར།“རིག་གནས་སམ་ཤེས་རིག་ནི། མི་རིགས་རིག་པའི་དོན་སྙིང་རྒྱ་ཆེན་པོའི་ངོས་ནས་བརྗོད་ན། དེ་ནི་སྣ་འདུས་ཀྱི་ཕུང་པོ་ཧྲིལ་པོ་ཞིག་སྟེ། དེར་ཤེས་བྱ་དང་། དད་མོས། སྒྱུ་རྩལ། ཀུན་སྤྱོད། བཅའ་ཁྲིམས། ཡུལ་སྲོལ་བཅས་དང་། སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་པའི་མི་རྣམས་ཀྱི་སྦྱངས་གོམས་ལས་བྱུང་བའི་ནུས་པ་དང་གོམས་གཤིས་གཞན་པ་མཐའ་དག་འདུས་པ་ཡིན།”[25]ཞེས་གསུངས་པ་ལྟར། དཔེར་ན། ཀ དམངས་ཁྲོད་དུ་ཨ་མྱེས་སྲིན་པོ་ནི་ལྡེབས་རིས་དང་ཐང་ཀའི་ངོས་སུ་བཞེངས་ཡོད་པས་སྒྱུ་རྩལ་རྒྱུན་འཛིན་གྱི་ནུས་པ་ལྡན། ཁ། བླ་སྤྲུལ་དང་སྐྱེས་ཆེན་ཚོས་སྲིན་པོར་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་གསོལ་མཆོད་དང་བསང་ཡིག་སྣ་ཚོགས་བརྩམས་ཡོད་པས་དད་མོས་རྒྱུན་འཛིན་གྱི་ནུས་པ་ཡོད། ག དམངས་ཁྲོད་དུ་ཨ་མྱེས་སྲིན་པོར་གཏམ་རྒྱུད་སྣ་ཚོགས་དང་བཤད་པ་སྣ་མང་གི་པར་གཞི་མི་འདྲ་བ་དུ་མ་ཡོད་པས་དམངས་ཁྲོད་ངག་རྒྱུན་རྒྱུན་འཛིན་གྱི་ནུས་པ་ཡོད། ང་། ཁྲི་ཀ་གོང་འོག་གི་སྔགས་འཆམ་ཁྲོད་ཨ་མྱེས་སྲིན་པོའི་གར་འཆམ་འཁྲབ་སྲོལ་བྱུང་ཡོད་པ་སོགས་ས་གནས་ཡུལ་སྲོལ་རིག་གནས་རྒྱུན་འཛིན་གྱི་ནུས་པ་ཡོད་པ་ལྟ་བུའོ། །
       ལྔ། གནས་རི་ཨ་མྱེས་སྲིན་པོར་དད་མོས་ལས་བྱེད་ནུས་སྣ་མང་རང་བཞིན་ཡོད་དེ། ཀ དཔེར་ན། ཡུལ་མི་ཚོས་དོན་བྱ་གལ་ཆེན་ཞིག་བསྒྲུབ་པར་བྱེད་པ་དང་ཚོང་ལ་འགྲོ་བ། ནད་པ་ལྕི་མོ་སྨན་ཁང་དུ་སྟོན་པ། ཕྱུགས་ཟོག་དང་རྒྱུ་ནོར་བོར་སྟོར་བྱུང་བ། ཐ་ན་དབྱར་རྩྭ་དགུན་འབུ་འཐུ་བར་ཐག་རིང་དུ་འགྲོ་ནའང་། ཨ་མྱེས་སྲིན་པོར་དངོས་ཤུགས་གང་རུང་ནས་མཆོད་བཀུར་རང་གི་ནུས་ཚོད་ཀྱིས་གང་ལ་གང་འཚམ་རེ་བྱེད་སྲོལ་ཡོད་ལ། དེ་བཞིན་དུ་དོན་བྱ་དང་ཚོང་སོགས་འགྲུབ་ནས་ཕྱིར་ཐོན་མ་ཐག་སྐྱེས་ལྷ་ཨ་མྱེས་སྲིན་པོར་བཀའ་དྲིན་ཞུ་ཆེད་ཐག་རིང་སྒང་དུ་མི་ཐོན་རུང་། མ་མཐའ་ཡང་རང་ཁྱིམ་གྱི་བསང་ཁུང་ནང་དང་ཁང་པའི་ཡང་སྟེང་དུ་མི་ཁྲེལ་ཡོད་ཚོས་ཆེད་དུ་ཨ་མྱེས་སྲིན་པོར་ལྷ་བསང་གཏོང་བའི་སྲོལ་ཡོད།
       དྲུག གནས་རི་ཨ་མྱེས་སྲིན་པོར་མཆོདབཀུར་ལས་བུ་དང་བུ་མོ་སློང་སྲོལ་ཡོད་དེ། གཞོན་ནུ་ཕོ་མོ་གཉེན་སྒྲིག་བྱེད་པ་དང་བྱས་ནས་ཀྱང་བུ་རབ་ཅིག་གི་དགོས་མཁོ་ཡོད་ན་ཡང་ཨ་མྱེས་སྲིན་པོ་སྒང་དང་ཡང་ན་རི་རྩེ་མཐོང་ས་ནས་བུ་སློང་བར་བྱེད་པ་ལ་བསང་གཏོང་བ་དང་། གསེར་སྐྱེམས་མཆོད་པ། དུང་འབུད་པ་སོགས་ཀྱི་ལས་མཛད་པར་བྱེད་པ་ཡོད་རེད།
       བདུན། གནས་རི་ཨ་མྱེས་སྲིན་པོར་དད་མོས་ལས་སློབ་མ་ཚོ་དང་ཁྱིམ་བདག་འགར་ཡིད་ཆེས་ལྷག་མ་ཞིག་གི་ཁེངས་ཡོད་དེ། དེང་སྐབས་སློབ་ཆེན་དང་གོང་མ་ཚང་གི་བྱ་བའི་སྟེང་རྒྱུགས་སྤྲོད་མཁན་གྱི་སློབ་མ་ཚོར་མཚོན་ན་ཡང་བགེགས་དང་བར་ཆད་སེལ་ཕྱིར། ལོ་གསར་ཚེས་མགོ་སོགས་དུས་ཆེན་གང་རུང་དུ་གནམ་གཤིས་ལེགས་པའི་ཉིན་མོ་བདམས་ཏེ་སྲིན་པོ་དབུ་རྩེར་ལྷ་བསང་གཏོང་བ་དང་སྡེ་བརྒྱད་རྔན་འཇོག་མཁན། དར་ལྕོག་འཛུགས་པ་དང་རླུང་རྟ་བསྐྱོན་མཁན་ཡང་གང་མང་གོ་རྒྱུ་ཡོད་པ་ལྟ་བུའི་མཚོན་ནོ། །
       དེ་ལྟར་ཡུལ་ལྷ་གཞི་བདག་ལ་དད་མོས་ཀྱིས་བསང་འཇོག་པའི་ཕན་ཡོན་ནི། «བསང་གི་དག་གཙང་སྔོན་འགྲོ»ལས། “སྟེང་གི་ལྷ་ཡང་བསང་བར་བྱ། །འོག་གི་ཀླུ་ཡང་བསང་བར་བྱ། །བར་གྱི་གཉན་ཡང་བསང་བར་བྱ། །གདན་ཁྲི་རྣམས་ཀྱང་བསང་བར་བྱ། །ཆོས་གོས་རྣམས་ཀྱང་བསང་གྱུར་ཅིག །”[26]ཅེས་པ་ལས་ཀྱང་བསང་གི་ཕན་ཡོན་ཕྲ་མོ་ཙམ་ཞིག་གསུངས་ཡོད་ལ། དེ་ལས་ཀྱང་བསང་གི་ནུས་པ་ཅུང་རྒྱས་པར་བཤད་ན། «པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་མནོལ་བསང»ལས། “ཆོས་རྣམས་རང་བཞིན་ཀུན་བྲལ་ཡང་། །རྨི་ལམ་བཞིན་དུ་ནོངས་པ་གང་། །བསང་དང་བསང་བྱ་བསང་ཡུལ་སོགས། །རང་བཞིན་དག་པའི་དབྱིངས་སུ་བསངས། །མི་གཙང་ཟོས་ཤིང་གྱོན་པ་བསང་། །ཐམས་ཅད་མ་ལུས་བསང་གྱུར་ཅིག །སྐུ་གསུང་ཐུགས་དང་འགལ་བགྱིས་བསང་། །དམ་གྲིབ་འཁོན་གྲིབ་བཙོག་གྲིབ་དང་། །བཤན་གྲིབ་ཡུག་གྲིབ་བག་གྲིབ་བསང་། །མཛེ་གྲིབ་ཐབ་གཤོབ་མནོལ་ཤོར་སོགས། །ལྷ་མི་ཡོངས་ལ་གྲིབ་ཕོག་པ། །མ་ལུས་བསང་གི་མཆོད་པས་བསངས། །བསང་གིས་མི་བསང་གང་ཡང་མེད། །མི་གཙང་བ་ནི་ཐམས་ཅད་བསངས། །མི་མཐུན་བར་ཆད་ཞི་བ་དང་། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །ཁམས་གསུམ་དབང་དུ་འདུ་བ་དང་། །ཅི་བསམ་ལྷུན་གྱིས་འགྲུབ་པར་མཛོད། །”ཅེས་གསུངས་པ་ལྟར། ས་འདིའི་གནའ་མི་ཚོས་ཀྱང་ཨ་མྱེས་སྲིན་པོ་འདི་ལ་མཆོད་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ། འགྲོ་བ་སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། ནད་པ་ནད་མ་ཐམས་ཅད་ནད་ལས་གྲོལ་བ། བསྟན་འཛིན་གྱི་སྐྱེས་བུའི་སྐུ་ཚེ་ཞབས་པད་བརྟན་ཞིང་། དགྲ་བགེགས་བར་ཆད་སེལ་བ། ཚེ་བསོད་རླུང་རྟ་རྒྱས་ཤིང་། མི་རྒྱུ་ཕྱུགས་གསུམ་འཕེལ་བ། དཔའ་གྲགས་བཙན་གསུམ་འཛོམས་པ། ཕྱིའི་གོད་ཁ་དང་ནང་གི་ན་ཚ་བཟློག་པ། མདོར་ན། ནད་ཡམས་མུ་གེ་འཐབ་རྩོད་འཁྲུག་ལོངས་ཞི་བར་བྱེད་པ་སོགས་ཐ་ན་བུ་འདོད་པ་ལ་བུ་དང་། ནོར་འདོད་པ་ལ་ནོར། དབང་འདོད་པ་ལ་དབང་དང་། ཐོབ་འདོད་པ་ལ་ཐོབ་བཅས་གནང་བར་བྱེད་པ་སོགས་ཅི་བསམ་གྱི་དོན་འགྲུབ་པར་བཤད་སྲོལ་ཡོད།
དྲུག་པ། ཨ་མྱེས་སྲིན་པོའི་རྫ་སྒང་དུ་གནས་པའི་རི་དྭགས་དང་འདབ་ཆགས་སྨན་སྣ་གཙོ་བོའི་སྐོར།
       རི་བོ་འདིའི་རི་རྒྱུད་བྱང་ནས་ལྷོ་ལ་བརྒྱུད་ཅིང་རིང་ཚད་ལ་སྤྱི་ལེ18ཙམ་ཡོད། རིའི་སྟེང་དུ་དད་ལྡན་མང་ཚོགས་ཀྱིས་མདའ་ཤིང་དང་དར་ལྕོག་བཙུགས་ཡོད། རི་ངོས་གཟར་ཞིང་གྲང་ངར་ཆེ་ལ། ཁ་བ་གསོག་ཚད་ནི་ལོ་རེར་ཟླ8ལྷག་ཡིན་ཞིང་། རྫ་སྒང་འདིའི་མཁའ་དབྱིངས་སུ་བྱ་བྱེའུ་རིགས་ལ་རྒོད་ཐང་དཀར་དང་ཐང་ནག །རྫ་ཁའི་ཀོའུ་ཡག །ཞག་ཝང་། ཁུག་རྟ་རྐང་སེར། ཕ་ཝང་། ཁུ་བྱུག འུག་པ། ཁྲ། བྱ་དེ་ཕོ་དང་སྐྱ་ཀ་ཁྲ་མོ། ཕུག་རོན། ཁ་ཏྭ། སྐྱུང་ཀ །ཅོ་ག་དང་། འཇོལ་མོ། གོང་མོ། ངང་ཁྲུང་། བྱ་ཕོ་སོགས་ཀྱིས་སྐད་སྙན་སྣ་ཚོགས་བསྒྱུར་བར་བྱེད།
       རྫ་འདབ་ན་གཅན་གཟན་རི་དྭགས་རིགས་ལ་ཤ་བ་དང་གནའ་བ། རྒོ་བ་དང་རྒོ་དམར།རྐྱང་དང་ཁ་ཤ། གླ་བ་དང་ཡུ་མོ། ཝ་སྤྱང་དང་གཡིས་དཀར། གསའ་དང་ཕག་རྒོད། རི་བོང་དང་འཕྱི་བ། གྲུམ་པ་དང་སྲེ་མོང་སོགས་དང་། ཕྱུགས་རིགས་ལ་འབྲོང་དང་འབྲོང་མོ། འབྲུ་དང་འབྲུ་མོ། རྒ་དང་རྒའུ་མོ། མཛོ་དང་མཛོ་མོ། གཞན་རྟ་ནོར་ལུག་གསུམ་སོགས་ཀྱིས་ཁྱབ་ཡོད།
       ལྗོན་ཤིང་དང་སྐྱེས་དངོས་རིགས་ལ་གཙོ་བོ་གསོམ་པ། སྟག་པ། དབྱར་བ། སྐྱེར་བ། གླང་མ། བྲ་མ། སིལ་རིགས་སྣ་ཚོགས་དང་། སྨན་རྩྭ་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་དང་། བྱ་རྒོད་སུག་པ། ཀླུ་བདུད་རྡོ་རྗེ། ལྕུམ་རྩྭ། སྔོ་སྨན་དང་ཐང་སྨན། མེ་ཏོག་ལྕེ་ཚ་སོགས་ལས་མཚོན་པའི་བྲག་ཞུན་དང་། བྲག་མཚེ། རྩ་ད་བྱིད། ཀཎྜ་ཀ་རི་དཀར་པོ། ག་བྲ། སྐྱུ་རུ་ཤིང་། སྐྱུ་རུ་ར། སྐྱེར་པ་དཀར་ནག སྔོ་ཁྱུང་སྡེར་དཀར་པོ་དང་སྨུག་པོ། གླང་མ་དཀར་ནག །རྒྱ་ལྕང་ཕྲ་མོ། སྟག་མ། སྟག་མའི་མེ་ཏོག །སྤེན་དཀར་ནག །བྲ་མ། དབྱར་པ། སྨག་ཤད། མ་གལ། ཚར་ནག མཛོ་མོ་ནུ་ཤིང་། འོམ་བུ། ཡོ་འབོག །རས་འབྲས། སེ་རྒོད། ཨ་ག་རུ། སླེ་ཏྲེས། ཀྱི་ལྕེ་དཀར་ནག ཀླུ་བདུད་རྡོ་རྗེ་དཀར་ནག ཁུར་མོང་། སྒོག་སྐྱ། ཏིག་ཏ། དངུལ་ཏིག ལྕགས་ཏིག  ཏིལ་ནགརྟ་ལྤགས། སྔོ་དུག་མོ་ཉུང་། སྤང་རྒྱན་དཀར་སྔོན་ནག་གསུམ། སྤང་སྤོས། སྤྱང་ཚེར།  ཕུར་མོང་དཀར་ནག བོང་ང་དཀར་པོ། ར་དུག་པ། སྔོ་བོང་དཀར། བྱ་ཕོ་ཙི། བྱི་རུག བྱི་ཚ་ལ་ཕུག བྲག་སྐྱ་དཀར་པོ། ཤ་མོང་། དབང་ལག ལྡུམ་བུ་ཤི་རྟིང་། མེ་ཏོག་སེར་ཆེན། རེ་ལྕག་པ། ཟར་མ། སྲན་མའི་མེ་ཏོག་སོགས་སྐྱེ་དངོས་དང་སྨན་སྣ་བདུན་བརྒྱ་ལྷག་གིས་ཁྱབ་ཡོད།
       གཏེར་ཁའི་རིགས་ལ་གསེར་དངུལ་ཟངས་ལྕགས་དང་། རྡོ་ཞ་ཉེ། རང་བྱུང་ཟངས། ཟངས་རྡོ། གཤའ་རྡོ། གཤའ་དཀར། དཀར་པོ་སྦལ་རྒྱབ། ཅོག་ལ་རབ་བྱུང་། མོ་ཅོང་རབ་འབྲིང་ཐ། མ་ནིང་ཅོང་ཞི་མཆོག །བུ་ཅོང་མཆོག་རབ་འབྲིང་ཐ། བུ་མོ་ཅོང་ཞི་མཆོག་རབ་འབྲིང་ཐ། ཅོང་ཞི་དཀར་དམར་སེར་སྔོན། རྡོ་མཁྲིས་མཆོག །ཕ་བང་ལོང་བུ། མུ་ཟི་དཀར་ནག བུལ་ཏོག རྡོ་སོལ། རྡོ་ཐལ་རྡོ། རྡོ་སྲིན་སྨན། རྡོ་སྤོས་ཤེལ། རྡོ་འཇའ་ཚོན། གསེར་རྡོ་དང་སྐར་རྡོ་སོགས་མང་པོ་ཡོད།
བདུན་པ། མཐར་གནས་རི་ཨ་མྱེས་སྲིན་པོར་བསྟོད་པའི་གླུ་ཞིག་བླངས་ནས་མཇུག་སྡུད་པ།
       ཡེ། སྐྱེས་ལྷ་སྲིན་པོ་དཔལ་ལྡན་དོན་གྲུབ། །འདི་ལ་བསྟོད་པ་རྣམ་གསུམ་རེ་བྱས་ན། །གཡས་ན་གསེར་ཁྲབ་ཅན་སྟོང་གི་བདག་པོ། །གཡོན་ན་དངུལ་ཁྲབ་ཅན་སྟོང་གི་བདག་པོ། །མདུན་ན་དུང་ཁྲབ་ཅན་སྟོང་གི་བདག་པོ། །རྒྱབ་ན་ལྕགས་ཁྲབ་ཅན་སྟོང་གི་བདག་པོ། །འཁོར་མི་ནག་རྟ་ནག་གི་བདག་པོ། །དགྲ་ལྷ་སྲིན་པོ་དཔལ་ལྡན་དོན་གྲུབ། །ཕ་བླ་མས་མཆོད་ན་སྙིང་རྗེ་ཆེ་ནི་ཟེར་གི །གོང་དཔོན་པོའི་མཆོད་ན་དབང་ཐང་ཆེ་ནི་ཟེར་གི །ཕ་ཨ་ཁུས་མཆོད་ན་དགྲ་ལྷ་འཁོར་ནི་ཟེར་གི །སྟག་ཤར་བས་མཆོད་ན་དཔའ་རྩལ་རྒྱས་ནི་ཟེར་གི །སྨན་བུ་མོས་མཆོད་ན་ཟས་ལྷ་འཁོར་ནི་ཟེར་གི །རྒན་ལོ་ལོན་གྱིས་མཆོད་ན་ཚེ་ཐག་རིང་ནི་ཟེར་གི །ཆུང་བྱིས་པས་མཆོད་ན་འདབ་ལག་རྒྱས་ནི་ཟེར་གི །བུ་བློ་ཆུང་གིས་མཆོད་ན་རིག་པ་རྒྱས་ནི་ཟེར་གི །ངའི་སྐྱེས་ལྷ་སྲིན་པོ་དཔལ་ལྡན་དོན་གྲུབ་ཀྱི། །ཆོ་ག་རྣམ་གསུམ་ཚོ་བཤད་ན་འདི་འདྲ་ཞིག་རེད། །ད་བར་དུ་སྲིན་པོ་རྫ་རྒན་འདི་ལ། །བསྟོད་པ་རྣམ་གསུམ་རེ་བྱས་ན། །ཁྱོད་དཔྱིད་ཟླ་གསུམ་ལ་བལྟས་ན། །ནག་པོ་ལྕགས་ལ་རིག་ནོ། །དཔྱིད་གསུམ་གྱི་རྡུལ་སྨུག་འཐིབས་ནས། །ཁྱོད་དབྱར་ཟླ་གསུམ་ལ་བལྟས་ན། །སྔོན་མོ་གཡུ་ལ་རིག་ནོ། །དབྱར་གསུམ་གྱི་ལྗོན་ཤིང་རྒྱས་ནས། །ཁྱོད་སྟོན་ཟླ་གསུམ་ལ་བལྟས་ན། །སེར་པོ་གསེར་ལ་རིག་ནོ། །སྟོན་གསུམ་གྱི་རྩྭ་མགོ་སེར་ནས། །ཁྱོད་དགུན་ཟླ་གསུམ་ལ་བལྟས་ན། །རྫ་མགོ་དུང་ལ་རིག་ནོ། །དགུན་གསུམ་གྱི་ཁ་བས་གཡོག་ནས། །རི་གཅིག་ལ་ཁ་དོག་མང་ནོ། །རི་ནུས་པ་ཅན་གྱི་རྟགས་རེད། །སྦ་སྤུ་གསེད་མགོ་ན་སྐྱེས་ནོ། །རི་གང་མཐོ་མགོ་ན་མེད་ཀི།མྱི་གང་ཡིན་སོང་ན་མེད་ནོ། །ལྷ་རྫུ་འཕྲུལ་ཆེ་ནས་ལོས་ཡིན། །
       ད་ཞོལ་ནས་སྲིན་པོ་རྫ་རྐང་ཕྲ་མོ་འདི། །བསྟོད་པ་རྣམ་གསུམ་རེ་བྱས་ན། །སེང་དཀར་མོ་གངས་ནས་འགྱིངས་འདྲ། །སེང་དཀར་མོ་གཡུ་རལ་རྒྱས་ས། །སྟག་དམར་ཡག་འཛུམ་དྲུག་མངོན་ས། །འབྲོང་འབྲོང་མོ་རྭ་རྩེད་བྱེད་ས། །རྐྱང་ཁ་དཀར་བང་རྩེད་བྱེད་ས། །ཤྭ་རྭ་བརྒྱད་རུ་རྟ་རྒྱས་ས། །སྤྱང་དར་མའི་ངུར་གཟིགས་བྱེད་ས། །བྱ་ཁུ་བྱུག་གི་གསུང་སྙན་སྒྲོག་ས། །རྟ་འདོ་བའི་བང་རྩེད་འགྲན་ས། །ཕྱུགས་ཁྲ་ཁྲའི་ཁ་རིང་འབུད་ས། །སྦྲ་རོག་རོག་ཁ་རི་རྒྱངས་ས། །རྟ་འདོ་བའི་དྲུག་ཁ་གང་ས། །རྒོ་རྒ་མོའི་རྣ་ལོང་གཅུས་ས། །ས་དེ་ནི་སྲིན་པོ་རྫ་རྐང་ཕྲ་མོ་ཡིན་ཟེར་རྒྱུ། །ཞེས་པའི«ཨ་མྱེས་སྲིན་པོར་བསྟོད་གླུ»ཚན་པ་འདི་ནི་གཅན་ཚ་སྐ་ཕུག་ལྷ་གྲོང་སྡེ་བའི་མིང་བརྗོད་འདོད་མེད་པའི་འདས་སོང་ལོ་ལོན་ཞིག་གི་ངག་ལས་བཏུས་པ་ཡིན་ལ། གཏམ་འདིས་ཀྱང་སྲིན་པོ་རྫ་རྒན་གྱི་རང་བཞིན་དང་ཕྱི་ནང་གསང་གསུམ་ལ་ཅུང་ཟད་སྤྱི་སྡོམ་ཙམ་ཞིག་བྱས་ཡོད་ལ་རིག་གནས་ཀྱི་བསྟན་དོན་ཡང་ཆེ་བར་དགོངས་ནས་འདི་ཙམ་ཆེད་དུ་བཀོད་པ་ཡིན།
       མདོར་ན། བོད་ཀྱི་གཞི་བདག་རིག་གནས་ནི་ཐོག་མའི་རང་བྱུང་དད་མོས་ཀྱི་རྣམ་པ་ནས་བར་དུ་ཆབ་སྲིད་མཚོན་པའི་བོན་ལུགས་ཀྱི་རིག་གནས་ལྟ་བ་གཙོ་བོ་ཞིག་ཡིན་ལ། ཕྱིས་སུ་ནང་བསྟན་གྱི་ཤན་ཤུགས་ཆེས་ཆེར་ཞུགས་པའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཏུ་གྱུར་ཏེ། བོད་མདོ་དབུས་ཁམས་གསུམ་དུ་དར་བའི་རིག་གནས་ཀྱི་སྣང་ཚུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ཀྱི་ཡུལ་གྲུ་གང་དུ་ཕྱིན་ཡང་འཇིག་རྟེན་མི་སྐྱའི་སེམས་ཁོངས་སུ་རང་ཉིད་ཀྱི་ཡུལ་ལྷ་གཞི་བདག་ནི་རི་བརྒྱའི་དཔོན་པོ། ལུང་བརྒྱའི་ཕུགས་མདོ། ཆུ་བརྒྱའི་འདུས་མདོ། རྒྱལ་ཁབ་གྱི་བླ་རི། བླ་དཔོན་གྱི་འཁྲུངས་རི། མི་དམངས་ཀྱི་རྒྱབ་རི། ཡུལ་ལུང་གི་ལྷ་རི། ཟབ་གཏེར་གྱི་གནས་རི་སོགས་སུ་ངོས་འཛིན་བྱེད་བཞིན་ཡོད་པས། མདོ་སྨད་གཅན་ཚ་དང་ཁྲི་ཀ་ས་ཆར་མཚོན་ནའང་། དགྲ་ལྷ་ཨ་མྱེས་སྲིན་པོ་ནི་ཀུན་གྱིས་རྒྱབ་རྟེན་ས་དང་བློ་གཏོད་སའི་སྤྱི་ལྷ་ཞིག་ཡིན་ལ། རང་ཡུལ་དུ་ཐོག་མར་ཁོང་གཙོ་བྱས་ད་བཟོད་ཡུལ་ལྷ་གཞི་བདག་གཞན་དག་ལ་མཆོད་ན་མ་གཏོགས་འཁུ་ལྡོག་དང་ཆོ་འཕྲུལ་སྣ་ཚོགས་སྟོན་ངེས་ཤིང་། བྱ་བ་གང་བྱས་ཐམས་ཅད་འགྲུབ་ཏུ་མི་འཇུག་པ་ཞིག་ཡིན་སྐད། དེ་བཞིན་དུ་ལྷ་བསང་གཏོང་དུས་ཀྱང་སྐྱེས་ལྷ་ཨ་མྱེས་སྲིན་པོ་འབོད་དགོས་པ་ནི་སྔ་རོལ་གྱི་ཕྱག་སྲོལ་ཡིན་པས་ན་ཞོར་དུ་ཕྱི་རབས་པ་ཚོར་དྲན་སྐུལ་དང་ཆབས་ཅིག །བརྗོད་འདོད་པ་ནི་ང་ཚོ་གཅན་ཚ་དང་ཁྲི་ཀའི་ཤར་ལྷོ་ནི་ཨ་མྱེས་སྲིན་པོའི་བུ་རྒྱུད་ཡིན་ཞེས་བཤད་ཆོག་ལ། ང་ཚོའི་རིག་གནས་ཀྱང་ཨ་མྱེས་སྲིན་པོའི་རི་རྒྱུད་ལས་འཕྲོས་པའི་རིག་གནས་ཡིན་ཞེས་བཤད་ན་མི་ཆོག་པ་མེད་དོ། །

མཆན།
[1] ཧྥ་རན་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་པ་ལིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་བཞུགས་པའི་ཏུན་ཧོང་ཡིག་རྙིང་ཨང་རྟགསP.T966 P2-5.
[2] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ཐེངས་གསུམ་པ། 1987ལོ། P295
[3] སྐ་ཕུག་ཕག་མོ་ཚེ་བརྟན། སྲིན་པོ་དབུ་རྩེ། ཡུལ་དངོས་རྟོག་དཔྱོད། དུས་ཚོད། 2022ལོའི་སྤྱི་ཟླ7པའི་ཚེས25-26ཉིན།
[4] དྲ་སྟེང་ནས་དྲངས།
[5] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ཐེངས་གསུམ་པ། 1987ལོ། P297
[6][7] སྒུ་རུ་བཀྲ་ཤིས་དོན་གྲུབ། སྲིད་པའི་རྨ་རབས། [M] མི་རིགས་དཔེ་སྐྲུན་ཁང་། 2012ལོ། P72 P111
[8] བློ་བཟང་ལྷུན་གྲུབ། མཚོ་བོད་མཐོ་སྒང་གི་རི་ཆུ་རིག་གནས། མཚོ་ལྷོའི་གླེགས་བམ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016ལོ། P151
[9] བཅར་འདྲི་བྱེད་ཡུལ། རྒན་རྡོ་རྗེ་འབུམ། ས་གནས། གཅན་ཚ་རྫོང་ཐོག བཅར་འདྲི་བྱེད་མཁན། སྐ་ཕུག་ཕག་མོ་ཚེ་བརྟན། དུས་ཚོད། 2022ལོའི་ཟླ6པ།
[10] གཅན་རོང་བསྟན་འཛིན། དགུ་རོང་དགོན་པ་གསང་ཆེན་སྔ་འགྱུར་རྡོ་རྗེ་གླིང་གི་ལོ་རྒྱུས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P27
[11] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ཐེངས་གསུམ་པ། 1987ལོ། P295
[12] ཟློམ་ནི། སངས་ཆོས་ལས་ཐོབ་དང་གོ་ས་མཚོན་པ་ཞིག་གི་དོན། 
[13] བཅར་འདྲི་བྱེད་ཡུལ། ཨ་ཁུ་འཕགས་རུས། ས་གནས། རུ་མཚེར་སྡེ་བ། ལོ90ཡིན། བཅར་འདྲི་བྱེད་མཁན། སྐ་ཕུག་ཕག་མོ་ཚེ་བརྟན། དུས་ཚོད། 2022ལོའི་ཟླ་5པ།
[14] བཅར་འདྲི་བྱེད་ཡུལ། ཨ་ཁུ་རྒྱལ་མཚན། ས་གནས། གཙང་ཚ་སྡེ་བ། ལོ91ཡིན། བཅར་འདྲི་བྱེད་མཁན། སྐ་ཕུག་ཕག་མོ་ཚེ་བརྟན། དུས་ཚོད། 2022ལོའི་ཟླ་6པ།
[15] ལུང་ཁུངས་ཏག་ཏག་གོང་དང་གཅིག་འདྲ་ཡིན།
[16] ཞྭ་ཁྲའི་དབང་གྲགས། གཅན་ཚ་ཡུལ་གྲུའི་སྔོན་བྱུང་སྲིད་པའི་སྙིང་གཏམ། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ཐེངས་དང་པོ། 2011ལོ། P658-660
[17] གཏམ་རྒྱུད་བཤད་མཁན། བྱ་ཁྱུང་དགོན་པའི་གྲྭ་བཙུན། ཨ་ཁུ་བསྟན་འཛིན་ཤེས་རབ། བཅར་འདྲི་བྱེད་མཁན། སྐ་ཕུག་ཕག་མོ་ཚེ་བརྟན། དུས་ཚོད2017ལོའི་ཟླ4པ།
[18] ཡོངས་འཛིན་དྲ་བ་ལས་དྲངས་ཤིང་དོན་ཚན་དང་འབྲེལ་ནས་རྒྱས་བསྡུས་རན་པར་བཀོད་པ་ཡིན།
[19] གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན། བཀའ་ཐང་སྡེ་ལྔ། [G] མི་རིགས་དཔེ་སྐྲུན་ཁང་། 1997ལོ། P34.
[20] ཧྥ་རན་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་པ་ལིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་བཞུགས་པའི་ཏུན་ཧོང་ཡིག་རྙིང་ཨང་རྟགསP.T966 P5-6.
[21] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2011ལོ། P25.
[22] གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན། བཀའ་ཐང་སྡེ་ལྔ། [G] མི་རིགས་དཔེ་སྐྲུན་ཁང་། 1997ལོ། P131
[23] 格勒.藏族早期历史与文化[M].商务印书馆,北京:人民出版社,2010:411-413.
[24] འབའ་སྟོད་ཚེ་དབང་རྡོ་རྗེ། རིག་གནས་མིའི་རིགས་རིག་པའི་སྤྱི་དོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། P37
[25] ཞ་ཅན་ཀྲུང་། རིག་གནས་མིའི་རིགས་རིག་པའི་གཞུང་ལུགས་གྲུབ་མཐའི་རྣམ་བཤད། [M] ཀྲུང་གོ་མི་དམངས་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། རྒྱ་ཡིག་དེབ། 1997ལོ། P20
[26] དྲང་སྲོང་ཤེས་རབ་རྒྱལ་མཚན། བསང་གི་དག་གཙང་སྔོན་འགྲོ། ཡོངས་འཛིན་དྲ་རྩོམ། ཀུན་འདུས་ལེ་ཚན་ལས་བཏུས། P2

གསལ་བཤད།
1.ཁྲི་ཀ་གོང་འོག་ནི། བཅིངས་འགྲོལ་སྔོན་དུ་གཅན་ཚ་ནི་ཁྲི་ཀ་གོང་འོག་གཉིས་ཡོད་པ་ལས་འོག་མའི་ཁོངས་སུ་གཏོགས་ལ། སྔོན་གྱི་ཡིག་རྙིང་ཁག་ཏུའང་ཁྲི་ཀ་འོག་མ་ཟེར་དུས་དེང་གི་གཅན་ཚ་ལ་གོའོ། །
2.ཁྲི་ཀའི་རྒྱ་མཁར་མཆོད་རྟེན་ནི། མངའ་བདག་ཁྲི་རལ་བ་ཅན་བྱང་ངོས་སུ་དམག་ལ་བྱོན་སྐབས་རྒྱ་བོད་ཀྱི་མཚམས་སུ་བཞེངས་པ་ཉིད་ཀྱི་དབུ་སྐྲ་ནང་བཞུགས་ཀྱི་མཆོད་རྟེན་བཞེངས་པ་དེ་ལ་ཟེར།
3.མཁན་པོ་ནམ་ཀའྀ་སྙིང་པོ། མཁོན་པོ་ནམ་ཀའྀ་སྙྀང་པོ།མཁན་པོ་ནམ་ཀྱྀ་སྙྀང་པོ། །དགེ་སློང་ནམ་ཀའྀ་སྙྀང་པོ། །ཚྀག་ཙ་ནམ་ཀའྀ་སྙྀང་པོ། །ཚྀག་ཙ་ནམ་ཀ་བཅས་ནི། མཁན་པོ་གནུབས་ནམ་མཁའི་སྙིང་པོའི་མིང་གི་འབྲི་ཚུལ་གཞན་རྣམས་ཡིན།
4.སྲས་ཆེན་ནི་ཨ་མྱེས་རྨ་ཆེན་གྱི་སྲས་ཤིག་ཡིན་པའི་བཤད་ཚུལ་ཡང་ཡོད།

དཔྱད་གཞིའི་ཡིག་ཆ།
[1] ཐང་ཡིག་སྡེ་ལྔ། [M] མི་རིགས་དཔེ་སྐྲུན་ཁང་། 1986ལོ།
[2] སླེ་ལུང་བཞད་པའི་རྡོ་རྗེ། དམ་ཅན་བསྟན་སྲུང་གི་རྣམ་ཐར། [M] མི་རིགས་དཔེ་སྐྲུན་ཁང་། 2003ལོ།
[3] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། བསང་མཆོད་བཀྲ་ཤིས་དབྱངས་སྙན་གྱི་ལྷན་ཐབས་བཀྲ་ཤིས་སྒོ་འབྱེད་ལྡེ་མིག [D] ཤིང་པར།
[4] ནམ་མཁའ་ནོར་བུ། ནམ་མཁའ་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ།
[5] བཀྲ་ཤིས་དོན་གྲུབ། སྲིད་པའི་རྨ་རབས། [M] མི་རིགས་དཔེ་སྐྲུན་ཁང་། 2013ལོ།
[6] མཁར་རྨེའུ་བསམ་གཏན། མདའ་དང་འཕང་། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ།
[7] གུ་རུ་རྒྱལ་མཚན། སྲིན་པོའི་གྲི་རྫོང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོ།
[8] ལྕམ་རིག་སྲས། ཡུལ་མདོ་སྨད་ཀྱི་སྲིད་པའི་ཡུལ་ལྷ་གཞི་བདག་གི་བྱུང་བ་བརྗོད་པའི་དེབ་ཐར་ཁྲ་བོ། [M] ཅང་ཧོ་གློག་རྡུལ་དཔར་ཁང་། 2009ལོ།
[9] ཞྭ་ཁྲའི་དབང་གྲགས། མདོ་སྨད་ལྷོ་ཕྱོགས་རྨ་འགྲམ་བཙན་རྫོང་གཅན་ཚ་ཡུལ་གྲུའི་སྔོན་བྱུང་སྲིད་པོའི་སྙིང་གཏམ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོ།
[10] དཔལ་ཚུལ་གྱིས་བསྒྲིགས། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། [G] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ།
[11] དཀོན་མཆོག་ཚེ་བརྟན། འཛམ་གླིང་སྤྱི་བསང་། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1980ལོ།
[12] འབའ་སྟོད་པདྨ་དབང་རྒྱལ། དམངས་ཁྲོད་རྩོམ་རིག་སྤྱི་བཤད།[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007ལོ།
[13] བསོད་ནམས་འབུམ། བསང་མཆོད་ཕྱོགས་བསྒྲིགས། [G] མི་རིགས་དཔེ་སྐྲུན་ཁང་། 2003ལོ།
[14] སྟག་ཐར་རྒྱལ། བོད་ཀྱི་བསང་གསོལ་དང་འབྲེལ་ཏེ་བསང་ཡིག་གི་རིག་གནས་ནང་དོན་ལ་དཔྱད་པ། [D] རབ་འབྱམས་པའི་བསླབས་གནས་དཔྱད་རྩོམ། ལན་གྲུ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག 2012ལོ།
[15] མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ།


རྩོམ་པ་པོ་ངོ་སྤྲོད།
       སྐ་ཕུག་ཕག་མོ་ཚེ་བརྟན། (1975-) ཕོ། བོད་རིགས། མཚོ་སྔོན་གཅན་ཚའི་མི། རྩོམ་རིག་རབ་འབྱམས་པ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།ཞོར་དུ་མཚོ་སྔོན་གངས་ཅན་སྦྲ་ནག་རིག་གནས་གསོ་སྐྱོང་དར་སྤེལ་ལྟེ་གནས་ཀྱི་ཀྲུའུ་རིན་གྱི་འགན་འཁུར་ཡོད། མིག་སྔར་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས1གཙོ་སྐྱོང་ངང་མཇུག་སྒྲིལ་པ་དང་། རྒྱལ་ཁབ་རིམ་པའི་ལས་གཞི་རྣམ་གྲངས3ལ་མཉམ་ཞུགས་བྱས། ད་ལྟ་རྒྱལ་ཁབ་རིམ་པའི་གཙོ་གནད་རྣམ་གྲངས1ལ་གཙོ་སྐྱོང་བྱེད་བཞིན་ཡོད། རྒྱལ་ནང་གི་དུས་དེབ་ཚད་ལྡན་སྟེང་རིག་གཞུང་དཔྱད་རྩོམ30ལྷག་སྤེལ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཀྱི་རིག་གནས་ཡིན། །

རྩོམ་ཁུངས། ༢༠༢༣ལོའི«བོད་ལྗོངས་སློབ་ཆེན་རིག་དེབ»དེབ༣པ།
འབྲེལ་ཡོད་འོས་སྦྱོར།