logo

ཐང་བོད་གནའ་ལམ་ཐོག་གི་ལོ་ངོ་སྟོང་གི་དགོན་སྡེ་རྙིང་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2024-10-24 ཀློག་གྲངས།:
       སྤྱི་ཟླ10པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཟི་ལིང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ཁྲི་བ་བཅས་ཡིན་པའི་སྒར་བ་ངག་དབང་བཟང་པོའི་དེབ་གསར་པ«ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་། ཐང་བོད་གནའ་ལམ་ཐོག་གི་ལོ་ངོ་སྟོང་གི་དགོན་སྡེ་རྙིང་པ»ཞེས་པའི་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས། ཚོགས་འདུའི་རྗེས་སུ། དེབ་གསར་པའི་གསར་རྩོམ་གྱི་རྒྱབ་ལྗོངས་དང་། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ལོ་རྒྱུས་དོན་སྙིང་། དེ་བཞིན་ཡུལ་དངོས་རྟོག་ཞིབ་དང་དཔྱད་གཞིའི་ཡིག་ཆའི་ཞིབ་འཇུག་གི་བརྒྱུད་རིམ་སོགས་ཀྱི་ནང་དོན་ལ་དམིགས་ནས། སྒར་བ་ངག་དབང་བཟང་པོས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་།
སྒར་བ་ངག་དབང་བཟང་པོས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།
གསར་འགོད་པ། ཁྱེད་ཀྱིས«ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་། ཐང་བོད་གནའ་ལམ་ཐོག་གི་ལོ་ངོ་སྟོང་གི་དགོན་སྡེ་རྙིང་པ»ཞེས་པའི་དེབ་འདིའི་གསར་རྩོམ་གྱི་ཐོག་མའི་བསམ་འདུན་དང་བརྒྱུད་རིམ་སྐོར་ནས་གསུང་བཤད་ཅིག་གནང་རོགས་ཞུ།
སྒར་བ་ངག་དབང་བཟང་པོ། དེ་རིང་ངས་ཚང་མར་དེབ་གསར་པ«ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་། ཐང་བོད་གནའ་ལམ་ཐོག་གི་ལོ་ངོ་སྟོང་གི་དགོན་སྡེ་རྙིང་པ»ཞེས་པ་ངོ་སྤྲོད་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེབ་དེ་གསར་རྩོམ་གྱི་ཐོག་མའི་བསམ་པའི་ཀུན་སློང་ནི་ངས་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་ལ་བཅངས་པའི་བརྩེ་དུང་ཟབ་མོ་དང་ལོ་རྒྱུས་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་འགན་འཁྲི་འཁུར་སེམས་ལས་བྱུང་བ་ཡིན།
       ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་ནི་ཙོང་ཁ་ས་ཁུལ་གྱི་དགོན་སྡེ་གལ་ཆེན་ཡིན་ལ། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པར་མ་ཟད། ཐང་བོད་གནའ་ལམ་ཐོག་གི་འོད་མདངས་འཚེར་བའི་མུ་ཏིག་ཞིག་ཀྱང་ཡིན། དེ་ལས་མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཀྱི་དཔང་པོ་བྱེད་ཐུབ་ལ། བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད། ངས་དེབ་དེ་བརྒྱུད་ནས་མི་དེ་བས་མང་པོས་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ལོ་རྒྱུས་དང་། རིག་གནས། དགོངས་དོན་བཅས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད།
       དེབ་གསར་པའི་ནང་མངོན་པའི་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ལོ་ངོ་སྟོང་གི་ལོ་རྒྱུས་ཏེ། ཐང་རྒྱལ་རབས་ནས་དེང་དུས་བར་གྱི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་བརྒྱད་ཀྱི་སྐབས་རིམ་བྱུང་ཀྲུང་དབྱང་སྲིད་གཞུང་དང་བོད་བརྒྱུད་ནང་བསྟན་དབར་གྱི་འབྲེལ་བའི་ཐད་དུ་སྦྲེལ་ཟམ་ལྟ་བུའི་ནུས་པ་གལ་ཆེན་བཏོན་ཡོད་ལ། ཤེས་རིག་གི་འཕེལ་རྒྱུན་གཅིག་འདྲེས་དང་། ཤ་ཁྲག་གཅིག་འབྲེལ། ཆོས་རྒྱུན་གཅིག་འབྲེལ། ལམ་རྒྱུད་གཅིག་འབྲེལ། བརྩེ་སེམས་རྒྱུན་འཛིན་བཅས་ཕྱོགས་ལྔའི་ཐད་འབྲེལ་བ་དམ་ཟབ་ཡོད་པ་སོགས་ནི་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གིས་རླབས་ཆེན་མེས་རྒྱལ་ལ་ཕུལ་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་ཤིག་རེད།
ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་བརྐོས་བརྙན།
གསར་འགོད་པ། ཁྱེད་ཀྱིས་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་ནི་ཐང་བོད་གནའ་ལམ་ཐོག་གི་གལ་ཆེའི་ལྷུ་ཚིགས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་གནས་བབ་དང་ནུས་པའི་སྐོར་ལ་ཞིབ་ཕྲ་ཞིག་གསུངས་རོགས་གནང་།
སྒར་བ་ངག་དབང་བཟང་པོ། ཐང་བོད་གནའ་ལམ་གྱིས་ཀྲུང་གོའི་ནུབ་རྒྱུད་འཕྲེལ་བརྒལ་བྱས་ཡོད་ལ། འཛམ་གླིང་གི་ཡང་རྩེ་ཡང་བརྒལ་ཡོད་པས། དེ་ནི་གནའ་བོའི་དར་གོས་ལམ་བུའི་ཐོག་གི་འགྲིམ་འགྲུལ་གྱི་འགག་གནད་ཅིག་རེད་ལ། ཐང་རྒྱལ་རབས་ནས་བཟུང་བོད་ལྗོངས་སུ་འགྲོ་འོང་བྱེད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཞིག་ཀྱང་ཡིན། མི་རིགས་ཁག་གི་མང་ཚོགས་དང་ཐང་བོད་ཀྱི་ཕོ་ཉ་རྣམས་ཀྱང་ཐང་བོད་གནའ་ལམ་བརྒྱུད་དེ་འབྲེལ་འདྲིས་དམ་ཟབ་དང་། ཕན་ཚུན་འགྲོ་འོང་། ཉོ་འཚོང་མང་པོ་བཅས་བྱས་པས། གནའ་ལམ་དེ་མགྱོགས་མྱུར་དར་རྒྱས་བྱུང་ནས་ས་ཚིགས་ཕན་ཚུན་འབྲེལ་མཐུད་དང་ཚོང་པ་ཕན་ཚུན་འགྲོ་འོང་བྱེད་སའི་འགྲིམ་འགྲུལ་ལམ་ཆེན་ཞིག་ཏུ་གྱུར་ཡོད། ད་བར། གནའ་ལམ་རྒྱུད་ཀྱི་ས་ཆ་མང་པོར་དེ་སྔ་བསྐྲུན་པའི་ས་ཚུགས་དང་། མཁར་རྫོང་། གྲོང་ཚོ། དགོན་སྡེ་རྙིང་པ་བཅས་སྔར་བཞིན་གནས་ཡོད་ལ། མི་རིགས་ཁག་གིས་མི་རབས་ནས་མི་རབས་བར་བཏོད་པའི་འོད་སྟོང་འཕྲོ་བའི་རིག་གནས་རྒྱུན་འཛིན་ཡང་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་བརྗོད་བཞིན་མཆིས། 
       ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་ནི་ཐང་བོད་གནའ་ལམ་ཐོག་གི་མཚོ་ཐང་ས་ཚུགས་ལྟེ་བར་བྱས་ནས་བསྐྲུན་པའི་དགོན་སྡེ་རྙིང་པ་ཞིག་དང་། མི་རིགས་ཁག་གི་བླ་མ་སྐྱེས་ཆེན་གྱིས་ཐུན་མོང་ཐོག་བཏོད་པའི་ཆོས་སྤེལ་ས་ཞིག་ཡིན་ཞིང་། དེས་སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་དང་བོད་བརྒྱུད་ནང་བསྟན་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐད་སྦྲེལ་ཟམ་ལྟ་བུའི་ནུས་པ་གལ་ཆེན་བཏོན་ནས། ནང་བསྟན་རིག་པའི་རིག་གནས་སྤེལ་རེས་མཉམ་འདྲེས་གཏིང་ཟབ་དང་ཀྲུང་ཧྭ་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་དཔང་པོ་བྱས་པར་མ་ཟད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ། དེ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།
གསར་འགོད་པ། ཁྱེད་ཀྱི་དེབ་ནང་ང་ཚོས་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་སྐོར་གྱི་རྩ་ཆེའི་འདྲ་པར་དང་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་མང་པོ་ཞིག་མཐོང་བྱུང་། དཔྱད་གཞི་འདི་དག་ཇི་ལྟར་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ་ཡིན་ནམ།
སྒར་བ་ངག་དབང་བཟང་པོ། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ལོ་རྒྱུས་བཀོད་པའི་ཕྱོགས་ཁག་རྩད་འཚོལ་བྱ་ཆེད། ང་དང་ངའི་ཚོགས་པ་སྟོང་སྐོར་དང་། ཉི་ཟླ་རི་བོ། མཚོ་སྔོན་པོ། ཚྭ་ཁ། ཆུ་དམར་ལེབ། བཀྲ་ཤིས་ལྷུན་པོ་དགོན་སོགས་ཚུད་པའི་ས་ཚིགས་གལ་ཆེན34ལ་བསྐྱོད་པ་ཡིན། ཐག་རིང་ལ་འགྲིམ་འགྲུལ་སྟབས་ཧ་ཅང་བདེ་པོ་མེད་པའི་ས་ཆ་དེ་དག་ཏུ་སྐབས་རེ་སྦག་སྦག་དང་རྟ་ལ་བཞོན་པ་དང་སྐབས་རེ་རྐང་ཐང་བསྐྱོད་དགོས་ཀྱི་ཡོད་ལ། དེ་དག་ཀྱང་དཀའ་ཚེགས་དང་འགྲན་སློང་གིས་ཁེངས་པའི་འཚོལ་བསྡུའི་འགྲུལ་བཞུད་ཅིག་རེད།
«ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་། ཐང་བོད་གནའ་ལམ་ཐོག་གི་ལོ་ངོ་སྟོང་གི་དགོན་སྡེ་རྙིང་པ»ཞེས་པའི་དེབ།
གསར་འགོད་པ། ཁྱེད་ཀྱིས་ངོས་ནས་བརྗོད་ན་དེབ་འདིར་དོན་སྙིང་ག་འདྲ་ཡོད་དམ།
སྒར་བ་ངག་དབང་བཟང་པོ། ད་ལོའི་ཟླ6པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་རྟོག་ཞིབ་གནང་བར་ཕེབས་སྐབས། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གིས་སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་དང་བོད་བརྒྱུད་ནང་བསྟན་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཐད་སྦྲེལ་ཟམ་ལྟ་བུའི་ནུས་པ་གལ་ཆེན་བཏོན་ཡོད་པས། རྩ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་དེར་སྲུང་སྐྱོང་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས།
       «ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་། ཐང་བོད་གནའ་ལམ་ཐོག་གི་ལོ་ངོ་སྟོང་གི་དགོན་སྡེ་རྙིང་པ»ཞེས་པའི་དེབ་པར་སྐྲུན་བྱས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ཞིང་། དེབ་གསར་པའི་མགོ་ནས་མཇུག་བར་ལོ་ངོ་སྟོང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་ཙོང་ཁ་དགོན་གྱིས་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་གལ་ཆེན་བརྒྱད་ཐོན་པ་རྒྱས་བཤད་གཏིང་ཟབ་བྱས་ཡོད་ལ། དེས་ཀྲུང་ཧྭའི་མི་རིགས་ཁག་གི་མཐུན་སྒྲིལ་ཡར་ཐོན་དང་། འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གྲུབ་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དང་གསར་བརྗེ་མཁས་ཅན་རྒན་རབས་ཚོའི་གསར་བརྗེའི་རྒྱལ་གཅེས་ཀྱི་བརྩེ་སེམས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས། དེ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ཡང་ལྡན་ཡོད། དེབ་གསར་པ་དེས་དེའི་ཐོན་འོས་པའི་ནུས་པ་ཐོན་རྒྱུའི་རེ་བ་ཡོད།
གསར་འགོད་པ། མཇུག་མཐར་ཁྱེད་ཀྱིས་དེབ་འདིར་རེ་འདོད་དང་བརྗོད་འདོད་ཀྱི་སྐོར་ནས་གསུངས་རོགས་གནང་། 
སྒར་བ་ངག་དབང་བཟང་པོ། ངས་དེབ་འདི་སྦྲེལ་ཟམ་ལྟ་བུར་གྱུར་ནས་སྔོན་ཆད་དང་ད་ལྟ་འབྲེལ་མཐུད་དང་། སྲོལ་རྒྱུན་དང་དེང་རབས་འབྲེལ་མཐུད། མི་རིགས་ཁག་གི་རིག་གནས་དབར་སྤེལ་རེས་དང་མཉམ་འདྲེས་སྦྲེལ་མཐུད་བཅས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། དེབ་དེ་བརྒྱུད་མི་དེ་བས་མང་བས་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད་པ་དང་ཆབས་ཅིག དེབ་དེ་བརྒྱུད་ཀྲུང་ཧྭའི་རྩ་ཆེའི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
འབྲེལ་ཡོད་འོས་སྦྱོར།