༄༅། །དམུ་གེ་ཐང་ཞེས་པའི་ས་མིང་ལོ་རྒྱུས་སྐོར་རགས་ཙམ་གླེང་བ། སྨར་ཁམས་རྣམ་ཐར་ཚེ་རིང་།
རྩོམ་པ་པོ།:སྨར་ཁམས་རྣམ་ཐར་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-11-06
ཀློག་གྲངས།:
༄༅། །དམུ་གེ་ཐང་ཞེས་པའི་ས་མིང་ལོ་རྒྱུས་སྐོར་རགས་ཙམ་གླེང་བ།
སྨར་ཁམས་རྣམ་ཐར་ཚེ་རིང་།
[ནང་དོན་གནད་བསྡུས] དམུ་གེ་ཐང་ཞེས་པ་ནི་མཚོ་སྔོན་མང་རྫོང་གི་བྱེ་ཐང་ཞིག་གི་མིང་ཡིན་ལ། འདིར་ཆེས་སྔ་བ་སྟོད་ལྷ་རབས་ཀྱི་རྒྱལ་པོ་ཁྲི་ལ་ཞམ་དང་འབྲེལ་བའི་ངག་རྒྱུན་ལོ་རྒྱུས་དུས་ད་ལྟའི་བར་དུ་ལྷག་ཡོད་པ་མ་ཟད། ཕྱིས་སུ་སློབ་དཔོན་པད་འབྱུང་ཡང་གནས་འདིར་ཞབས་ཀྱིས་བཅགས་པའི་གཏམ་རྒྱུད་ཀྱང་ཡོད། གཞན་བོད་རྒྱའི་ལོ་རྒྱུས་ཡིག་ཚང་དང་ངག་རྒྱུན་དུ་མར་དམུ་གེ་ཐང་དང་འབྲེལ་བའི་དཔྱད་གཞི་ཅུང་མང་། ཁྱད་པར་དུ་མང་རྫོང་ནས་བུད་པའི་ཆི་ཀྱཱ་རིག་གནས་ཀྱི་གནའ་ཤུལ་དང་། ཁ་ཡོག་རིག་གནས་ཀྱི་གནའ་ཤུལ་དག་ཀྱང་དམུ་གེ་ཐང་དང་འདབས་འབྲེལ་དུ་ཡོད་པས་ལོ་རྒྱུས་དཔྱད་ཡིག་འདི་དག་ཁུངས་སྣེ་གལ་ཆེན་དུ་བཟུང་སྟེ། དཔྱད་རྩོམ་འདིར་མི་རིགས་རིག་པ་དང་ཡིག་ཚང་རིག་པ་སོགས་རིག་ཚན་བསྣོལ་མའི་དཔྱད་ཐབས་སྤྱད་དེ་དམུ་གེ་ཐང་གི་ས་མིང་ལོ་རྒྱུས་སྐོར་རགས་ཙམ་གླེང་ཡོད་པ་མ་ཟད། དམུ་གེ་ཐང་གི་ས་མིང་འབྲི་ཚུལ་མི་འདྲ་བ་སྟེ། མུ་གེ་ཐང་དང་། མུ་ལེ་དིང་། མྱ་ངན་ཐང་། མུའུ་ཧོ་ཁྲོམ། མུ་ཧོར། དམུ་གི་ཐང་། དམུ་གེ་ཐང་བཅས་ཡོད་པ་ལས། ལུང་རིགས་དཔེ་གསུམ་གྱི་སྒྲུབ་བྱེད་ཀྱིས་དམུ་གེ་ཐང་དང་དམུ་གི་ཐང་གཉིས་ནི་ཡི་གེ་གི་དང་གེ་གཉིས་ནི་སྒྲ་ཟུར་ཆག་པའི་ཕལ་སྐད་དང་ཡིག་སྐད་གཉིས་ཀྱི་ཁྱད་པར་ཡོད་པ་ཙམ་ལས། འབྲི་སྟངས་ཡང་དག་ཡིན་པར་འདོད་པའི་རང་གི་བསམ་ཚུལ་ཡང་བརྗོད་ཡོད།
[གནད་ཚིག] རྒྱལ་པོ་ཁྲི་ལ་ཞམ། དམུ་གེ་ཐང་། མུའུ་ཧོ་ཁྲོམ། མུ་ལེ་དིང་།
གླེང་སློང་བ།
དང་པོ། ངག་རྒྱུན་ཁྲོད་ཀྱི་དམུ་གེ་ཐང་།
གཅིག སྟོད་ལྷ་རབས་སྐབས་ཀྱི་ངག་རྒྱུན་ལོ་རྒྱུས།
སྤྱིར་དམུ་གེ་ཐང་དང་འབྲེལ་བའི་ངག་རྒྱུན་མང་དུ་ཡོད་དེ། ངག་རྒྱུན་དུ་དམུ་གེ་ཐང་ཞེས་པའི་གནས་འདི་སྔོན་ཆད་རྒྱལ་པོ་ཁྲི་ལ་ཞམ་ཞེས་པས་བཟུང་ཞིང་། རྒན་པོ་རྣམས་ཀྱིས་བཤད་པ་ལྟར་ན། “དེ་སྔོན་བོད་ཀྱི་རྒྱལ་པོ་ཁྲི་ལ་ཞམ་ཞེས་པའི་ཕ་སྤུན་རྣམས་ཀྱིས་རྒྱལ་སྲིད་སྐྱོང་དུས་ནང་མ་འཆམས་པར་བོད་དམག་མང་པོ་ཁྲིད་ནས་ཡུལ་ལྷ་ཤམ་པོ་སོགས་སུ་རི་དྭགས་མང་པོ་བརྔོན་ཏེ། ཤ་རྭ་དང་། གླ་རྩི། བསེ་རུའི་རྭ་སོགས་རིན་པོ་ཆེ་དང་པགས་རིགས་སྣ་ཚོགས་ཁྱེར་ནས་རྒྱ་ནག་ཏུ་སོང་། གསེར་དངུལ་གྱི་ཚོང་བྱས། ཕྱིར་ཡོང་ནས་ས་འདིར་གཞི་བཟུང་། ལོ་མང་པོ་མ་འགྱངས་པར་ཡུལ་ལྷ་ཤམ་པོ་སོགས་ལྷ་གཉན་རྣམས་ཀྱི་བཀའ་ཆད་ཕོག་ནས་རྒྱལ་པོ་གཤེགས། བློན་པོ་དང་ཆབ་འབངས་རྣམས་ཀྱིས་གསེར་དངུལ་གྱི་ཡོ་བྱད་དང་། རིན་པོ་ཆེའི་རིགས་མ་ནོན་པར་ས་འགུལ་བྱུང་ནས་བྱེ་མ་འཕྱུར། མི་རྟ་ཁྲི་སྟོང་མང་པོའི་ཚེ་སྲོག་ལ་གནོད་པ་བྱུང་། དུས་དེར་བོད་ཡུལ་ཀུན་ནས་བྱེ་མ་བདུན་འཕྱུར་ཟེར། བོད་རྣམས་ཀྱིས་མྱ་ངན་ཆེན་པོ་བྱས་པས་མྱ་ངན་ཐང་ཟེར”[2]ཞེས་པའི་ངག་རྒྱུན་ཁྲོད་ཀྱི་མི་སྣ་རྒྱལ་པོ་ཁྲི་ལ་ཞམ་ནི་གཉའ་ཁྲི་བཙན་པོའི་ཡབ་ཁྲི་བདུན་ཚིགས་ཀྱི་གཅེན་པོ་དང་ཡབ་བླ་བརྡལ་དྲུག་གི་བུའི་བུ་སྲས་ཆུང་བ་སྣེ་ཁྲོམ་ལག་ཁྲའི་སྲས་རྒྱལ་པོ་མཐིང་གེའི་སྲས་ཏེ། བོད་ཀྱི་དངོས་ཡོད་ལོ་རྒྱུས་མི་སྣ་ཡིན་ལ། བོད་དུ་ཡུལ་ལྷ་གཞི་བདག་རྣམས་ཕུད་གཉའ་ཁྲིའི་ཡར་སྔོན་གྱི་ལོ་རྒྱུས་མི་སྣ་ས་མིང་ལོ་རྒྱུས་དང་འབྲེལ་ཏེ་འབྱུང་བའི་ངག་རྒྱུན་འདི་འདྲ་སྔར་གྱི་ལོ་རྒྱུས་དཔྱད་ཡིག་ཁྲོད་མཐོང་དཀོན་པས་སྟོད་ལྷ་རབས་ཀྱི་ངག་རྒྱུན་ལོ་རྒྱུས་རྣམས་ལ་ཁ་གསབ་དང་ཞིབ་འཇུག་བྱེད་པའི་ཐད་ལོ་རྒྱུས་རྒྱུ་ཆའི་རིན་ཐང་གལ་ཆེན་ལྡན་པར་སྙམ།
གཉིས། བར་མངའ་དར་སྐབས་ཀྱི་ངག་རྒྱུན་ལོ་རྒྱུས།
ཡང་ངག་རྒྱུན་གཞན་ཞིག་ལ། “གནའ་སྔ་མོའི་དུས་སུ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་རྨ་ཆུ་སྔོན་མོའི་འགག་འཕྲང་གཤགས་ཏེ་མཚོ་ཆུ་བྲི་བས་མཛེས་སྡུག་ལྡན་པའི་སྤངས་ལྗོངས་ཀྱི་ཡུལ་གྲུར་གྱུར། ལྷག་པར་དུ་རྨ་ཀླུང་དལ་འབབ་རིང་མོའི་ལྷོ་ཕྱོགས་སུ་མཐའ་མི་མངོན་པའི་ཐང་ཆེན་སྟེང་དུ་མེ་ཏོག་སྣ་ཚོགས་ལྷེམ་མེར་བཞད་ཅིང་། སྔོ་ལྗང་གི་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་ནི་ནམ་མཁའི་སྐར་ཚོགས་བཀྲ་བ་ལྟར་ཡོད་པས། མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།
ཉིན་ཞིག་ལ། གློ་བུར་དུ་ནམ་མཁའ་ནས་འབྲུག་གི་ངར་སྐད་གྲགས་ཤིང་བར་སྣང་ནས་རླུང་ནག་འཕྲུལ་འཁོར་བསྐོར། ས་གཞིའི་སྟེང་དུ་ལྷ་འདྲེ་མི་གསུམ་གྱིས་འཐབ་འཁྲུག་བརྒྱབ་སྟེ་སྐྱེས་པ་རྣམས་ཚར་ནས་བུད་མེད་རྣམས་ཀྱིས་འཐབ། དེ་ནས་བུད་མེད་རྣམས་ཀྱང་ཚར་ནས་དཔལ་ལྡན་ལྷ་མོ་འཐབ་པ་ཐམས་ཅད་ལས་རྒྱལ་ལོ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཔལ་ལྡན་ལྷ་མོ་དམག་ཟོར་མ་དམྱལ་བ་ལ་མི་ལྷུང་ཆེད་སངས་རྒྱས་བསྟན་པའི་དམ་སྲུང་ཆོས་སྐྱོང་ལ་མུ་རིའི་དུང་མཚོ་ལ་བཅུག”[3]ཅེས་ནང་བསྟན་རིག་གནས་ཀྱི་མཐོང་སྣེ་ནས་བཤད་ན། དཔལ་ལྡན་ལྷ་མོ་དམག་ཟོར་མའི་བླ་མཚོ་མུ་རིའི་དུང་མཚོ་ཞེས་པའང་དམུ་གེ་ཐང་གི་བྱེ་མར་གནས་པ་མ་ཟད། སྐལ་ལྡན་ཁ་ཤས་ཀྱིས་དངོས་སུ་མཐོང་མྱོང་ཡོད་པའི་ངག་རྒྱུན་ཡང་འདུག ངག་རྒྱུན་གཞན་ཞིག་ལ། མ་རུང་བས་བདུད་ཀྱི་ཆོ་འཕྲུལ་བསྟན་ནས་ཡུལ་འདིར་བྱེ་མ་འཕྱུར་དུ་བཅུག་པ་ལ་སློབ་དཔོན་པད་འབྱུང་གིས་གསེར་གྱི་ཕུར་བ་ཞིག་ས་ལ་བརྡབ་སྟེ་བྱེ་མ་འཕྱུར་མཚམས་བཞག་ཏུ་བཅུག་པས་གནས་དེར་དུས་དེང་སང་ཡང་བྱེ་སྣ་ཞེས་འབོད་པའི་ངག་རྒྱུན་རིགས་གཉིས་ཡོད། ངག་རྒྱུན་འདི་གཉིས་ལས་བར་མངའ་དར་སྐབས་ཀྱི་ལོ་རྒྱུས་མི་སྣ་སློབ་དཔོན་པད་འབྱུང་དམུ་གེ་ཐང་གི་གནས་འདིར་ཞབས་ཀྱིས་བཅགས་མྱོང་བ་ཤེས་ཐུབ་ཅིང་། སློབ་དཔོན་པད་འབྱུང་ཡུལ་མདོ་སྨད་དུ་ཕེབས་ཚུལ་སོགས་ཀྱི་ཡིག་ཆ་ཁུངས་བཙན་ལ་ཏུན་ཧོང་བོད་ཡིག་ཤོག་དྲིལ་གྱིp.t.849སྟེ་སློབ་དཔོན་དེ་བ་པུ་ཏྲའི་རྣམ་ཐར་ལྟ་བུ་ཡོད་ལ། རྟིང་མར་སློབ་དཔོན་ཁོང་གི་རྣམ་ཐར་དུའང་།“བོད་ཡུལ་མཐའ་དབུས་ལུང་སུལ་འདོམ་གང་ཡང༔ཨོ་རྒྱན་ང་ཡིས་ཞབས་ཀྱིས་མ་བཅག་མེད༔”[4]ཅེས་པས་ཀྱང་ཤེས་ནུས།
གསུམ། སྨད་སིལ་ཆད་ནས་སླར་ཡང་གཅིག་གྱུར་སྐབས་ཀྱི་ངག་རྒྱུན་ལོ་རྒྱུས།
གོང་དང་མཚུངས་པར་དམུ་གེ་ཐང་ནི་དཔལ་ལྡན་ལྷ་མོའི་བླ་མཚོ་ཡིན་པར་བཤད་དེ། ཉིན་ཞིག་ས་འདིར་ཡོད་པའི་ཁྱིམ་ཚང་ཞིག་གི་མཛོ་མོ་ཞིག་བོར་སོང་། བདག་པོས་མཛོ་མོ་བཙལ་ཏེ་སོང་བ་ན། མཐར་བྱེ་མའི་གསེབ་ཏུ་ལྗོན་ཤིང་སྣ་ཚོགས་རྒྱས་པའི་ས་ཕྱོགས་ཤིག་ལ་སླེབས་ཤིང་མཛོ་མོས་དེ་རུ་མཚོ་དྭངས་མོ་ཡིད་དུ་འོང་བ་ཞིག་ལས་ཆུ་འཐུང་བཞིན་པ་མཐོང་། ཁོས་ཀྱང་ཆུ་འཐུངས་རྗེས་རྡོ་ཞིག་བཏུས་ཏེ་མཛོ་མོ་དེད་ནས་རང་ཡུལ་དུ་སླེབས་དུས་རྡོ་དེ་གསེར་དུ་གྱུར་འདུག་པ་མཐོང་། ཁོ་ཚོ་ཧ་ལས་ཏེ་ཕྱིར་མཚོ་མོ་དེ་བཙལ་དུ་ཡོང་ནས་ཇི་ལྟར་བཙལ་ནའང་མ་རྙེད། ཁོ་དང་མཛོ་མོ་གཉིས་རྒས་པ་མེད་པར་ལོ་ངོ་བརྒྱ་ཕྲག་ལ་གསོན་པར་གྱུར་སྐད། འདི་ནི་ལོ་ངོ་ཉིས་བརྒྱའི་ཡར་སྔོན་གྱི་མང་རའི་ཀླུ་ཚང་ཚོ་བའི་ཀླུ་བྷ་ཚང་གི་ལོ་རྒྱུས་ཏེ། ད་ལྟ་ཡང་སྐལ་ལྡན་ལས་འཕྲོ་ཅན་གྱིས་མུ་ལེ་དིང་གི་མཚོ་མོར་མཇལ་ཐུབ་པའི་བཤད་ཚུལ་ཡོད་ཅེས་པའི་ངག་རྒྱུན་འདི་དང་། གཞན་སྔོན་བན་ཤུལ་རྒྱ་རག་གི་བསོད་ནམས་དོན་གྲུབ་ཟེར་བས་མང་རའི་བྱེ་མ་ནས་རྙེད་པའི་གསེར་ཕུད་ཅིག་ལ་མོ་ཡོངས་འཛིན་རིན་པོ་ཆེ་ལ་ཕུལ་བའི་ལོ་རྒྱུས་ཡོད་ཀྱང་ཡོད།
དེ་ལྟར་ངག་རྒྱུན་ནི་ལོ་རྒྱུས་ཀྱི་གྲིབ་གཟུགས་ཡིན་པས་ལོ་རྒྱུས་རྒྱུ་ཆའི་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ། ངག་རྒྱུན་འདི་དག་ལས་སྟོད་ལྷ་རབས་ཀྱི་རྒྱལ་པོ་ཁྲི་ལ་ཞམ་དང་བར་མངའ་དར་གྱི་སློབ་དཔོན་པད་འབྱུང་། སྨད་སིལ་ཆད་ནས་སླར་ཡང་གཅིག་གྱུར་སྐབས་ཀྱི་མང་རའི་ཀླུ་བྷ་ཚང་གི་གཏམ་རྒྱུད་སོགས་ཀྱིས་དམུ་གེ་ཐང་གི་དུས་སྐབས་མི་འདྲ་བའི་ལོ་རྒྱུས་ཨེན་ཙམ་ཤེས་ཐུབ་པ་མ་ཟད། གཞན་སྟོད་ལྷ་རབས་སྐབས་ཀྱི་ངག་རྒྱུན་དུ་ཐང་འདིའི་མིང་ལ་མྱ་ངན་ཐང་དང་། བར་མངའ་དར་སྐབས་ཀྱི་ངག་རྒྱུན་དུ་དམུ་གེ་ཐང་ན་མུ་རིའི་དུང་མཚོ་ཟེར་བའི་བླ་མཚོ་ཞིག་ཡོད་ཚུལ། སྨད་སིལ་ཆད་ནས་སླར་ཡང་གཅིག་གྱུར་སྐབས་ཀྱི་ངག་རྒྱུན་དུ་བླ་མཚོ་དེའི་མིང་ལ་སྒྲ་འགྱུར་བྱུང་ནས་མུ་ལེ་དིང་ཟེར་ཡང་དོན་གྱི་དམིགས་སོ་གཅིག་སྟེ་དམུ་གེ་ཐང་ན་དཔལ་ལྡན་ལྷ་མོའི་བླ་མཚོ་ཡོད་ཅེས་པའི་བརྗོད་འདོད་དེའོ། །
གཉིས་པ། ཡིག་ཚང་ཁྲོད་ཀྱི་དམུ་གེ་ཐང་།
གཅིག རྒྱའི་ཡིག་ཚང་ཁྲོད་བྱུང་བའི་དམུ་གེ་ཐང་གི་སྐོར།
རྒྱའི་ལོ་རྒྱུས་ཡིག་ཚང་ལྟར་ན། ཨ་ཁྲའེ་ལུའུ་འམ་ཐུའུ་ལུ་ཧུན་ནི་ལིའོ་ཏུང་ས་ཆའི་ཞན་པེའི་རྒྱུད་པ་ཡིན། ཕ་དབྱི་ལོ་ཧན་ལ་བུ་གཉིས་ཡོད་པའི་ཆེ་བར་ཐུའུ་ལུ་ཧུན་དང་། ཆུང་བའི་མིང་ལ་རོ་ལོ་ཝེ་ཟེར། རོ་ལོ་ཝེའི་མི་རྒྱུད་ཀྱི་རུས་སུ་མུའུ་རུང་དུ་འབོད། བུ་ཆེ་བ་ཐུའུ་ལུ་ཧུན་ནི་ཆུན་མར་སྐྱེས་ཤིང་ཆུང་བ་རོ་ལོ་ཝེ་ནི་ཆེན་མར་སྐྱེས། ཕྱིས་སུ་གཅེན་གཅུང་གཉིས་མ་འཆམ་པར་ཐུའུ་ལུ་ཧུན་འཁོར་དང་བཅས་པ་ནུབ་ཕྱོགས་སུ་སོང་ནས་སྟོབས་ཤུགས་རྒྱས་ཤིང་། རིམ་གྱིས་ཐུའུ་ལུ་ཧུན་གྱི་རྒྱལ་རྒྱུད་ཀྱིས་རྒྱལ་ས་མུའུ་ཧོ་ཁྲོན་དུ་བཙུགས་མྱོང་བར་བཤད། མུའུ་ཧོ་ཁྲོན་ཞེས་པ་གང་དུ་ཡོད་པའི་ཐད་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཀྱང་། ལོ་རྒྱུས་སྨྲ་བ་འཇམ་དབྱངས་དར་རྒྱས་ལགས་ཀྱིས“ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་ངམ་ཀོས་ནན་རྫོང(贵南县)ཁོངས་སུ་ཡོད་པར་འདོད་པ་ཤས་ཆེ། ད་ལྟའང་ས་དེའི་མིས་དེར་མུ་གེ་ཐང་ཞེས་འབོད། རྒྱལ་རབས་ལ་ལར་དེའི་མིང་ལ་མུའུ་ཧོ་ཀྲོའུ(慕贺州)དང་། ཆི་རྒྱལ་རབས་ལྷོ་མའི་ལོ་རྒྱུས་སུ་མུའུ་ཅ་ཁྲོན(慕驾川)དང་། རྒྱལ་རབས་བྱང་མའི་ལོ་རྒྱུས་དང་ཐུང་ཏེ་གཉིས་སུ་ཧྥུ་ལོ་ཁྲོན(伏罗川)ཞེས་བྲིས་ཡོད”[5]ཅེས་གསལ་ལ། གཞན་ལོ་རྒྱུས་ཡིག་ཚང་ཁྲོད་ཀྱི་ས་མིང་སྟེ་ཧྲ་ཀྲོའུ(沙洲)ཞེས་པ་མུ་གེ་ཐང་དུ་ངོས་འཛིན་ཚུལ་ཡང་ཡོད་དེ། “ཧྲ་ཀྲོའུ་ཞེས་པ་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་སྐབས་རེར་ཏུན་ཧོང་ནུབ་ཁུལ་དང་། སྐབས་རེར་མཚོ་སྔོན་ལོ་ཏུའུ། སྐབས་རེར་ཀན་སུའུ་ཅིའུ་ཆོན་ལ་གོ་དགོས་པ་སོགས་འགྱུར་ལྡོག་ཅུང་མང་། སྐབས་འདིའི་ཧྲ་ཀྲོའུ་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་མང་རྫོང་ངམ་ཀོས་ནན་རྫོང(贵南县)ཁོངས་སུ་བྱེ་ཐང་ཆེན་པོ་ཡོད་པའི་རྐྱེན་གྱིས་མིང་ཡང་དེ་ལྟར་བཏགས་པར་བརྗོད་ཅིང་། མཚོ་ནུབ་ཁུལ་དུ་ཡོད་པར་འདོད་མཁན་ཡང་ཡོད”[6]ཅེས་ཀྱང་བྱུང་ཡོད།
དེ་ལྟར་དམུ་གེ་ཐང་ལ་གནའ་སྔ་མོ་ནས་ཤ་ཅུའམ་ཧྲ་ཀྲོའུ(沙洲)ཞེས་པའི་འབོད་སྟངས་མཆིས་ཏེ། «སུང་ཡིག ཞན་པའེ་ཐུའུ་ལུ་ཧུན་གྱི་ལོ་རྒྱུས»སུ། “རྒྱལ་ཁབ་དེའི་ནུབ་ཏུ་བྱེ་ཐང་ཡོད་ཅིང་། ལྷོ་བྱང་སྤྱི་ལེ་བརྒྱ་དང་ཉི་ཤུ་དང་། ཤར་ནུབ་སྤྱི་ལེ་བདུན་ཅུའི་མཚམས་སུ་རྩྭ་ཆུ་གང་ཡང་མེད་པས། མིང་ལ་ཧྲ་ཀྲོའུ་ཐོགས་པ་ཡིན”[7]ཞེས་དང་། གཞན«ཆུའི་བསྟན་བཅོས་ཀྱི་མཆན་འགྲེལ་ཞུ་དག་མ»རུ་དེ་ལས་ཀྱང་ཞིབ་གསལ་བཀོད་ཡོད་དེ“ཅའོ་ཧུ་ཅུན(浇河郡)གྱི་ལྷོ་ནུབ་སྤྱི་ལེ་བརྒྱ་དང་བདུན་ཅུའི་མཚམས་སུ་བྱེ་ཐང་ཡོད་ལ། ལྷོ་བྱང་སྤྱི་ལེ་བརྒྱ་དང་ཉི་ཤུ་དང་། ཤར་ནུབ་སྤྱི་ལེ་བདུན་ཅུའི་མཚམས་གྱི་ནུབ་མཐའ་ཏཱ་དབྱང་ཁྲོན(大杨川)ལ་ཐུག་ཡོད། བལྟས་པས་མི་རྣམས་སྡུག་ལ་སྦྱོར་བའི་གནས་ཤིག་སྟེ། རྩི་ཤིང་གང་ཡང་མི་སྐྱེས་ལ། བྱེ་ཐང་ཁོ་ནས་མཐའ་བཞིའི་སྤྱི་ལེ་བརྒྱ་ཕྲག་ཆོད། ཧྲ་ཀྲོའུ་ཞེས་པའི་མིང་ཡང་འདི་ལྟར་ཐོགས”[8]ཅེས་བྱུང་ཡོད། ལུང་ཚིག་འདིའི་མ་ཡིག་ནི་སྲིད་སྐྱོང་མེ་ལོང་གི་ཅིན་གྱི་ལོ་རྒྱུས(通鉴·晋记)སུ་གསལ་ལ། ཅིན་རྒྱལ་རབས་ཀྱི་སྐབས་སུ་དེང་གི་ཀོས་ནན་རྫོང་འདི་ཅའོ་ཧུ་ཅུན(浇河郡)གྱི་མངའ་ཁོངས་སུ་གཏོགས་ཤིང་། དེའི་ལྟེ་གནས་གྲོང་ཁྱེར(政府驻地)ནི་དེང་གི་ཁྲི་ཀ་རྫོང་ཡིན་པས། གོང་གི་བརྗོད་པ་དང་དེང་གི་དམུ་གེ་ཐང་གི་གནས་ཡུལ་གཉིས་ཆག་དང་གས་ཀ་སྦྱར་བ་ལྟར་ཤིན་ཏུ་འཕལ་ཀ་འཕྲོད་པས་ཧྲ་ཀྲོའུ་ཞེས་པ་དམུ་གེ་ཐང་དུ་ངོས་འཛིན་ཚུལ་ཡང་འདི་ལྟར་བྱུང་།
ཐང་ཡིག་རྙིང་མའི་ཐུ་བྷོད་ལོ་རྒྱུས་སུ་ལུའེ་ཡོན་ཏེང(刘元鼎)བོད་ལ་ཕོ་ཉར་འགྲོ་བའི་ཞིབ་བརྗོད་ནང་དུ་ཡང་དམུ་གེ་ཐང་གི་ས་མིང་ཐོན་ཡོད་པ་སྟེ། “བྱང་ཤར་ཏུ་མུའུ་ཧོ་ཡན(莫贺延)གྱི་བྱེ་སྣ་བརྒྱུད་ནས་སོང་བ་ན། སྤྱི་ལེ་ལྔ་བཅུའི་མཚམས་ནས་ལྷོ་ཕྱོགས་སུ་རིམ་གྱིས་ཇེ་དོག་དང་། བྱང་ནི་ཧྲ་ཀྲོའུ་ཡི་ནུབ་ཕྱོགས་ཡིན་ལ། ལྷོ་ནས་ཐུའུ་ལུ་ཧུན་ལ་འགྲོ་ཐུབ། དེ་ནས་ཅུང་ཙམ་དཀྱོགས་པས་བྱེ་སྣ(碛尾)ཡིན། གནས་འདི་ཅན་ནན(剑南)[9]དྲང་ཐད་ཀྱི་ནུབ་ཕྱོགས་སུ་མཆིས”[10]ཞེས་གསལ་ལ། འདི་ལས་ལུའེ་ཡོན་ཏེང་གིས་རྨ་ལྷོའི་ཐུའུ་ལུ་ཧུན་གྱི་ཧྲ་ཀྲོའུ་མངའ་ཁོངས་ཀྱི་བྱེ་ཐང་ལ་མུའུ་ཧོ་ཡན(莫贺延碛尾)གྱི་བྱེ་སྣ་ཞེས་མིང་བཏགས་ཡོད་ཅིང་། མུའུ་ཧོ་ཡན་ཞེས་པ་མུ་གེ་ཐང་དང་སྒྲ་ཉེ་ལ་དོན་བྱེ་ཐང་ལ་འཇུག་པས་སྒྲ་དོན་གཉིས་ཆ་ནས་ནས་དེང་གི་དམུ་གེ་ཐང་དུ་ངོས་བཟུང་ན་འགལ་མེད་དུ་བསམ་མཁན་ཡོད་ལ། གུས་པོའི་བསམ་ངོར་ཡང་། དེང་གི་ཆར་ཡང་དམུ་གེ་ཐང་ལ་སྐབས་རེར་མུ་ཧོར་ཞེས་འབོད་མཁན་ཡང་ཡོད་པ་མ་ཟད། གོང་གི་ངག་རྒྱུན་ལས་བཤད་པ་བཞིན་རང་ཅག་གིས་གནའ་ནས་བྱེ་སྣ་ཞེས་འབོད་པ་འདི་སྐབས་དེའི་རྒྱ་ཡིག་ཁྲོད་ཀྱང碛尾སྟེ་བསྒྱུར་ན་བྱེ་སྣ་ཞེས་ཁ་གསལ་ངང་ཐོན་པ་འདི་དག་གིས་ཀྱང་ཐང་ཡིག་ཁྲོད་ཀྱི་མུའུ་ཧོ་ཡན་གྱི་བྱེ་སྣ(莫贺延碛尾)ཞེས་པ་མང་རའི་བྱེ་སྣ་སྟེ་དམུ་གེ་ཐང་ལ་ངོས་འཛིན་པར་སྔར་ལས་ཀྱང་ཡིད་རྟོན་རྙེད་ཐུབ་པར་འགྱུར། གཞན་དམུ་གེ་ཐང་དུ་ད་ལྟ་ཡང་གནའ་མིའི་ཚོང་ལམ་ཞེས་སྐྱས་ལམ་གྱི་ཤུལ་གསལ་ལ་མི་གསལ་བ་ཞིག་མཐོང་རྒྱུ་ཡོད། འདི་སྐབས་དེར་ལུའེ་ཡོན་ཏེང(刘元鼎)དམུ་གེ་ཐང་བརྒྱུད་སྐབས་ཀྱི་ལམ་ཐིག་ཡིན་མིན་ལ་ད་དུང་དཔྱད་དགོས་པར་འདུག
གཞན་མང་རྫོང་དེབ་ཐེར་དུ“ཐང་ཀའོ་ཙོང་གི་ཞན་ཧེང་ཁྲི་ལོ་དང་པོ(咸亨元年)སྟེ་སྤྱི་ལོ670ལོར། ཐུ་བྷོད་ཀྱིས་བྱང་ཕྱོགས་སུ་གཡུལ་བཤམས་ཏེ་ཐུའུ་ལུ་ཧུན་ལ་རྡུང་རྡེག་དྲག་པོ་བཏང་། ཐང་གིས་ཙུའོ་ཝེ་དམག་དཔོན་ཆེན་མོ་ཞུའེ་རེན་ཀུའེ་ལུའོ་ཕཱོ་ཏའོ་དམག་སྤྱི་ཆེན་མོར(罗婆道大总管)བརྐོས་ཏེ་རུ་དམག་ཁྲི་ལྷག་གིས་ཐུ་བྷོད་ལ་རྒོལ་ན་ཡང་། མཐར་ཐུ་བྷོད་ཀྱི་གཡུལ་ངོ་མ་ལོན། ཐུའུ་ལུ་ཧན་ཡང་འཇིག དེང་གི་ཀོས་ནན་ཡང་དུས་དེ་ནས་ཐུ་བྷོད་ལ་དབང་བར་གྱུར།
ཡོན་རྒྱལ་རབས་ཀྱི་ཀྲི་ཀྲེང་ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ1342ལོར། ཤིན་ཅང་ལྷོ་མཐའི་བྱེ་རླུང་རྨ་ཆུའི་རྒྱུད་དུ་འཚུབ་སྟེ། དམུ་གེ་ཐང་གི་ཡོན་གྱི་དམག་དོན་ལྟེ་གནས་དང་། དམག་ཆས་དམག་རྟ་རྒྱུ་ནོར་དང་བཅས་པ་བྱེ་འོག་ཏུ་འཐིམ། ད་ལྟའི་བར་རིན་པོ་ཆེ་སྣ་ཚོགས་བུད་པ་ནི་བྱེ་མ་ལས་ཐོན་པ་ཡིན”[11]ཞེས་དང་།
“ཀྲུང་ཧྭ་མིན་གོའི་སྲིད་ལོ་གཉིས་པ་སྟེ་སྤྱི་ལོ1913ལོར། མང་རྫོང་ཁ་གྱའི་འབུམ་རྒྱ་ཞེས་པའི་རྒྱུན་དུ་རི་དྭགས་རྔོན་གྱིན་ཡོད་པ་དང་། ཉིན་ཞིག་ཝ་མོ་རྨས་མ་ཞིག་གི་རྗེས་དེད་དེ་བྲག་སྐྱིབས་ཤིག་ཏུ་སོང་བ་ན། དེའི་ནང་གསེར་མདོག་གི་དངོས་པོས་བཀང་འདུག་པ་ཁོའི་ཕུ་ཐུང་གང་ཙམ་ཁྱེར་ཡོང་ནས་ཚོང་པ་ཞིག་ལ་དྲིས་པས་གསེར་ཡིན་པ་ཤེས་ཏེ། གསེར་ཁྱོར་གང་དྲིན་གཟོའི་ཚབ་ཏུ་ཚོང་པར་བྱིན། འབུམ་རྒྱ་སྔར་གནས་སུ་སོང་སྟེ་གསེར་བྲེ་གང་ཙམ་ཡོད་པ་ཚང་མ་ཁྱེར་ནས་ཉུང་ཤོས་ཤིག་རང་གི་ཚོ་བའི་འབྲོག་པ་རྣམས་ལ་བྱིན་པ་དང་། ཡང་ཉུང་ཤོས་ཤིག་ཁྲི་ཀའི་ཚོང་བ་ཅཱ་ཡུའུ་ཧྲན་དང་ཅཱ་ཀེང་ཧྲེང་སོགས་ལ་བཙོང་པ་དང་། ཕལ་ཆེ་བ་སི་ཁྲོན་ཟུང་ཆུའི་ཚོང་མགྲོན་རྣམས་ལ་བཙོང་། དེ་ནས་བཟུང་འབུམ་རྒྱའི་ནུ་བོ་ཁ་གྱའི་བླ་མ་དང་བཅས་པ་འབྱོར་ལྡན་ཆགས་པས། ད་ལྟའི་ཆར་ཡང་ཁོ་ཚོའི་ཚོ་བའི་མིང་ལ་ཁ་གྱའི་གསེར་སྐོར་ཞེས་འབོད།
གནས་ཚུལ་དེའི་གྲགས་འགུལ་ཆེ་རུ་བྱིན་པ་དང་བསྟུན། ཀྲུང་ཧྭ་མིན་གོའི་སྲིད་ལོ་བཅོ་ལྔ་བ་སྟེ་སྤྱི་ལོ1926ལོར། རྒྱ་མི་ཧུའུ་ཕོའུ་ས་ཡུའོ་དང་བོད་མི་ལྔ་དྲུག་ལྷག་མཉམ་དུ་དམུ་གེ་ཐང་གི་བྱེ་ཐང་བརྒྱུད་དེ་སོང་བ་ན་བང་སོ་ཞིག་རྙེད། དུར་སྒམ་ཞིག་རལ་དུ་སོང་ཡོད་ན་ཡང་། ཀེང་རུས་ཆ་ཚང་ཡིན་ལ། རུས་པའི་རྐང་བ་དང་དཔུང་བ་ལ་ཁྲུ་གཉིས་ཙམ་ལྷག་དང་། རྟ་སྒ་སོགས་ཆ་ཚང་ཡིན་པའི་རྟའི་རུས་པ་ཆ་ཚང་ཞིག བོད་གྲི་དང་གསར་གྱི་རྒྱན་ཆའི་རིགས། རྒྱ་མ་བརྒྱད་ཙམ་ཡོད་པའི་ཟངས་ཀྱི་ཡོབ་ཆ་གཅིག ཁྲབ་རྨོག་གསེར་གྱི་ཕྲ་ཅན་དང་། གསེར་གྱི་མཛུབ་དཀྲིས་གཡུ་རྡོའི་ཕྲ་ཅན་སོགས་རྙེད་པའི་གསེར་རིགས་མང་ཤོས་ཚོང་བ་ཡུའེ་ཞི་ཧྲན་ལ་བཙོང་བ་དང་། ཕྱིས་མཱ་ཀོང་ཧའེ་ཞེས་པའི་ལག་ཏུ་ཚུད་དེ་ཕལ་ཆེ་བ་ཟི་ལིང་གི་ཚོང་བར་བཙོང”[12]ཞེས་ཀྱང་བྱུང་ཡོད།
གཉིས། བོད་ཀྱི་ཡིག་ཚང་ཁྲོད་བྱུང་བའི་དམུ་གེ་ཐང་དང་འབྲེལ་བའི་སྐོར།
བོད་ཀྱི་ལོ་རྒྱུས་ཡིག་ཚང་གཞིར་བཟུང་སྟེ་གཞིགས་ན། གོང་དུ་བཤད་པའི་རྒྱལ་པོ་ཁྲི་ལ་ཞམ་ནི་གཉའ་ཁྲི་བཙན་པོའི་ཡབ་ཁྲི་བདུན་ཚིགས་ཀྱི་གཅེན་པོ་དང་ཡབ་བླ་བརྡལ་དྲུག་གི་བུའི་བུ་སྲས་ཆུང་བ་སྣེ་ཁྲོམ་ལག་ཁྲའི་སྲས་རྒྱལ་པོ་མཐིང་གེའི་སྲས་ཡིན་ཏེ། «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ»ལས“ཡབ་བླ་བརྡ་དྲུག་གིས་ལྷ་སྲས་མོ་ཁབ་ཏུ་བཞེས་པའི་སྲས། ལྷ་ཚ་མཆེད་སྲས་དགུ་ཡོང་། སྙན་མོ་ཁབ་ཏུ་བཞེས་པ་ལ་སྙན་ཚ་མཆེད་དགུ་ཡོང་། རྨུ་ཐང་ཁབ་ཏུ་བཞེས་པ་ལ་རྨུ་ཚ་མཆེད་དགུ་ཡོང་། ལར་སྲས་ཕོ་སུམ་ཅུ་སོ་ལྔ་ཡོད། དེ་རྣམས་ཀྱི་ཆུང་བ་སྟེ། སྣེ་ཁྲོམ་ལག་ཁྲ་དེས། ལྷ་ལྕམ་དཀར་མོ་བཞེས་པའི་སྲས། ནི་ཕ་རྒྱལ་པོ། དེས་ལུང་ཁ་ཧྲིལ་མོ་ཁབ་ཏུ་བཞེས་པའི་སྲས་རྒྱལ་བུ་མཐིང་གི་མཐིང་བོ། མཐིང་གཉིས་གསུམ་དུ་ཡོང་། རྒྱལ་པོ་མཐིང་གེས། ལྷ་ལྕམ་དཀར་མོ་ཁབ་ཏུ་བཞེས་པའི་སྲས། བོད་འབྱོང་ལ་བངས། རྨུ་བཟའ་མཐིང་སྒྲིལ་མ་ཁབ་ཏུ་བཞེས་པའི་སྲས་ཁྲི་ལ་ཞམ”[13]ཞེས་པ་ལས་ཁྲི་ལ་ཞམ་ནི་རྒྱལ་པོ་མཐིང་གེ་དང་རྨུ་བཟའ་མཐིང་སྒྲིལ་མ་གཉིས་ཀྱི་སྲས་ཡིན་པ་གསལ་པོར་བསྟན་ཡོད་པ་འདིས་རྒྱལ་པོ་ཁྲི་ལ་ཞམ་གྱི་མ་རྒྱུད་ཀྱི་རུས་རྨུ་ཡིན་པ་ཤེས་ཐུབ།
གཞན«བཀའ་ཐང་སྡེ་ལྔའི་རྒྱལ་བོ་བཀའ་ཐང»དུ“རྗེ་གཅིག་ཡབ་ལ་བརྡལ་དྲུག་བྱ་བ་བྱོན། །ཡབ་ཡུམ་སྒོར་བོན་ཞང་པོའི་ཡུལ་ལ་སྤྱུགས། །དམུ་བཟའ་ལྡེ་མེ་བཙུན་དང་བཤོས་པའི་སྲས། །གཉའ་ཁྲི་ཡན་འཁྲུངས་སྲིད་པའི་ལྷ་རབས་ཡིན། །”[14]ཞེས་དམུ་རིགས་ནི་བོད་རྒྱལ་གཉའ་ཁྲི་བཙན་པོའི་ཡན་ནས་བྱུང་བར་བཤད་པ་དང་། «རུས་མཛོད་མེ་ཏོག་སྐྱེད་ཚལ»དུ“ཐང་ཡང་མོ་གསུམ་ནི་བར་ཁམས་འདིར་ཁམས་གཡར་མོ་ཐང་དང་། བྱང་དཀར་མོ་ཐང་། མདོ་སྨད་ཙོང་ཁ་ལ་ཀྱི་ཐང་དང་གསུམ་ཡིན་ལ། དེ་རྣམས་སྒ་ལ་ཐོབ་ལ”[15]ཞེས་དམུ་ཚ་སྒའི་གནས་ཡུལ་ནི་མདོ་ཁམས་ཀྱི་ཡུལ་འདི་དག་ཡིན་པ་གསལ་ཞིང་། དེང་སང་གི་སི་ཁྲོན་ས་ཁུལ་གྱི་ཟུང་ཆུ་རྫོང་ཁོངས་སུ“དམུ་དགེ”ཟེར་བ་དང་། རྒྱལ་རོང་ཁོག་ཏུ“དམུ་རྡོ”ཟེར་བ། མདོ་སྨད་ཙོང་ཁའི་ཡུལ་དུ“དམུ་རུས་ཆུ”ཟེར་བ་སོགས་ཡོད་པས་ཀྱང་དམུ་ཡི་རིགས་རྒྱུད་མདོ་སྨད་དུ་མཆེད་འདུག་པ་ཤེས་ནུས།
གཞན་ཡང་ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཀྱི་ཤོག་དྲིལP.T.0126Rསྟེ་ཕྱྭ་དང་དམུ་གཉེན་བྱས་པའི་གཏམ་རྒྱུད(恰氏穆氏联姻故事)དུ“༄༅༎གནའ་དང་པོ། གཞེ་ཐོག་མ། དམུ་དང་ཕྱྭ་གཉེན་བའི་འཚེ། ཕྱྭ་འི་ཕོ་ཉ་དམུ་འི་ཐདདུ་མཆིས་པའ། དམུ་འིས་བཀའ་སྩལ་པ། ངེད་ཀྱི་དམུ་ཡུལ་འདི་དག་ན། དགའ་ལྷ་བྱེད་ནི་ནམ་མྱི་ནངས་ལ། དྲོ་ཉི་འོད་ཀྱིས་ནི། མུན་མྱི་སྲོས་པའི་ས་ཡུལ་འདི་དག་ནི། གཡའ་མཐའ་ནི་གངས་ཀྱིས་བསྐོར། མཐིང་མཐའ་ནི་དག་གྱིས་བསྐོར་ཏེ། མཐོ་སྟེ་བྱ་མྱི་ལྡིང་ལ། དམའ་སྟེ་བྱི་མྱི་ཟུལ་བའི་གྲ་གྲུ་འདི་དག་ན”[16]ཞེས་བོད་ཀྱི་རུས་ཆེན་ཕྱྭ་དང་དམུ་གཉིས་གཉེན་འབྲེལ་བྱུང་ཚུལ་བཀོད་པའི་ནང་ཕྱ་ཡི་ཕོ་ཉ་དམུ་ལ་སླེབས་དུས་དམུ་ཡི་སྒོ་སྲུང་རྣམས་ཀྱིས་བཀག་སྟེ་རྒྱུ་མཚན་དྲིས་པར་བརྟག་ཚེ། དམུ་རིགས་ལ་རྗེ་བོ་དང་བློན་འཁོར། སྒོ་སྲུང་སོགས་ཡོད་པའི་ཡུལ་སྟོབས་ལྡན་ཞིག་ཡིན་པའང་རྟོགས་ཐུབ་ལ། ཡང“ལོ་རྒྱུས་དངོས་ལ་ཡང་གཉའ་ཁྲི་བཙན་པོའི་ཡབ་ཕྱྭ་རུས་ཡིན་པ་དང་ཡུམ་དམུའི་རུས་ལས་བྱོན་པ། སྟོན་པ་གཤེན་རབ་མི་བོ་ཆེའི་ཡབ་དམུ་རུས་ཡིན་ལ་ཡུམ་ཕྱྭའི་རུས་ལས་བྱོན་པ[17]”ཞེས་པས་ཀྱང་ཤོག་དྲིལ་འདིའི་ནང་དོན་ནི་གང་ཡིན་བློ་བཟོ་བྱས་པ་ལྟ་བུ་མིན་པར་བདེན་སྟོབས་ཀྱིས་ཕྱུག་འདུག་པ་རྟོགས།
དེས་ན་རྒྱལ་པོ་ཁྲི་ལ་ཞམ་གྱི་སྐབས་སུ་ཡང་། བོད་ཀྱི་ཆོས་ལུགས་བོན་ཆོས་ཡིན་ངེས་པ་རིགས་པས་དཔག་ནུས། དེ་ལྟར། དམུ་གེ་ཐང་གི་ས་མིང་ངག་རྒྱུན་ལྟར་གོ་བ་བླངས་ན། དེང་གི་ཆར་ཡང་མགོ་མང་ཕྱོགས་སུ་དམུ་གེ་ཐང་གི་གཞིས་སྡོད་འབྲོག་ཁྱིམ་ཕལ་ཆེ་བ་ནི་སྟོང་སྐོར་དང་འབྲོག་རུའི་དཔོན་ཚང་ཡིན་ལ། ཁོ་ཚོ་ཚང་མ་བོན་ཆོས་ལ་དད་པ་བྱེད་མཁན་རྐྱང་རྐྱང་ཡིན་པ་མ་ཟད། དམུ་གེ་ཐང་གི་སྨད་རྒྱུད་དུ་ཆགས་པའི་བོན་སྐོར་སྡེ་བ་ལྟ་བུ་ཡང་བོན་ཆོས་ལ་དད་པ་སོགས་ཀྱིས་ཡུལ་འདིར་གནའ་དེང་གཉིས་ཀར་བོན་ཆོས་དར་མྱོང་བ་གསལ་བཤད་བྱེད་ཐུབ།
གཞན་ཁྲི་ལ་ཞམ་ནི་དམུ་གེ་ཐང་དབང་དུ་བསྒྱུར་བའི་ཁྲི་ལ་ཞམ་ཡིན་པ་རིགས་པས་བདེན་དཔང་བྱ་ཐུབ་སྟེ། མིང་གཉིས་འདྲ་བ་དང་གཅིག དམུ་གེ་ཐང་དབང་དུ་བསྒྱུར་བའི་ཁྲི་ལ་ཞམ་ཕ་སྤུན་རྣམས་ཀྱིས་རྒྱལ་སྲིད་སྐྱོང་དུས་ནང་མ་འཆམས་པར་བོད་དམག་མང་པོ་ཁྲིད་ནས་ཡར་ལྷ་ཤམ་པོའི་གནས་ནས་ཡོང་བ་དང་གཉིས། ལོ་མང་པོ་མ་འགྱངས་པར་ཡར་ལྷ་ཤམ་པོ་སོགས་ལྷ་གཉན་རྣམས་ཀྱི་བཀའ་ཆད་ཕོག་ནས་རྒྱལ་པོ་གཤེགས་པ་ཟེར་བ་དང་གསུམ་གྱིས་གོང་གི་རྒྱལ་པོ་ཁྲི་ལ་ཞམ་གྱི་ངག་རྒྱུན་གཏམ་རྒྱུད་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་གནས་པ་སོགས་ཀྱིས་ཤེས་ཐུབ་ཅིང་། ཡང“བྱེ་ཐང་འདིར་གསེར། མཆོང་། རྫ་མ། མདེའུ། ཟངས་ང་། མེ་ལོང་། རྡོ་ཆས། གཡུ་བྱུར་སོགས་རྙེད་མཁན་མང་ལ། དེང་སང་ཡང་རུས་པའི་བྱེ་མ་དང་སའི་བྱེ་མ་ཕལ་ཆེར་མང་ཉུང་མེད་ས་ཡོད་ཅིང་། འབྲོག་རུའི་སྙན་གྲགས་ཀྱིས་བྱེ་མ་ལས་ས་རྫ་དམར་པོ་ལས་བཟོས་པའི་སྒྲོལ་དཀར་གྱི་སྐུ་ཨ་ཡིག་གཟུངས་འཇུག་ཅན་ཞིག་ཡིན་པ་དང་། རྡོ་སྨུག་ནག་རིལ་བུ་སྒོ་ང་ལྟ་བུ་ཐོག་ཏུ་མཐེབ་རྡེའུ་ཡིན་ཞེས་བྲིས་པ་ཞིག་རྙེད་པ་ནི་སྲོང་བཙན་རྗེས་ཀྱི་རིག་དངོས་ཏེ་བསྟན་པ་ཕྱི་དར་རིང་གི་ཡིན་སྙམ”[18]ཞེས་གསལ་བ་སོགས་ལས་ཀྱང་ཡུལ་འདིར་ལོ་རྒྱུས་གནའ་ཤུལ་གྱི་དཔང་བོ་མང་པོ་རྙེད་པའང་ཤེས་ཐུབ།
གསུམ་པ། དམུ་གེ་ཐང་གི་རིག་གནས་གནའ་ཤུལ་གྱི་སྐོར།
སྤྱིར་མང་རྫོང་ནས་བུད་པའི་ཆི་ཀྱཱ་རིག་གནས(齐家文化)ཀྱི་གནའ་ཤུལ་དང་ཁ་ཡོག་རིག་གནས(卡约文化)ཀྱི་གནའ་ཤུལ་དག་ཀྱང་དམུ་གེ་ཐང་དང་འདབས་འབྲེལ་དུ་ཡོད་པ་སྟེ། ཁ་ཡོག་རིག་གནས་ཀྱི་གནའ་ཤུལ་ལ་དམུ་གེ་ཐང་གི་གནའ་ཤུལ(穆格滩遗址)དང་ཀུའུ་ཀུ་ཐན་ནན་ཁན་གནའ་ཤུལ(古格滩南坎遗址)གཉིས་དང་། ཆི་ཀྱཱ་རིག་གནས་ཀྱི་གནའ་ཤུལ་ལ་ཀ་མ་ཐའེ་བང་སོ(尕马台墓地)ཡོད་པ་འདི་དག་གིས་ཀྱང་དམུ་གེ་ཐང་འདི་ལ་ལོ་རྒྱུས་ཡིག་ཚང་གི་རིན་ཐང་ཁོ་ན་ཙམ་གྱིས་མ་ཚད་པར། གནའ་རྫས་རྟོག་ཞིབ་ཀྱི་རིག་དངོས་བུད་པ་འདིས་ཀྱང་དམུ་གེ་ཐང་གི་ལོ་རྒྱས་རིན་ཐང་སྔོག་འདོན་ཆེས་ཆེར་བྱས་ཡོད་པ་མ་ཟད། རིག་དངོས་འདི་དག་དང་ལོ་རྒྱུས་ཡིག་ཚང་གཉིས་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པའང་གདོན་མི་ཟ། འགབ་ནས་དམུ་གེ་ཐང་གི་འདབས་འབྲེལ་གྱི་གནའ་ཤུལ་དེ་དག་ངོ་སྤྲོད་ཙམ་བྱས་ན།
གཅིག དམུ་གེ་ཐང་གི་གནའ་ཤུལ།
དམུ་གེ་ཐང་གནའ་ཤུལ་ནི(穆格滩遗址)མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མང་ར་ཞང་ལོ་བ་སྡེ་བ་གོང་མའི་བྱང་མུ་གེ་ཐང་གི་ལྷོ་རྒྱུད་དུ་གནས་ཡོད། གནའ་ཤུལ་འདི་ནི་དམུ་གེ་ཐང་བྱེ་ཐང་ཆེན་མོའི་མཐའ་རུ་གནས་པ་དང་བྱེ་མའི་འོག་ཏུ་བཅུག་ཡོད། ས་ངོས་སུ་ཁྱབ་པའི་རྫ་ལེབ་ཀྱི་ཁྱབ་ཁོངས་ནས་བལྟས་ན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4000ཡོད། མཐོང་བའི་རྫ་ལེབ་ལ་རྣ་ཟུང་ཅན་གྱི་རྫ་མ་དང་དེམ་སོགས་ཀྱི་ལྷག་རོ་ཡོད་ལ། དེ་ནི་ཁ་ཡོག་རིག་གནས་ཀྱི་དུས་སྐབས་དང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས།
གཉིས། ཀ་མ་ཐའེ་བང་སོ།
ཀ་མ་ཐའེ་བང་སོ(尕马台墓地)ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་རབ་འོག་ཞང་ནང་སོ་སྡེ་བའི་ནུབ་ངོས་སུ་གནས་པ་དང་། དེ་ནི་ཚ་རྔ་འགག་ཆུ་མཛོད་ཀྱི་རྨ་ཆུའི་འགྲམ་རྒྱུད་དུ་གཏོགས། སྤྱི་ལོ1977ལོར། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་རུ་ཁག་དང་པེ་ཅིང་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་གནའ་རྫས་རྟོག་ཞིབ་ཆེད་ལས་ཀྱིས་མཉམ་འབྲེལ་ཐོག་བང་སོ་སྔོག་འདོན་བྱས་པ་དང་། ཁྱོན་བང་སོའི་ཚོགས43ལ་གཙང་བཤེར་བྱས་པ་དང་། ས་འོག་ནས་ཐོན་པའི་རིག་དངོས་ཁྲི་ལྷག་ཙམ་ཡོད་པ་རེད། བང་སོ་ཚང་མ་གྲུ་བཞི་ནར་མོའི་དབྱིབས་ཀྱི་དུར་ས་ཡིན་པ་དང་། དུར་འཇུག་གི་རྣམ་པ་ལ་མི་གཅིག་ཅན་གྱི་དུར་སྦས་དང་མི་གཉིས་ཅན་གྱི་དུར་སྦས་རིགས་ཡོད། བེམ་པོ་འཇོག་སྟངས་ནི་ཁ་སྦུབ་ཏུ་རྐང་ལག་པ་དྲང་མོར་བཞག་ཡོད་མོད། གཏོར་སྐྱོར་བཟོས་པ་ཅུང་མང་། དུར་རྫས་ལ་རྫ་ཆས་དང་། རྡོ་ཆས། རུས་ཆས། ཟངས་ཆས་དང་རྒྱན་ཆ་སོགས་ཡོད། རྫ་ཆས་ལ་འདམ་རྒྱུ་ལས་བྱས་པའི་རྫ་དམར་དང་རྫ་སྡེར་གཉིས་ཀྱི་གྲུབ་ཆ་གཙོ་བོར་ཡོད་ལ། རྡོ་ཆས་ལ་རྡོ་གྲི་ཡོད་པ་དང་། རུས་ཆས་ལ་རུས་ཁྱེམ་དང་། རུས་འབིག རུས་མདའ་དང་། ཟངས་ཆས་རྣམས་རྒྱན་ཆའི་རིགས་སུ་གཏོགས་ཏེ། དེ་ལ་ཟངས་ཀྱི་མེ་ལོང་དང་། ཟངས་ཀྱི་མཛུབ་གདུབ་བཅས་ཡོད་པ་དང་། དེ་མིན་གྱི་རྒྱན་ཆ་སྣ་ཚོགས་ཡོད་ཅིང་། བང་སོ་ཨང25པའི་ནང་ནས་ཟུར་བདུན་སྐར་མའི་དབྱིབས་གཟུགས་རྒྱན་རིས་ཀྱི(七角星几何纹图案)ཟངས་ཀྱི་མེ་ལོང་ཞིག་བུད་པ་ནི་མིག་སྔར་རང་རྒྱལ་གྱི་ཟངས་ཀྱི་མེ་ལོང་ལས་ཆེས་སྔ་བའི་རིག་དངོས་དེ་ཡིན། སྔོན་ཆད་ཤེས་རྟོགས་བྱུང་བའི་ཆི་ཀྱཱ་རིག་གནས་ཀྱི་བང་སོ་མང་ཆེ་བ་ནི་གན་རྐྱལ་དུ་རྐང་ལག་དྲང་མོར་དུར་འཇུག་བྱས་པའི་རིགས་ཡིན་ལ། ཁ་སྦུབ་ངང་དུར་འཇུག་བྱེད་པའི་གོམས་སྲོལ་དེ་འདྲ་ཀ་མ་ཐའེ་བང་སོ་ནས་ཐོག་མར་ཤེས་རྟོགས་བྱུང་བ་དང་། ཐུན་མོང་མ་ཡིན་པའི་དུར་སྦས་བྱེད་ཐབས་དེ་རིགས་ཀྱིས་ཆི་ཀྱཱ་རིག་གནས་ཀྱི་དུར་འཇུག་གོམས་སྲོལ་ལ་དཔྱད་གཞི་གསར་པ་ཞིག་མཁོ་འདོན་བྱས་ཡོད། བང་སོ་ལས་བུད་པའི་ཟངས་ཀྱི་མེ་ལོང་གི་ངོ་བོའམ་རྒྱུ་ཆ་ནི་ལི་ཡིན་ལ། དེས་རང་རྒྱལ་གྱི་སྔ་དུས་ཀྱི་ཟངས་ཀྱི་མེ་ལོང་ལ་ཞིབ་འཇུག་བྱེད་པར་དངོས་པོའི་རྒྱུ་ཆ་རྩ་ཆེན་འདོན་སྤྲོད་བྱས་ཡོད། མཚོ་སྔོན་གྱི་ས་ཁོངས་སུ་ཆི་ཀྱཱ་རིག་གནས་ཤུལ་བཞག་གི་གྲངས་འབོར་ཅུང་མང་ལ་ཁྱབ་ཁུལ་ཡང་མང་པོ་ཡོད་མོད། འོན་ཀྱང་གནའ་ཤུལ་ནང་ལི་ཆས་མཐོང་རྒྱུ་ཧ་ཅང་དཀོན་ལ། ལྷག་པར་དུ་ཤར་རྒྱུད་ཀྱི་ཞིང་ལས་ཁུལ་དུ་ཧ་ལམ་མཐོང་རྒྱུ་མེད་པའི་ཚོད་དུ་འདུག་ཅིང་། ཟི་ལིང་གྲོང་ཁྱེར་གྱི་ཧྲེན་ན་གནའ་ཤུལ(沈那遗址)ལས་ལི་རྒྱུའི་མདུང་གཅིག་རྙེད། བང་སོ་ཨང25པའི་ནང་གི་ཟངས་ཀྱི་ལི་རྒྱུའི་མེ་ལོང་དང་ཧྲེན་ན་གནའ་ཤུལ་ཁྲོད་ཀྱི་ལི་རྒྱུའི་མདུང་ལ་བཟོ་རྩལ་ཅུང་མཐོན་པོ་ཡོད་པར་བཤད།
གསུམ། ཀུའུ་ཀུ་ཐན་ནན་ཁན་གནའ་ཤུལ།
གཞན་ཀུའུ་ཀུ་ཐན་ནན་ཁན་གནའ་ཤུལ་ནི(古格滩南坎遗址)“མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མང་ར་ཞང་ན་རན་སྡེ་བར་ཡོད་ལ། དེ་ཡང་ཁ་ཡོག་རིག་གནས་ཀྱི་ཁོངས་གཏོགས་ཡིན”[19]ཞེས་གསལ་བ་ཙམ་ལས། ཞིབ་ཕྲའི་ནང་དོན་ལག་སོན་མ་བྱུང་།
གཞན་དམངས་ཁྲོད་ངག་རྒྱུན་ལ། དམུ་གེ་ཐང་དུ་འབྲི་ཐུལ་མའི་བེའུ་ཁྲིད་འདྲ་བོ། ས་འབྲ་སྡེ་ཐང་གི་འབྲི་སྡེ་ཡིན་ཞེས་ཡུལ་དེའི་མིང་འབྲི་སྡེ་ལ་བསྙད་ཀྱང་། འབྲུ་རྡེའུ་ཐང་ཞེས་པར་ཡང་འབྱུང་སྟེ“འབྲུ་རྡེའུ་ཟེར་བའི་མིས་བཟོས་པའི་རི་བོ་ཆུང་ཆུང་ཞིག་ཡོད། བཤད་པ་ལྟར་ན་རྒྱལ་པོ་ཁྲི་ལ་ཞམ་སྐུ་གཤེགས་པའི་དུར་ས་ཡིན་པར་བཤད། འབྲུ་རིགས་དང་རིན་པོ་ཚེ་མང་པོ་དུར་དུ་སྦས་པས་འབྲུ་རྡེའུ་བཏགས་པ་དང་། རྒྱལ་ཁབ་གནའ་ཤུལ་བརྟག་དཔྱད་མཁན་གྱིས་གནའ་ཤུལ་གྱི་རྡོ་རིང་ཡང་བཙུགས་ཡོད”[20]ཅེས་གསལ་ཡང་ད་ལྟའི་ཡུལ་དངོས་སུ་གནའ་ཤུལ་གྱི་རྡོ་རིང་དེའི་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པས་གནའ་ཤུལ་གཞན་དག་དང་འཁྲུལ་བ་ཡིན་མིན་སོགས་ལ་ད་དུང་དཔྱད་དགོས་པར་འདུག
བཞི་བ། མཇུག་བསྡུ་བ།
གོང་གསལ་གྱི་ངག་རྒྱུན་དང་ལོ་རྒྱུས་དཔྱད་ཡིག གནའ་ཤུལ་གྱི་རིག་དངོས་བུད་པ་སོགས་གང་ཡིན་ནའང་འདྲ་སྟེ། རང་རེ་ཡུལ་འདིར་ཡང་གནའ་སྔ་མོ་ནས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཤེས་རིག་གི་སྤྱི་ཚོགས་ཤིག་དར་མྱོང་བ་གསལ་བཤད་བྱེད་ཐུབ་ཅིང་། བདག་འདྲ་ངན་པ་གནའ་ཤུལ་རིག་དངོས་ལ་སློབ་སྦྱོང་ཞན་པ་སོགས་ཀྱིས་གནའ་རྟོག་རིག་པའི་ལམ་ནས་དམུ་གེ་ཐང་གི་ས་མིང་ལོ་རྒྱུས་ལ་དཔྱད་ཞིབ་མི་ནུས་ཀྱང་། དུས་ཚོད་ཀྱི་ཆ་ནས་དམུ་གེ་ཐང་གི་ཡུལ་ཕྱོགས་ནས་བུད་པའི་ཆི་ཀྱཱ་རིག་གནས་ཀྱི་གནའ་ཤུལ་ཏེ་ཀ་མ་ཐའེ་བང་སོ(尕马台墓地)ལྟ་བུར་མཚོན་ན། ཆེས་སྔ་བར་རྡོ་ཆས་གསར་མའི་དུས་མཇུག་སྟེ་ད་ལྟའི་བར་ལོ་ངོ4000ཡས་མས་ཀྱི་ཤེས་རིག་གི་ལོ་རྒྱུས་ཡོད་པ་དང་། ཁ་ཡོག་རིག་གནས་ཀྱི་གནའ་ཤུལ་ཏེ་དམུ་གེ་ཐང་གི་གནའ་ཤུལ(穆格滩遗址)དང་ཀུའུ་ཀུ་ཐན་ནན་ཁན་གནའ་ཤུལ(古格滩南坎遗址)གཉིས་ལྟ་བུར་མཚོན་ནའང་། ཆེས་སྔ་བ་ལིས་ཆས་སྤྱོད་པའི་དུས་སྐབས་ཏེ་སྤྱི་ལོའི་སྔོན་གྱི900ནས་སྤྱི་ལོའི་སྔོན་གྱི600ཡས་མས་ཀྱི་ཤེས་རིག་གི་ལོ་རྒྱུས་ཡོད་པའི་དཔང་པོ་འཁྲུལ་མེད་འདི་དག་གི་ཐོག ལོ་རྒྱུས་མི་སྣ་གྲགས་ཅན་གྱི་ཞབས་རྗེས་ཏེ། སྟོད་ལྷ་རབས་ཀྱི་རྒྱལ་པོ་ཁྲི་ལ་ཞམ་དང་། བར་མངའ་དར་གྱི་སློབ་དཔོན་པད་འབྱུང་། ཞན་པེ་རྒྱུད་པ་ཐུའུ་ལུ་ཧུན་དང་བོད་ཐང་ཕོ་ཉ་ལུའེ་ཡོན་ཏེང་། དམག་སྤྱི་ཆེན་མོ་ཞུའེ་རེན་ཀུའེ་སོགས་དང་འབྲེལ་བའི་ལོ་རྒྱུས་དོན་རྐྱེན་དང་། གཞན་ཕྱིས་སུ་ས་སྣའི་མི་སྣས་གསེར་དངུལ་སོགས་རིན་པོ་ཆེ་སྣ་མང་རྙེད་པ་ལ་བརྟེན་རྒྱལ་ཁབ་ཀྱིས་གནའ་ཤུལ་གྱི་རྡོ་རིང་བཙུགས་པའི་བར་ལོ་རྒྱུས་རིག་གནས་ཀྱི་སྒྲོམ་གཞི་ཆ་ཚང་ཞིག་གྲུབ་ཡོད་ཅིང་། འདི་དག་གིས་མཚོ་སྔོན་ལོ་རྒྱུས་སམ་ས་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་རྩ་ཆེའི་ལྡེ་མིག་ཆག་གཅིག་མཁོ་འདོན་གནང་འདུག
གོང་དུ་སྨྲས་པ་ལྟར་དམུ་གེ་ཐང་གི་ས་མིང་ཐོགས་ཚུལ་ཐད་ལ་མུ་གེ་ཐང་དང་། མུ་ལེ་དིང་། མྱ་ངན་ཐང་། མུའུ་ཧོ་ཁྲོམ། མུ་ཧོར། དམུ་གེ་ཐང་། དམུ་གི་ཐང་བཅས་མང་དུ་ཡོད་ཅིང་། ཡུལ་གཅིག་ལ་མིང་འདོགས་ཚུལ་མང་པོ་ཡོད་པ་ནི་རིག་གནས་འདུ་འགོད་ཀྱི་རྣམ་པས་སྐྲུན་པ་ཞིག་ཡིན་ལ། ཡུལ་དེར་རིག་གནས་སྣ་མང་གི་རྫོང་མཐུག་པོའི་དན་རྟགས་ཤིག་ཀྱང་ཡིན་པར་སེམས། མྱ་ངན་ཐང་དང་མུ་གེ་ཐང་ནི་ཕྱིས་ཀྱི་མིས་བཏགས་པའི་བཏགས་མིང་སྟེ་ཡུལ་འདི་བྱེ་མས་བཀང་ཡོད་པས་དོན་གྱི་ཆ་ནས་བཏགས་པར་སེམས་ལ། བྱེ་མས་བཀང་བ་ཡང་གོང་དུ་སྨྲས་པ་ལྟར་ཡོན་རྒྱལ་རབས་ཀྱི་ཀྲི་ཀྲེང་ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ1342ལོར། ཤིན་ཅང་ལྷོ་མཐའི་བྱེ་རླུང་རྨ་ཆུའི་རྒྱུད་དུ་འཚུབ་སྟེ། དམུ་གེ་ཐང་གི་ཡོན་གྱི་དམག་དོན་ལྟེ་གནས་དང་། དམག་ཆས་དམག་རྟ་རྒྱུ་ནོར་དང་བཅས་པ་བྱེ་འོག་ཏུ་འཐིམ། ད་ལྟའི་བར་རིན་པོ་ཆེ་སྣ་ཚོགས་བུད་པ་ནི་བྱེ་མ་ལས་ཐོན་པ་ཡིན་ཞེས་འདིའི་ཡར་སྔོན་དམུ་གེ་ཐང་གི་ཡུལ་འདི་ད་ལྟ་བཞིན་བྱེ་མས་བཀང་ཡོད་པ་ཤིན་ཏུ་བཤད་དཀའ[21]བར་སྣང་ཡང་། ལུའོ་ཡོན་ཏེང་དམུ་གེ་ཐང་བརྒྱུད་སྐབས་ཀྱང་མུའུ་ཧོ་ཡན་གྱི་བྱེ་སྣ་ཞེས་བརྗོད་པར་བརྟག་ན་མ་མཐའ་ཡང་ཐང་རྒྱལ་རབས་དང་ཐུའུ་ལུ་ཧུན་རྒྱལ་རབས་ཀྱི་སྐབས་ནས་ཡུལ་འདིར་བྱེ་མས་བཀང་ཡོད་པ་གསལ་བཤད་བྱེད་ཐུབ། དེ་ལྟར་ན་ཡང་མུ་གེ་ཐང་དང་མྱ་ངན་ཐང་ཞེས་པ་ཡུལ་འདི་བྱེ་འགྱུར་བྱུང་བའི་རྗེས་ཀྱི་མིང་ཞིག་ཡིན་པ་ལས་དེའི་ཡར་སྔོན་གྱི་མིང་དུ་འདོད་མི་ནུས་ཤིང་། ལྷག་དོན་བྱེ་མའི་ཐང་ཡོད་ཚད་ལ་མུ་གེ་ཐང་དང་མྱ་ངན་ཐང་གྱི་ས་མིང་མི་སྦྱོར་བ་སོགས་ལ་གཞིགས་ན་དེ་ནི་བློ་བཟོའི་བཏགས་མིང་ཙམ་ལས་ཡུལ་གང་དེའི་དངོས་མིང་ཉིད་དུ་གོ་བའི་འོས་མེད། མུ་ལེ་དིང་ལྟ་བུ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཁ་ཅིག་གིས་མཁས་ཉམས་སུ་བསྒོམས་ཏེ། མན་ལུང་ལ་སྨན་ལུང་དང་གཡའ་མ་ལུང་ལ་ཡིད་སྨོན་ལུང་དུ་བཅོས་པར་བཤད་པ་དང་ཀུན་ནས་མཚུངས་ཞེས་གསུངས་པ་བཞིན་མི་རྣམས་ཀྱིས་དཔལ་ལྡན་ལྷ་མོའི་བླ་མཚོའི་དད་མོས་ཀྱི་སྒོ་ནས་བཏགས་པའི་མིང་ཞིག་ཡིན་ལ། དཔལ་ལྡན་ལྷ་མོའི་གདམས་པ་རྒྱལ་བོ་རྡོ་རྗེ་འཆང་གིས་བྲམ་ཟེ་ས་ར་ཧ་ལ་གནང་ཞིང་། ཕ་དམ་པ་སངས་རྒྱས་ཀྱིས་བོད་ཡུལ་ལ་སྤྱན་དྲངས། དེའི་ཕྱིས་སུ་ཆོས་སྐོར་གྱི་འཕྲིན་ལས་རྒྱས་པ་བྱུང་བས་རིམ་གྱིས་བོད་ཀྱི་སྲུང་མའི་གཙོ་བོར་གྱུར་བ་ཞིག་ཡིན་པས། མ་མཐའ་ཡང་ཆེས་སྔ་བ་ཕ་དམ་པ་སངས་རྒྱས་ཀྱི་དུས་ཏེ་དུས་རབས་བཅུ་གཉིས་པ་ཡས་མས་ཀྱི་མིང་ཞིག་ཡིན་དགོས་ལ། དེའི་ཡར་སྔོན་དམུ་གེ་ཐང་ལ་མུའུ་ཧོ་ཁྲོམ་ལྟ་བུའི་མིང་ཡོད་པས་དེ་ཡང་འདོད་པར་མི་ནུས། གཞན་མུའུ་ཧོ་ཁྲོམ་ནི་ཐུའུ་ལུ་ཧུན་གྱི་རྒྱུད་པས་ནུབ་ཕྱོགས་སུ་བཙུགས་པའི་རྒྱལ་སའི་མིང་ཡིན་པ་ལ། ཕྱིས་སུ་སྒྲ་ཟོར་ཇེ་ཡང་དུ་སོང་ནས་མུ་ཧོར་ཞེས་ད་ལྟ་ཡང་འབོད་བཞིན་ཡོད་མོད། རྒྱལ་ཁབ་དེའི་སྲིད་ལོ་ནི་སྤྱི་ལོ313ལོ་ནས་སྤྱི་ལོ663ལོའི་བར་ཡིན་ལ། སྤྱི་ལོ663ལོར་ཐུ་བྷོད་བཙན་པོས་དམག་གིས་ཐུའུ་ལུ་ཧུན་གྱི་རྒྱལ་རབསས་འཇིག་པར་བྱས་པས། མུའུ་ཧོ་ཁྲོམ་དང་མུ་ཧོར་ལྟ་བུ་ཡང་དུས་རབས་བདུན་པ་ཡས་མས་ཀྱི་མིང་ཞིག་ཡིན་ཞིང་། དེའི་ཡར་སྔོན་དམུ་གེ་ཐང་ལ་མིང་མེད་པར་མི་འགྱུར་པས་མུའུ་ཧོ་ཁྲོམ་དང་མུ་ཧོར་ཞེས་པ་ཡང་དམུ་གེ་ཐང་གི་བླ་བཏགས་ཀྱི་མིང་ཞིག་ལས་མ་འདས། དེས་ན་དམུ་གེ་ཐང་དང་དམུ་གི་ཐང་གཉིས་ནི་དོན་གཅིག་སྟེ་ཡི་གེ་གི་དང་གེ་གཉིས་ཀྱི་སྒྲ་ཟུར་ཆག་སྟེ་དབྱངས་ཕན་ཚུན་བརྗེས་འགྱུར་བྱུང་བའི་སྐད་ཆའི་ཆོས་ཉིད་ཙམ་ལས་མེད་ཅིང་། ཕལ་སྐད་ལ་དམུ་གེ་ཐང་དང་ཡིག་སྐད་དུ་དམུ་གི[22](ཡི)ཐང་ཞེས་པའི་ཁྱད་པར་ཙམ་ལས་མེད། དོན་ནི་ཡུལ་འདིར་རུས་དམུ་ཡིས་དབང་བསྒྱུར་མྱོང་པས་རུས་མིང་ས་མིང་དུ་ཐོགས་པ་དེ་འདྲ་ཡིན་ལ། འདི་ནི་ལོ་རྒྱུས་ཀྱི་ཆོས་ཉིད་དང་ཡང་མཐུན་སྟེ། སྤུ་རྒྱལ་གྱི་ཁམས་ཀྱི་རྒྱལ་ཕྲན་ཐུའུ་ལུ་ཧུན་གྱིས་ཡུལ་ཁམས་འདི་ལ་དབང་བསྒྱུར་སྐབས། དབང་སྒྱུར་མངའ་ཁོངས་ཆ་ཚང་ཐུའུ་ལུ་ཧུན་གྱི་ཞན་པེ་རྒྱུད་པ་ཡིན་པ་དེ་འདྲ་རྦད་དེ་མ་ཡིན་པར། དབང་སྒྱུར་མངའ་ཁོངས་སུ་བོད་ལ་སོགས་པའི་མི་རིགས་སྣ་མང་ཡོད་ངེས་པས། མི་རིགས་དེ་དག་གི་རིག་གནས་དང་སྐད་ཆ། ཡུལ་སྲོལ་སོགས་ཀྱང་རང་སྲོལ་བཞིན་དུ་གནས་པ་དེའི་ནང་ཡུལ་མདོ་སྨད་ཀྱི་བོད་མི་རྣམས་ཀྱང་ཚུད། ཁོ་ཚོའི་ལོ་ངོ་སྟོང་ཕྲག་དུ་མའི་རིང་མཚོ་བོད་མཐོ་སྒང་དུ་འཚོ་བ་རོལ་བཞིན་ཡོད་པས། སྐབས་དེ་དུས་ནས་བོད་ཀྱི་རུས་ཆེན་བཞི་ལས་གྱེས་པའི་རུས་ཆེན་བཞི་བཅུ་རྩ་གཉིས་སོགས་མདོ་དབུས་ཁམས་གསུམ་དུ་ཐོར་བུར་གནས་ཡོད། ཐུའུ་ལུ་ཧུན་རྒྱལ་རབས་ཡར་སྔོན་གྱི་ཡུལ་འདིའི་ལོ་རྒྱུས་ལ་རྒྱལ་པོ་ཁྲི་ལ་ཞམ་གྱི་ངག་རྒྱུན་ཡོད་པ་ནི་གསེར་ལས་དཀོན་པའི་ལོ་རྒྱུས་རྒྱུ་ཆ་གལ་ཆེན་ཞིག་སྟེ། འདི་ལས་མ་མཐའ་ཡང་སྟོད་ལྷ་རབས་ཏེ་སྟག་ཚང་ལོ་ཙཱ་བའི་ལུགས་ལྟར་བོད་རྗེ་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་སྤྱི་ལོའི་སྔོན་གྱི540[23]ལོ་ཡིན་པའི་དབང་དུ་བཏང་ན། དེས་ཀྱང་ཡར་སྔོན་ཏེ་གཉའ་ཁྲི་བཙན་པོའི་ཡབ་ཁྲི་བདུན་ཚིགས་ཀྱི་གཅེན་པོ་རྒྱལ་པོ་ཁྲི་ལ་ཞམ་དམུ་གེ་ཐང་གི་གནས་འདིར་ཡོང་ནས་གཞིས་སྡོད་གནང་བ་དང་། རྒྱལ་པོ་འདི་དག་གི་མ་ཕྱོགས་ཀྱི་རུས་རྒྱུད་མང་ཆེ་བ་དམུ་ཡིན་པ་གོང་དུ་སོང་ཟིན་ལ། རུས་རྒྱུད་འདི་དག་གི་ཁྱིམ་རྒྱུད་གནས་འདིར་ཡོང་བས་དམུ་གི་ཐང་ངམ་དམུ་གེ་ཐང་སྟེ་རུས་མིང་ས་མིང་དུ་ཐོགས་པ་དེ་འདྲ་ཡིན་ལ།(མུ་གེ་ཐང་ཞེས་པ་ཡང་དམུ་གེ་ཐང་གི་སྒྲ་འགྱུར་ཁོ་ནར་ཟད་དེ། རུས་དམུ་ཡི་འབྲི་ཚུལ་གཞན་ལ་ཡིག་རྙིང་ཁག་ཏུ་རྨུ་དང་སྨུ། མུ། དེ་མུ་སོགས་ཡོད་པས་ཤེས་སླའོ)ད་ལྟ་ཡང་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་ཝང་ཐུང་སྡེ་བའི་ཁོངས་གཏོགས་སུ་དམུ་སྡེ་ཞེས་པའི་སྡེ་ཆུང་ཞིག་ཡོད་པ་མ་ཟད། མགོ་ལོག་དར་ལག་རྫོང་ཁོངས་ཀྱི་སྨར་འབྲིང་ཡུལ་ཚོ་ན་ཡང་དམུ་རི་སྡེ་བ་ཞེས་པ་ཡོད་པ་སོགས་ཀྱིས་ཀྱང་རུས་རྒྱུད་དམུ་ཡི་རིགས་གནའ་ནས་རང་རེ་མདོ་སྨད་དུ་ཡོད་པ་རྟོགས་ནུས། དེ་བས། རྒྱལ་པོ་ཁྲི་ལ་ཞམ་གྱི་མ་ཕྱོགས་ཀྱི་རིགས་རྒྱུད་བསྡད་པའི་ཡུལ་ལ་དམུ་གེ་ཐང་དུ་ཐོགས་པར་སེམས།(དེས་ན་རྒྱལ་པོ་ཁྲི་ལ་ཞམ་སྤུན་མཆེད་ཀྱི་རུས་ནི་ཕྱྭ་རུས་ཡིན་པས་མི་འཐད་པར་འདོད་ན། དེ་ལ་ཁོ་བོས་འདི་ལྟར་སྨྲ་འདོད་དེ། ཕ་ཕྱོགས་ཀྱི་རུས་ཆེན་ཕྱྭ་ཡང་ཡོད་དེ། དེང་གི་མང་འབལ་བྱ་གསུམ་གྱི་ཡ་གྱལ་ཏེ་དམུ་གེ་ཐང་དང་འདབས་འབྲེལ་དུ་ཡོད་པའི་བྱ་སྟོད་བྱ་གཞུང་བྱ་མདོ་ཞེས་པའི་མིང་འདི་དག་ཀྱང་ངག་རྒྱུན་ལ་ཡུལ་ཕྱོགས་འདིར་བྱ་དྲུག་བབས་པས(བྱ་དྲུག་པོ་རེ་རེ་བཞིན་བརྩི་རྒྱུ་ཡོད)བྱ་ཞེས་པའི་མིང་ཐོགས་པར་གྲགས་ཆེ་ནའང་། མིང་འདོགས་ཚུལ་འདིར་ལྷ་སྒྲུང་རང་བཞིན་དང་བློ་བཟོའི་རང་བཞིན་ཤས་ཆེ་བར་སྣང་བས། ལོ་རྒྱུས་དངོས་ཀྱི་གཞི་འཛིན་ས་གང་ཡང་མེད། དེ་བས་ཁོ་བོའི་བསམ་པར་བྱ་ནི་རྒྱལ་པོ་ཁྲི་ལ་ཞམ་དང་ཁོང་གི་ཕ་ཕྱོགས་ཀྱི་རུས་མིང་སྟེ་ཕྱྭ་རུས་ལས་མཆེད་པར་སེམས། འོ་ན་ཕྱྭ་དེ་བྱ་རུ་ཇི་ལྟར་གྱུར་བ་ཡིན་ནམ་ཞེ་ན། སྔོན་གྱི་ཡི་གེ་བ་དང་རྒན་པོ་ཁ་བདེ་རྣམས་ཀྱིས་ལོ་རྒྱུས་དངོས་ཀྱི་བཏགས་དོན་མང་པོ་སྒྲ་མཚུངས་ཀྱི་སྒོ་ནས་འཆར་ཡན་ཅན་གྱི་གཏམ་རྒྱུད་ལ་བརྗེ་བའི་སྲོལ་ནི་རང་རེའི་ལོ་རྒྱུས་སུ་ཆེས་དར་པས་དེ་འདྲར་ཟད་ཅིང་། གཞན་གནས་འདིར་གནའ་སྔ་མོ་ནས་དམུ་རུས་ཡོད་པ་བདེན་ན། ཕྱྭ་རུས་ཀྱང་ཅི་ལ་ཡོད་མི་ཆོག་ཨང་སྙམ)འདི་ལ་ཤེས་ནས་སྨྲ་བ་རྣམས་ཞལ་ཀྱང་མཐུན་སྟེ། རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས“ཁ་སྒང་གི་བྱང་རྒྱབ་ཏུ་རྫ་མཐོན་པོ་ཇིད་པར་རྫ་རྒན་དང་ཇིད་པར་གཞུང་ཆུ། དེ་ནས་འབའ་ལུ་གུ་ཐང་ངམ་འབའ་ལ་ག་ཐང་། འབའ་མང་ར། འབའ་ཡི་གླང་ཆེན་བྱེ་མའམ། དམུ་གི་ཐང་སོགས(མུ་གེ་ཐང་ནི་རུས་དམུ་འདིའི་འབྲི་ཚུལ་ལ་ངོས་འཛིན་པ་ལས་དྲང་དོན་མྱ་ངན་ཐང་ལ་གོ་མི་རུང)མཆིས”[24]ཞེས་གསུངས་པ་འདི་དང་། ཚེ་ལོས་གཙོ་སྒྲིག་གནང་པའི«མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ»དུའང་དམུ་གི་ཐང་ཞེས་བྲིས་ཡོད་པ་རྣམས་ནི་དོན་ལ་གནས་པའི་གཏམ་དུ་མཐོང་།
དེ་ལྟར་དམུ་གེ་ཐང་ནི་ངག་རྒྱུན་དང་ལོ་རྒྱུས་དཔྱད་ཡིག གནའ་ཤུལ་རིག་དངོས་བཅས་སུ་མངོན་པའི་ས་མིང་ལོ་རྒྱུས་ཀྱི་བརྡ་རྟགས་གལ་ཆེན་ཞིག་དུ་སྣང་ན་ཡང་། ད་ལྟའི་བར་འདིའི་ཕྱོགས་ལ་ཐུགས་མཉམ་མཛད་མཁན་ཤིན་ཏུ་ཉུང་བ་ལྟར་སྣང་པས། གུས་པོས་དཔྱད་གཞི་མཁོ་འདོན་གྱི་ཚུལ་དུ་དཔྱད་རྩོམ་འདི་འབྲི་ཁུལ་བགྱིས་པ་ཡིན་ལ། ལྷག་དོན་སྟོད་ལྷ་རབས་ཀྱི་རྒྱལ་པོ་ཁྲི་ལ་ཞམ་དང་འབྲེལ་བའི་ངག་རྒྱུན་དེ་ས་མིང་ལོ་རྒྱུས་དང་འབྲེལ་ཏེ་འབྱུང་བ་འདི་འདྲ་བོད་ཀྱི་ལོ་རྒྱུས་དཔྱད་གཞི་རྒྱུ་ཆའི་ཁྲོད་ཤིན་ཏུ་མཐོང་དཀོན་པ་ཡིན་པས། ལོ་རྒྱུས་ཡིག་ཚང་གི་རིན་ཐང་ཤིན་ཏུ་གལ་ཆེན་ལྡན་པར་སྙམ། གཞན་དུ་ན་ཁོ་བོར་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་ཐོབ་ཀྱི་ཡོན་ཏན་གང་ཡང་ཉག་ཕྲ་བས་དཔྱད་རྩོམ་འདིའི་དཀྱུས་སུ་མ་རྟོགས་ལོག་རྟོག་གི་འཁྲུལ་བ་ཆེ་ཆུང་ཅི་རིགས་མཆིས་པ་གདོན་མི་ཟ་པས། འདིར་སོ་ཕག་འཕངས་ཏེ་གཡང་ཊི་འདྲེན་པའི་དཔེ་བཞིན་འབྲེལ་ཡོད་ཆེད་མཁས་པ་དང་རྒྱ་ཆེའི་དཔྱོད་ལྡན་རྣམས་ཀྱིས་དགོངས་འཆར་ལྷུག་པར་སྩོལ་བའི་རེ་བའང་སྙིང་ནས་ཞུ་བ་ལགས་སོ། །
ལུང་ཁུངས་དང་མཆན།
[1] 吐谷浑ཞེས་པའི་རྒྱ་ཡིག་བར་མ་དེའི་ཀློག་སྟངས་ལ་བཤད་ཚུལ་མི་འདྲ་བ་ཡོད་དེ། ཐང་རྒྱལ་རབས་སྔོན་གྱི་མཁས་པ་མང་པོས་དེluཞེས་བཀློག་དགོས་པར་འདོད་པ་དང་། ཁང་ཞིའི་ཡིག་མཛོད་དུའང་དེ་བཞིན་བཀོད་པར་བརྗོད་ལ་དེབ་དམར་དུའང་ཐུའུ་ལུ་ཧུན་ཞེས་བྲིས་ཡོད། ད་ལྟ་ཡོངས་ཁྱབ་ཏུ་ཐུའུ་ཡུས་ཧུན་ཞེས་འབོད་ཀྱང་འདིར་སྔོན་སྲོལ་ལྟར་ཐུའུ་ལུ་ཧུན་ཞེས་བསྒྱུར།
[2][20] བློ་བཟང་ལྷུན་གྲུབ་རྡོ་རྗེ། མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས།(མཚོ་ལྷོའི་གླེགས་བམ) [M] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016:24.241.
[3] ངག་རྒྱུན་འདི་ནི་སྤྱི་ལོ1991ལོའི་ཟླ6པར་ཀུན་མཚོ་ཐར་གྱིས་སྡུད་སྒྲིག་བྱས་པ་ཡིན་ལ། བཤད་མཁན་ནི་མང་རྫོང་མགོ་མང་གྲོང་རྡལ་ཚ་ནག་སྡེ་བའི་རྒན་པོ་བན་དེ་ཡིན།
[4] སློབ་དཔོན་པད་འབྱུང་གི་རྣམ་ཐར་དྲི་མེད་རྒྱན། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006:128.
[5][6] འཇམ་དབྱངས་དར་རྒྱས། རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།(2) [M] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013:86. 90.
[7] 沈约,《宋书》北京:中华书局,1974:2586.
[8] [北魏] 郦道元著,陈桥驿校正《水经注校正》卷2《河水》,北京:中华书局,2007:42.
[9] གནའ་བོའི་ཅན་ནན(剑南)ཞེས་པ་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་དེང་གི་སི་ཁྲོན་གྱི་ལྟེ་བ་དང་དེའི་ནུབ་ཕྱོགས་ཀྱི་ས་ཁུལ་ཁག་ལ་གོ། སྒྲ་དོག་འཇུག་གི་དབང་དུ་བྱས་ན་དེང་གི་སི་ཁྲོན་ཞིང་ཆེན་གྱི་ཅན་ཀུ་རྫོང(四川省剑阁县)ལ་གོ །
[10] 王蕾 刘满.刘元鼎入蕃路线河陇段考 [J] 敦煌学辑刊 2017:2.
[11][12] 青海省贵南县志 [M] 三秦出版社.1996:12. 482.
[13] ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན། རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986:5.
[14] བཀའ་ཐང་སྡེ་ལྔ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1997:113.
[15] གྱི་ལུང་བཀྲ་ཤིས་རྒྱ་མཚོ། གྱི་ལུང་ཐུགས་མཆོག་རྡོ་རྗེ། བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994:112.
[16] ཅིན་ཡཱ་ཧྲིན་དང་ཁོ་ཨིན། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས།l [M] ཧྲང་ཧེ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2007:322.
[17] པ་ཚབ་པ་སངས་དབང་འདུས། ལོ་རྒྱུས་ས་མིང་བརྡ་འགྲེལ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2023:486.
[18] ཚེ་ལོ། མཚོ་ལྷོ་ཁུལ་གྱི་ས་མིང་རིག་གནས་བརྡ་འགྲེལ། [M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:415.
[19] 丝绸之路世界遗产.遗产数据库[DB/OL].(2021-08-13)[2023-08-02].
[21] ཐུའུ་ལུ་ཧུན་གྱི་སྐབས་སུ་ཧྲ་ཀྲོའུ་ཞེས་པའི་མིང་ཐོགས་ཚུལ་ལ་གཞིགས་ན་བྱེ་མ་དེའི་ཡར་སྔོན་ནས་ཡོད་པར་ཐལ།
[22] ཨ་མདོའི་ཕལ་སྐད་དམ་ཡུལ་སྐད་དངོས་ཀྱི་སྐབས་ཕྲད་འདི་ལ་གི་དང་ཡི་གང་ཡང་དེ་ཙམ་ཉེ་བ་མེད་དེ། རང་རའི་ཁ་སྐད་ཁྲོད་རྒྱུན་དུ་འབྱུང་བཞིན་ཡོད། འདི་ལ་ཏུན་ཧོང་ཡིག་རྙིང་དང་སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱི་སྙན་ངག་ཁག་ཏུ་འ་ཡིས་ཚབ་འཇུག་བྱས་པ་མང་སྟེ། དཔེར་ན། ཆང་གན་གི་དབུས་ནས་མི་ཞིག་མཐོང་།། འཐུང་དཀའ་འི་མ་འཐུང་བསྐྱུར་དཀའ་འི་ལྟ་བུས་ཕྲད་སྒྲ་དེ་ཇི་བཞིན་ཐོན་པར་བྱས་ཡོད། དེས་ན་འདིའི་སྐབས་དོན་གྱི་སྒྲ་ཇི་བཞིན་པའང་དམུ་འི་ཐང་ལྟ་བུ་ཡིན་འོས།
[23] སྟག་ཚང་དཔལ་འབྱོར་བཟང་པོ། «རྒྱ་བོད་ཡིག་ཚང་ཆེན་མོ» ཁྲིན་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985:136
[24] ཁ་སྒང་བཀྲ་ཤིས་ཚེ་རིང་། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི”རྨ་གྲོམ་”དང”མཁར་ཇིད་པར”སོགས་སྔོན་གྱི་ས་ཆ་ཁག་ཅིག་མདོ་སྨད་ཁ་སྒང་གི་ཡུལ་ནས་རྙེད་པའི་དཔྱད་པ། [J] ཀྲུང་གོའི་བོད་རིག་པ། 2011:3
འབྲེལ་ཡོད་འོས་སྦྱོར།