logo

སེང་གེ་གཤོང་། སེང་གཤོང་སྙིང་བྱམས་རྒྱལ།

རྩོམ་པ་པོ།:སེང་གཤོང་སྙིང་བྱམས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-01-06 ཀློག་གྲངས།:
སེང་གེ་གཤོང་།
སེང་གཤོང་སྙིང་བྱམས་རྒྱལ།

       སེང་གེ་གཤོང་ནི་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་རེབ་གོང་གསེར་མོ་ལྗོངས་ཀྱི་སྡེ་བ་བྱེ་བྲག་ཅིག་གི་མིང་ཡིན་ལ། རོང་སྟོན་བརྒྱད་པ་ཆེན་པོས“རིག་འབྱུང་རིག་པའི་སྐྱེད་ཚལ་ཡངས་པོ་འདིར། །སྣ་ཚོགས་བཟོ་རིག་རིག་པའི་དཔལ་འབར་ཡང་། །སེང་གཤོང་བཟོ་རིག་རིག་པའི་སྒྱུ་རྩལ་འདིའི། །སྙན་པ་འཛམ་གླིང་ཟླུམ་པོའི་མཐའ་ལ་ཁྱབ། །”ཞེས་གསུངས་པ་ལྟར། ཁྱེད་ལ“སེང་གཤོང་ལྷ་རིས་སྒྱུ་རྩལ”ཞེས་པའི་བྲིས་འབུར་གཉིས་ཀའི་བཟོ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་དང་སྙན་གྲགས་ལ་མཐོང་ཐོས་གང་འཚམ་ཡོད་སྲིད་ཀྱང་། སེང་གེ་གཤོང་ཞེས་པའི་སྡེ་བ་འདི་ལ་ཆ་རྒྱུས་ཡོད་པའི་ངེས་པ་མེད་ཅིང་། ཅིས་ཀྱང་ཡོད་དགོས་པའི་རྒྱུ་མཚན་ནི་དེ་ལས་ཀྱང་མེད།  སྡེ་བ་འདི་ཉིད་རེབ་གོང་རོང་བོ་དགོན་ཆེན་དང་རོང་བོ་གྲོང་རྡལ་གྱི་ཤར་བྱང་གི་ཕྱོགས་སུ་སྤྱི་ལེ་དྲུག་གིས་ཆོད་པའི་མཚམས། ལྷོ་ནས་བྱང་དུ་འབབ་པའི་ཡན་ལག་བརྒྱད་ལྡན་གྱི་རོང་བོ་དགུ་ཆུའི་ཤར་རྒྱུད་དུ་ཆགས་ཡོད་པ་དང་། དེ་ལ་གནའ་སྔ་མོ་ནས་ཡ་མགོ་དང་མ་མགོ་གཉིས་སུ་ཕྱེས་ཤིང་ཡ་མགོར་བོད་སྟོད་ཚོ་བ་ལྔ་དང་མ་མགོར་བཅུ་སྐོར་ལྔ་ཞེས་གྲགས་ལ། དེང་སྐབས་དུད་ཁྱིམ་བརྒྱ་ཕྲག་དྲུག་ལྷག་ཡོད་པའི་སྡེ་ཆེན་མཚོ་མོ་འདྲ་ཞིག་ཡིན། ལར་དུས་འདིར་མི་རིགས་སྲིད་ཇུས་ཀྱི་ཉི་ཟེར་དྲོན་མོ་ཕྱོགས་མཚམས་ཀྱི་ཡུལ་ལུང་ཀུན་ཏུ་རིས་མེད་སྙོམ་པོར་འཕྲོས་པའི་ཉེར་ལེན་ལས། མི་རིགས་ང་དྲུག་ཐམས་ཅད་རྫོགས་ལྡན་བསྐལ་བའི་དཔལ་ལ་ལོངས་སྤྱོད་བཞིན་ལོ་རྒྱུས་འཕེལ་རྒྱས་ཀྱི་ཀློང་དུ་འགྲོས་གཅིག་དབྱངས་གཅིག་གིས་ཕྱོགས་ཡོད་པས། རྩོམ་ཐུང་འདིའི་བརྗོད་བྱ་ནི“ལྷ་ཁང་རྙིང་བར་རྟེན་བཤད་གསར་བ”ལྟ་བུའི་དགོས་མཁོ་ཅི་ཡང་མེད་པའི་ལྷག་མ་ཞིག་ཡིན་ཡང་སྲིད་མོད། ཡིན་ནའང་ལ་ལས་སེང་གེ་གཤོང་ནི་འབྲི་ཆུའི་ལྷོ་རྒྱུད་ནས་ཆད་པའི་རྒྱ་མ་བོད་ཀྱི་སྡེ་བ་ཞིག་ཏུ་འདོད་པ་དང་། ཡང་ཁ་ཤས་ཀྱིས་སྡེ་འདིའི་ཡུལ་སྐད་ཁོ་ནར་དམིགས་ནས་ཅི་ཞིག་ཤེས་མདོག་གིས་སེང་གེ་གཤོང་དོར་སྡེ་ཞེས་དམན་སར་འགོད་ཅི་ཐུབ་བྱེད་ཅིང་། ས་གནས་སྲིད་གཞུང་གིས་ཀྱང་རྒྱུ་མཚན་གང་ཡང་མེད་པར་ཧོར་རིགས་སུ་བགྲངས། འོན་ཀྱང་སྡེ་འདིའི་ཡིག་ཐོག་གི་ལོ་རྒྱུས་དང་ངག་ཐོག་གི་བཤད་རྒྱུན་གང་ལ་དེད་ཀྱང་བཙན་པོ་ཁྲི་རལ་བ་ཅན་གྱིས་རྒྱ་བོད་ས་མཚམས་སྲུང་བར་བཀས་མངགས་པའི་དམག་གི་རྒྱུད་པ་སྟེ། ཆད་ཁུངས་གཙང་ཉི་མ་ལ་སྟོད་ཡིན་པར་བཤད། འོ་ན་གཤམ་དུ་སེང་གེ་གཤོང་སྡེ་བའི་ཕྱི་ནང་གཉིས་ཀའི་རང་མདངས་ལ་ཉེ་བཅར་འཁྱུག་ཙམ་བྱེད་དང་། ཁྲིགས་ཁྲིགས་མེད་ན“ལག་ཡོང”ཅུང་ཙམ་རེ་ཡོད་ཀྱང་སྲིད།
མི་རྒྱུད་ཀྱི་ཆད་ཁུངས།
       «དེབ་དཀར»ལས། “……ཨ་མདོའི་རིགས་དེ་ཕལ་ཆེར་ནི་སྔོན་གྱི་དམག་མི་ཕྱོགས་དེར་སླེབས་པ་དག་ལས་མཆེད་པར་མངོན……”ཞེས་དང་། «མདོ་སྨད་ཆོས་འབྱུང»ལས། “མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན……”ཞེས་དང་ཡང“མངའ་བདག་ཁྲི་རལ་གྱི་དུས་རྒྱ་ནག་གི་རྒྱལ་པོ་དང་དབོན་ཞང་འདུམ་བྱ་བར་མ་མཐུན་ནས་བོད་རུ་རེ་ནས་དམག་སྟོང་སྡེ་བཅོ་བརྒྱད་རེ་དར་ཚན་ཁྲིག་གེ་པ་ཁྲིད་དེ་རྒྱའི་གེན་པོ་རྣམས་བཀུམས། ……”ཞེས་གསུངས་པ་ལྟར། མདོ་སྨད་སྤྱི་དང་རེབ་གོང་གི་ལེ་ལག་གང་ཡིན་ཡང་ཡིག་ཐོག་གི་ལོ་རྒྱུས་དང་ངག་ཐོག་གི་བཤད་རྒྱུན་གང་ལ་དེད་ཀྱང་དེ་ལས་མ་འདས་ཏེ། «སྲིད་སྐྱོང་མེ་ལོང»ལས“སྤྱི་ལོ821ལོའི་ཟླ6པར་དམག་དཔོན་དར་རྒྱལ་གཙོས་བོད་དམག་གིས་རྒྱ་དམག་ནག་རིའི་སྒང་བར་དེད་དེ་ཕྱིར་ལོག་ནས་རྒན་གྱའི་ཐང་དུ་སྟོན་མོ་མཛད”པར་གྲགས་པ་དང(སྐབས་འདིའི་དར་རྒྱལ་ནི་སྤྱི་ལོ659ལོར་སུའུ་ཏེན་ཧྥང་དང་གཡུལ་བཤམས་ཏེ་མཚོ་ནག་སྟོང་རིར་གཤེགས་པའི་སྲོང་བཙན་གྱི་བློན་ཆེན་དར་རྒྱལ་མང་པོ་རྗེ་མིན་པར། ཁྲི་རལ་གྱི་དམག་དཔོན་དར་སྟོང་རྒྱལ་མཚན་དང་གཅོད་དགའ་དར་རྒྱལ་ཡབ་སྲས་གཉིས་ལས་གཅིག་ཡིན་པར་འདོད།)«རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ»ལས། “བོད་རྒྱ་ས་མཚམས་སྲུང་བར་ཕེབས་པའི་ནང་གི་རྐྱང་ཚའི་དམག་དཔོན་བསྟན་པ་ཕྱག་རྡོར་ཞེས་བྱ་བ་དེའི་ཐོབ་གོ་གནས་ཀྱི་མིང་ལ་ལྡོང་ཚའི་རིགས་དར་སྟོང་རྒྱལ་མཚན་དང་། ཁོང་གི་སྲས་ཁྲོ་ཚའི་དམག་དཔོན་གཅོད་དགའ་དར་རྒྱལ་ཞེས་པ་དཔའ་བློ་གཉིས་ལྡན་ཡིན་པའི་དམག་དཔོན་ཆེན་པོ་ཁོང་ཕ་བུ་གཉིས་ཀྱིས་རྒྱལ་པོའི་བཀའ་དང་དུ་བླངས་ཏེ་མདོ་སྨད་དུ་ཕེབས།”ཞེས་པ་ལྟར། ཁོང་དམག་དཔོན་ཡབ་སྲས་གཉིས་ཀྱིས་གཙོས་དམག་དཔུང་སྟོབས་དང་ལྡན་པས་བོད་རྒྱའི་ས་མཚམས་སུ་གཡུལ་འཁྲུག་ཆེན་པོ་བརྒྱབ་མཐར། རྒྱ་དམག་ནག་རིའི་སྒང་བར་མཐར་བསྐྲད་དེ། ཕྱིར་ཁ་བ་ཀླད་བྱང་མའི་རྫ་རི་ནས་དམག་སྒར་བརྒྱབ་ཅིང་། དེར་རྡོ་གོར་མས་མཁར་ཞིག་བརྩིགས་པ་ལ། ཕྱིས་སུ་མིང་འགྱུར་ནས་དར་རྒྱལ་ཀླད་དམ་དར་རྒྱལ་རྡོ་མཁར་ཞེས་གྲགས་ཤིང་དམག་རུ་རྣམས་རྫ་རི་དེར་གཞིས་བཅས་ནས་བསྡད། ཕྱི་ལོར་རྒྱ་བོད་གཉིས་ཀྱི་འདུམ་འགྲིག་ཅིང་དབོན་ཞང་འདུམ་པའི་བཀའ་གཙིགས་ཀྱི་རྡོ་རིང་བཙུགས་ནས་མཛའ་མཐུན་གྱི་མཇལ་དུམ་མཛད་པས་ཡུལ་ཟུང་ཞི་བའི་དུས་ལ་བཀོད། རྒྱ་བོད་ཀྱི་མཚམས་སུ་མཆོད་རྟེན་དཀར་པོ་བཞེངས་ཏེ་རྒྱ་རྒྱ་ཡུལ་དང་བོད་བོད་ཡུལ་ནས་སྐྱིད་པ་བྱུང་།
       དེ་ལྟར་བཙན་པོ་ཁྲི་རལ་བ་ཅན་གྱི་དམག་དཔུང་རྒྱ་ཡུལ་དུ་འདྲེན་སྐབས་ཀྱི་རྐྱང་ཚའི་དམག་དཔོན་དར་སྟོང་རྒྱལ་མཚན་དང་ཁྲོ་ཚའི་དམག་དཔོན་གཅོད་དགའ་དར་རྒྱལ་གཉིས་ལ་དར་རྒྱལ་དམག་དཔོན་དུ་འབོད་ཅིང་། རེ་ཞིག་གཡུལ་འཐབ་ཀྱི་སྐབས་ཁྲོ་ཚའི་དམག་དཔོན་གཅོད་དགའ་དར་རྒྱལ་གྱི་ལུས་ལ་རྨས་སྐྱོན་ཆེན་པོ་ཕོག་པས། དམག་དཔོན་གྱི་འགན་བཞེས་མ་ཐུབ་པར་བཙན་པོར་དགོངས་ཞུ་ཞུས་པར། བཙན་པོའི་བཀའི་གནང་བ་འབྱོར་ཏེ། ཕྱིར་རང་ཡུལ་གཙང་ལ་སྟོད་ཕྱོགས་སུ་ཕེབས་ཤིང་། ལ་བཟའ་ཚོ་རིས་མ་ཟེར་བ་ཁབ་ཏུ་བཞེས་ནས་ཁྱིམ་གཞིས་བཟུང་། དམག་དཔོན་ཆེན་པོ་ཁོང་གི་མི་རབས་ལྔ་བ་སྟེ་སེང་གེ་རྒྱལ་མཚན་དང་དཔལ་དར་སེང་གེ རྣལ་འབྱོར་སེང་གེ་བཅས་སེང་གེ་རྣམ་གསུམ་གྱིས་རང་གི་མེས་པོའི་བལ་ཡུལ་གྱི་ལྷ་སྐུ་བྲིས་འབུར་གཉིས་ཀའི་ཕྱག་རྩལ་འགྲན་ཟླ་དང་བྲལ་བ་སྦྱངས་ཤིང་། རྒྱ་བོད་སོག་གསུམ་གྱི་ཐ་གྲུ་ཀུན་ཏུ་རྟེན་བཞེངས་མང་པོ་གནང་མཐར། ཆོས་སྐྱོང་གི་ལུང་བསྟན་དང་མེས་པོའི་བཀའ་བཀོད་ལྟར། བོད་རབ་བྱུང་དང་པོའི་ས་འབྲུག(སྤྱི་ལོ1028)ལོར་རེབ་གོང་གསེར་མོ་ལྗོངས་ཀྱི་སའི་ལྟེ་བ་སེང་གེ་གཤོང་དུ་གནས་གཞི་བཟུང་ཞིང་། གཞི་འཛིན་གྱི་དང་པོ་སེང་གེ་རྣམ་གསུམ་གྱི་མཚན་ལས་འཕྲོས་ཏེ་སྡེ་མིང་ཡང་སེང་གེ་གཤོང་དུ་བཏགས་ཞེས«རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ»ལས་གསུངས། གཞན་ཡང་རེབ་གོང་གསེར་མོ་ལྗོངས་ཀྱི་ཤར་བྱང་གི་མཚམས་སུ་སྟག་ལུང་ཞེས་པའི་རི་བོ་མཐོན་པོ་ཞིག་ཡོད་ལ། རི་དེའི་ནགས་གསེབ་ཏུ་བྲག་སེང་གེ་གནམ་འཕྱོ་རུ་འབོད་པའི་བྲག་དབྱིབས་སེང་གེ་དང་འདྲ་བ་ཞིག་ཡོད་པ་དེའི་ཁ་གཏད་ཀྱི་མདུན་གཤོང་དུ་ཆགས་པས་དེ་ལྟར་ཐོགས་ཞེས་བཤད་རྒྱུན་མི་འདྲ་བ་ཡང་ཡོད། དེ་ཡང་སེང་གེ་རྣམ་གསུམ་གྱིས་རུས་མིང་ལ་ཧུག་ཟེར་བའི་འབྲི་ཆུ་ལྷོ་རྒྱུད་ཀྱི་རྒྱ་མོ་གསུམ་ཆུང་མར་བསུས་ཚུལ་ཡ་རྫིའི་དེབ་ཐེར་དུ་བཀོད་རབས་འདུག་པ་མ་ཟད། འདི་གའི་ངག་རྒྱུན་ཡང་དེ་དང་ཞལ་མཚུངས་ལ། རེབ་གོང་གི་ཁྲི་སྡེ་བཞི་བགྲང་དུས“གཙང་ལ་སྟོད་ནས་ཆད་པའི་ལྷ་བཟོའི་སྡེ”ཞེས་པ་ཡང་རུས་ཆེན་ལྡོང་ལས་ཆད་པའི་ཆོས་སྡེ་ཆེན་པོ་གོང་འོག་བར་གསུམ་འདི་ལས་གཞན་ཞིག་སྟོན་རྒྱུ་མེད་དོ། །
       གཞན་ཡང་དེང་གི་ཡིག་རྙིང་ཞིབ་འཇུག་མཁས་ཅན་ཁ་ཤས་ཀྱིས་འབྲི་གུང་ཀླུང་ཤོད་གཙང་པོའི་སྟོད་རྒྱུད་དམ། བོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག་གི་ནང་གསེས་དབུ་རུའི་རྒོད་ཀྱི་དོར་སྡེའི་རུས་རྒྱུད་ལས་ཆད་པར་བཞེད་པས། ལོ་རྒྱུས་ངག་རྒྱུན་དང་ཞིབ་འཇུག་གི་འབྲས་བུ་གང་ལ་དེད་ཀྱང་འདི་ག་ཡང་མདོ་སྨད་ཀྱི་ཡུལ་ལུང་ཕལ་ཆེ་བའི་མི་རྒྱུད་ཀྱི་ཆད་ཁུངས་དང་འདྲ་བར་སྟོད་དབུས་གཙང་ཕྱོགས་ནས་མཆེད་པའི་མངོན་སུམ་ལ་མཁྲིས་ནད་ཅན་གྱི་མིག་ལམ་དུ་དུང་དཀར་པོའི་ཁ་དོག་སེར་པོར་མཐོང་བའི་འཁྲུལ་ཤེས་ཀྱིས་བསྙོན་འདིང་མི་ནུས་སོ། །
ཡུལ་སྐད་ཀྱི་ལས་དབང་།
       ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་གིས“ངག་ཚིག་མི་གཅིག་ཤ་ཟའི་རང་སྐད་ཀྱིས། །ཅ་ཅོ་རྣ་བར་འཚེར་ཡང་ཟབ་ཆོས་ཀྱི། །དབྱངས་སྙན་རོལ་མོ་ལྟར་འཁྲོལ་ལེགས་བྱས་ཀྱི། །བྱིན་རྟེན་གཞལ་མེད་ཁང་སོགས་རྩིས་པས་བྲལ། །”ཞེས་གསུངས་པ་ལྟར། སེང་གེ་གཤོང་གིས་ཡུལ་མི་ཕན་ཚུན་བར་གོ་བརྡ་སྤྲོད་པར་བོད་སྐད་དང་རྒྱ་སྐད་འདྲེས་མར་གྲུབ་པའི་འབྲེལ་འདྲིས་ཀྱི་ཡོ་བྱད་སྐད་ཆ་ཐུན་མོང་མ་ཡིན་པ་ཞིག་རང་རྐྱ་ཐུབ་པར་སྤྱད་དང་སྤྱོད་བཞིན་ཡོད་པ་ལ། ཡུལ་སྐད་འདི་ཀུན་གྱི་རྣ་ལ་མི་སྙན་པ་ལྟར་སྣང་བ་ལ་རྐྱེན་བྱས་ཏེ། སྐད་ཆ་ཕུང་གསུམ་པའམ་ཡན་གར་བ་ཞིག་ཏུ་བརྩི་བ་དང་། དེ་བཞིན་དུ་མི་རྒྱུད་ཀྱི་ཆད་ཁུངས་ཀྱང་ཡན་གར་བ་ཞིག་ཏུ་བརྩི་བཞིན་ཡོད། སྐད་ཆ་དེ་ལྟ་བུ་ཞིག་ཏུ་འགྱུར་རྐྱེན་ནི། གོང་དུ་གླེང་ཟིན་པ་ལྟར་སྡེ་འདིའི་གཞི་འཛིན་གྱི་ཐོག་མ་མེས་པོ་སེང་གེ་རྣམ་གསུམ་གྱི་བཟའ་ཟླ་རྒྱ་མོ་ཡིན་པ་དང་། གཞི་ནས་དགུ་ཆུའི་འགྲམ་རྒྱུད་དུ་ས་ཞིང་ཉུང་ངུ་ཙམ་ལས་འབྲོག་ས་དང་ནགས་ཚལ་ལ་སོགས་པའི་རང་བྱུང་ཐོན་ཁུངས་དཀོན་པས། སྐྱེས་པ་རྣམས་བཟོ་རིག་ལག་རྩལ་གྱི་ཕ་ནོར་ཁོ་ནར་བརྟེན་ཏེ། སྟོད་རྒྱ་གར་ཆོས་སྒོ་མན་ཆད་ནས་སྨད་རྒྱ་ནག་ཁྲིམས་སྒོ་ཡན་ཆད་འགྲིམས་ནས་ལོ་ཟླ་འཁོར་མོ་ཡུག་ཏུ་རྟེན་བཞེངས་ཀྱིས་རང་ཁ་གསོ་དགོས་པར། བྱིས་པ་རྣམས་མ་དང་འགྲོགས་ཡུན་རིང་བའི་དབང་གིས་ཕ་སྐད་བོད་སྐད་དེ་རིམ་གྱིས་རྒྱ་སྐད་དང་འདྲེས་ཤིང་། བོད་སྐད་མ་དག་པར་སྒྲ་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཟུར་ཆག་པ་གཉིས་གཙོ་བོར་གྱུར་བའི་སྐད་རིགས་ཡན་གར་བ་ཞིག་ཏུ་གྱུར་བའོ། །
       དེ་ལྟར་མ་བུའི་བར་དུ་གོ་བརྡ་སྤྲོད་སྐབས་བོད་སྐད་ཀྱི་ཚིག་གི་སྒྲོམ་གཞིའམ་བརྡ་སྤྲོད་ཀྱི་ཆོས་ཉིད་མ་གཏོར་བར། བྱེད་པ་པོ་དང་ལས། བྱ་བ་བཅས་གོ་རིམ་གྱི་རྨང་གཞིའི་སྟེང་། རང་གིས་བརྗོད་བདེ་བའམ་ཡང་ན་བོད་སྐད་མི་དག་པ་རྒྱུ་མཚན་དུ་བྱས་ནས་མིང་རྐྱང་ཕལ་ཆེ་བ་རྒྱ་སྐད་བེད་སྤྱད་པ་དང་། ལྷག་པར་དུ་གཞི་རྩ་དང་དཀྱིལ་སྙིང་དུ་གྱུར་བའི་འདོད་རྒྱལ་གྱི་རྒྱུན་སྤྱོད་ཐ་སྙད་མང་ཤས་རྒྱ་སྐད་སྤྱད་པའམ་ཡང་ན་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་ཁྱིམ་ལས་སམ་ཁྱད་པར་དུ་རྒྱུན་ལྡན་གྱི་མོ་ལས་ཚང་མ་ཐད་ཀར་ཨ་མར་འབྲེལ་བར་བརྟེན། དེའི་སྐོར་གྱི་ཐ་སྙད་ཕལ་ཆེ་བ་རྒྱ་སྐད་ཀྱིས་མཚོན་ཞིང་། གཞན་བྱིངས་བོད་སྐད་ཀྱི་ཐ་སྙད་འབའ་ཞིག་གིས་མཚོན་ཏེ། བོད་སྐད་ཀྱི་བརྡ་སྤྲོད་ཆོས་ཉིད་ནང་རྒྱ་སྐད་ཀྱི་ཐ་སྙད་མང་བོ་བསྲེས་ནས་གྲུབ་པའི་ཡུལ་སྐད་རང་རྐྱ་ཐུབ་ཞིག་ཏུ་གྱུར་ལ། དེའང་མུས་ཡུ་ཀྲུ་དང་ཞིས་ཡོན་ལིན་གཉིས་ཀྱིས“རྒྱ་སྐད་ཀྱི་ཐ་སྙད་ཀྱིས་བརྒྱ་ཆའི63དང་བོད་སྐད་ཐ་སྙད་ཀྱིས་བརྒྱ་ཆའི37ཟིན་ཡོད”ཅེས་དང་། སྐད་བརྡ་རིག་པ་བ་ཁྲིན་ནའེ་ཞུང་གིས“རྒྱའི་ཐ་སྙད་ཀྱིས་བརྒྱ་ཆའི65དང་བོད་སྐད་ཐ་སྙད་ཀྱིས་བརྒྱ་ཆའི20དང་། རྒྱ་བོད་སྐད་རིགས་འདྲེས་མའི་ཐ་སྙད་ཀྱིས་བརྒྱ་ཆའི5ཟིན་ཡོད”པར་འདོད་པ་དང་། བསོད་ནམས་ཚེ་རིང་དང་བསམ་འགྲུབ་སོགས་ཀྱིས་མིང་བརྡ་བརྒྱད་བརྒྱ་ལྷག་བསྡུས་པའི་ནང“བོད་སྐད་ཀྱི་མིང་ཚིག་བསྡོམས་པས430ལྷག་ཡོད་པ་དེས་སྤྱི་གྲངས་ཀྱི་བརྒྱ་ཆའི53ཙམ་ཟིན་པ་དང། རྒྱ་སྐད་ཀྱི་མིང་ཚིག230ལྷག་ཡོད་པ་དེས་སྤྱི་གྲངས་ཀྱི་བརྒྱ་ཆའི28.7ལྷག་ཟིན་ཡོད། ཆད་ཁུངས་མི་གསལ་བའི་མིང་ཚིག་བསྡོམས་པས་ཆིག་བརྒྱ་ལྷག་ཡོད་པ་དེས་མིང་ཚིག་སྤྱི་གྲངས་ཀྱི་བརྒྱ་ཆའི17.5ཟིན་ཡོད་།” ཅེས་དང་། ད་དུང“བོད་སྐད་ཀྱི་མིང་ཚིག430ནང་ཕོ་ལས་སྐོར་གྱི་མིང་ཚིག་གིས་བརྒྱ་ཆའི45ཟིན་པ་དང་། མོ་ལས་སྐོར་གྱི་མིང་ཚིག་གིས་བརྒྱ་ཆའི5ཟིན། སྤྱི་སྐད་ཀྱི་མིང་ཚིག་གིས་བརྒྱ་ཆའི50ཟིན་ཡོད་པ”ནི་སེང་གེ་གཤོང་གི་སྐད་ཀྱི་ཕྱི་མོ་བོད་སྐད་ཡིན་ཡང་བཟའ་ཟླ་རྒྱ་མོ་ཚོའི་ཤན་ཤུགས་དང་ལོ་རྒྱུས་འཕེལ་འགྲོས་ཁྲོད་རིམ་གྱིས་རྒྱ་སྐད་ཀྱི་ཐ་སྙད་མང་བོ་བསྲེས་ནས་བརྗོད་པའི་སྡོམ་ཚིག་ལ་རྟགས་ཡང་དག་གི་རྒྱུ་མཚན་ངོ་སྤྲད་པ་ཡིན་ནོ། །
       མཁས་དབང་ཀི་ལའེ་མའོ་ཡིས“ང་ཚོའི་སྐད་བརྡ་ནི་ང་ཚོ་རང་གི་ལོ་རྒྱུས་ཀྱང་ངོ་། །”ཞེས་པ་ལྟར། འདི་གས་སྐད་ཆ་ཡན་གར་བ་ཞིག་སྤྱད་དེ་བགྲང་བྱ་བརྒྱ་ཕྲག་མང་བོ་ཕྱིན་པ་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ཡུལ་སྐད་ཡན་གར་བ་སྤྱོད་པའི་ས་ཁོངས་རྒྱ་ཆུང་ཞིང་མི་འབོར་ཉུང་བ། སྤྱོད་རྒྱ་དོག་པ། མཐའ་འཁོར་གྱི་སྐད་ཆས་ཤན་ཤུགས་ཐེབས་པས་འགྱུར་ལྡོག་མང་བོ་བྱུང་ཡོད་སྲིད་ཀྱང་། ད་དུང་ཡང་མཐའ་འཁོར་གྱི་ཡུལ་སྡེ་ཀུན་ལ་མ་གྲགས་པའི་དབུས་གཙང་གི་སྐད་དང་བརྡ་རྙིང་ཡང་མང་བོ་ཡོད་དེ། གཞོང་བ་ལ་ཀ་ཏོ་ར་དང་མགོ་རྒྱན་ལ་སྐྱ་ཐུར། སྙིང་རྗེ་བ་ལ་གྱ་ཀ་ར། རལ་གྲི་ལ་རལ་གྱི། ཁེས་ཁ་ལ་ཁྱེས་ཁ། མྱིད་ཐག་ལ་མིད་ཐག གོ་རེ་དམར་པོ་ལ་འཁུར་བ། རྒྱུད་ངན་པ་ལ་རྒྱུད་གདུག མུ་ནས་མུ་ལ་ལུ་གུ་རྒྱུད། ཨན་སྒོར་ལ་ལས་ཨན། བུད་མེད་ཀྱི་རས་ལྭ་ལ་ཕ་ལྭ། ཤ་ཉེ་ལ་ཞ་ཉེ་སོགས་དང་། ཁ་སྤུ་ལ་ཁ་ས་པུ་ཞེས་སྤུ་ཡི་མགོ་ཅན་དང་རྨང་གཞི་ཕྲལ་ནས་ཀློག་པ་སོགས་བགྲང་གིས་མི་ལང་བ་ཡོད་པ་མ་ཟད། བར་གྱང་ལ་པར་གྱང་དང་། སྡེ་བ་ལ་སྡེ་པ། བིར་ལ་པིར། བ་བླ་ལ་པ་བླ། བ་ཁ་ལ་པ་ཁ། རལ་བ་ལ་རལ་པ། བག་ཆུ་ལ་པག་ཆུ། རོང་བོ་ལ་རོང་པོ་སོགས་བ་སྒྲ་ཡོད་ཚད་དབུས་གཙང་གི་སྐད་ཇི་བཞིན་དུ་པ་སྒྲ་ལྟར་འདོན་པ་ལས་ཀྱང་གསལ་བོར་ཤེས་ཐུབ་ལ། གཞན་ཡང་གླུ་ལེན་གར་རྩེད་དང་གཞས་འཐེན་ཤགས་ལེན། བཤད་པ་གཏམ་དཔེ། ཁེད་དང་བསྟོད་པ་ལ་སོགས་པའི་གཏམ་གྱི་སྦྱོར་བ་སྣ་ཚོགས་བོད་སྐད་རྐྱང་རྐྱང་གིས་སྤེལ་བ་འདིས་སྐད་ཆ་ནི་ད་ལྟ་གསོན་པོར་གནས་པའི་གདོད་མའི་ཤུལ་རྫས་ཡིན་ཟེར་བར་ར་སྤྲད་པ་ག་ལ་མིན།
       མདོར་ན་སྐད་ཆའི་གྲུབ་རྒྱུར་ངེས་པའི་གཞི་རྩའི་ཐ་སྙད་དམ་མིང་གི་ཚོགས་པ་ལས་གཞི་རྩའི་མིང་བརྡ་དག་རྒྱ་སྐད་ཀྱི་སྒྲ་ལ་ཁ་གཏད་ནས་གནས་ནའང་། མིང་བརྡ་བྱེ་བྲག་ཏུ་ཐོད་གཏུག་རྗེས་ཆགས་པའི་ཚིག་གི་གྲུབ་སྟངས་ནི་མཐའ་གཅིག་ཏུ་བོད་སྐད་ལ་ཕྱོགས་ཡོད་དེ། བརྗོད་པ་ཀུན་གྱི་གཞིར་གྱུར་བ་སྒྲ་གདངས་ཀྱི་ཁྱད་ཆོས་ལ་གཞིགས་ན། སྐད་སྒྲའི་གྲུབ་སྟངས་ནི་ཐད་ཀར་བོད་སྐད་དང་འབྲེལ་དམ་ཞིང་། སྨྲ་བརྗོད་ཀྱི་གནས་སྐབས་སུ་སྒྲའི་སྡེབ་སྦྱོར་ལ་ཡོད་པའི་ལྕི་ཡང་དྲག་ཞན་མཐོ་དམའ་སོགས་ཀྱི་རྣམ་པ་ཡང་ཨམ་སྐད་དང་ཀུན་ནས་མཚུངས་པས། དེང་གི་སྐད་བརྡ་རིག་པ་བ་རྣམས་ཀྱིས་སྐད་རིགས་མི་འདྲ་བའི་བར་ཕན་ཚུན་ཤུགས་རྐྱེན་ཐེབས་དུས་མིང་ཚིག་ཡི་གེ་གསུམ་གྱི་ཚོགས་པ་ལས་མིང་གི་ཚོགས་པ་འགྱུར་སླ་ནའང་། ངག་གི་སྦྱོར་བའི་བརྡ་སྤྲོད་ཁྱད་ཆོས་ཧ་ཅང་གཏན་འཇགས་ཡིན་པ་དང་། མི་ཚོགས་གང་དེས་ངག་ཏུ་སྤྱོད་པའི་སྐད་ཆའི་སྒྲ་གདངས་ཀྱང་ལྟོས་བཅོས་སུ་འགྱུར་དཀའ་བར་བཞེད་པ་ལས་ཀྱང་ཡུལ་སྐད་འདིའི་བྱུང་འཕེལ་དང་འཕོ་འགྱུར། གནས་བབ་བཅས་རགས་ཙམ་ཤེས་ཐུབ་བོ། །
བག་སྐྱེལ་འདས་མཆོད།
       གཉེན་སྒྲིག་གི་གོ་རིམ་ཐམས་ཅད་ཀྱང་མཐའ་འཁོར་གྱི་ཡུལ་ལུང་དང་མཚུངས་ཏེ། ཐོག་མར་བཟའ་ཟླ་གཉིས་ཀྱི་ལོ་རིས་སྤར་ཁ་འདེད་པ་ནས་མོ་རྩིས་ལུང་བསྟན་ཞུས་ནས་གཉེན་སློང་བ་དང་། དེ་ནས་གཉེན་འབྲེལ་བར་བ་མངགས་ནས་གྲོས་ཐོག་གཅིག་ཏུ་བཞག་སྟེ་གཉེན་རྟགས་རྒྱག་པའམ་སློང་ཆང་བསྐྱལ་བ། མཇུག་མཐར་གཟའ་སྐར་འཕྲོད་སྦྱོར་གཞིགས་ནས་ཉིན་བཟང་སྐར་བཟང་ཞིག་ལ་གཉེན་སྟོན་བྱེད་པ་སོགས་མདོར་ན་རྣ་ཅོག་འཐེན་པ་ནས་བག་རྫོངས་སྟེར་བ། སྟོན་བཤད་ནས་མག་སྐགས་བཅིང་ཚུལ། གསོས་རིན་སྟེར་བ་ནས་བུ་མོ་བཅོལ་གདམས་སོགས་བོད་རང་གི་དམངས་སྲོལ་ཁྱད་ཆོས་དང་ཡ་མ་བྲལ་ཞིང་། ལྷག་པར་དུ་བག་མ་བསུ་སྐྱེལ་གྱི་ཆོ་ག་དེ་མཐའ་འཁོར་གྱི་སྡེ་བ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་དེ། བག་གསར་རང་ཁྱིམ་ནས་སྒོར་བུད་དེ་གཉེན་ཚང་གི་ཁྱིམ་ལ་མ་ཐོན་པའི་ལམ་ཁར་ཟོ་སྟོང་དང་སྣོད་སྟོང་ཁྱེར་མཁན་དང་འཕྲད་ན། བཀྲ་མི་ཤིས་པར་བལྟ་ཞིང་། དེ་ལས་གཡོལ་ཆེད་ཨ་ཞང་ཚང་གི་སྐྱེལ་མ་དང་འགྲོགས་ནས་ནངས་མོ་སྔ་སེ་ལམ་དུ་ཆས་དགོས། གཉེན་ཚང་གི་བསུ་མའི་ཁྲོད་མ་སྲུ་གཉིས་ཀྱིས་ཕྱིང་ཞྭ་གྱོན་ཞིང་རྟར་ཞོན་ཏེ། ཁ་ཆད་ཀྱི་བསུ་སར་སླེབས་མ་ཐག་སྐྱ་མི་གཉིས་ཀས་བག་གསར་ལ་གཡས་སྐོར་རྒྱག་པ་དང་། བག་མ་སྐྱེལ་མའི་ནང་ནས“ཨ་ལན་ཡིག་ལན་ཨེ་ཡོད”ཅེས་དྲིས་པའི་ལན་དུ་བསུ་མའི་ནང་ནས“ཆོས་ཀྱི་དཔེ་ཆ་ཡོད”ཅེས་ལན་འདེབས་ལ། དེ་ནས་སྐྱ་མི་གཉིས་ཀྱིས་བསུ་མའི་ཁྲོད་ཀྱི་སྐྱེས་པ་རྣམས་ལ་རྟས་འཕྲ་རྩེད་བྱེད་བཞིན་ལམ་འབྱེད་པའི་བསུ་སྲོལ་ཡོད། དེང་སང་རྟ་མ་འབྱོར་བས་དབྱུག་པར་ཞོན་ནས་བསུ་སྲོལ་མ་ཉམས་པར་ཡོད་ཅིང་། མཁར་སྒོར་སླེབས་ཚེ་སྐྱེལ་མའི་བུད་མེད་གཉིས་ནས“མཁར་སྒོ་གསེར་སྒོ་ཡར་ལ་གཏོད། །ཕ་བཟང་བུ་མོ་ཡོང་གིན་ཡོད། །བུ་མོའི་མིག་འདི་ཁྱུང་མིག་ཡིན། །ཁྱུང་མིག་ཡིན་པས་མཛོ་བརྒྱ་དགོས། །མཛོ་བརྒྱ་བྱིན་ན་ལོན་ནི་རེད། །བུ་མོའི་སྐྲ་འདི་དར་སྐྲ་ཡིན། །དར་སྐྲ་ཡིན་པས་རྟ་བརྒྱ་དགོས། །རྟ་བརྒྱ་བྱིན་ན་ལོན་ནི་རེད། །བུ་མོའི་སོ་འདི་དུང་སོ་ཡིན། །དུང་སོ་ཡིན་པས་ལུག་བརྒྱ་དགོས། །ལུག་བརྒྱ་བྱིན་ན་ལོན་ནི་རེད། །བུ་མོའི་ལུས་འདི་ཉི་མ་འདྲ། །ཉི་མ་ཡིན་པས་གསེར་བརྒྱ་དགོས། །གསེར་བརྒྱ་བྱིན་ན་ལོན་ནི་རེད། །”ཅེས་ལེན་པ་ལྟ་བུ་ནི་ཉེ་མཚེས་ཀྱི་སྡེ་ཤོག་གང་དུའང་མཐོང་དཀོན་པའི་བོད་རང་གི་གནའ་སྲོམ་མིན་ཞེས་བློ་ལྡན་སུས་སྨྲ་བར་སྤོབས་སམ། དེ་ནས་སྒོ་རའི་ནང་འབྱོར་མ་ཐག་བག་མས་གུས་ཕྱག་གསུམ་འཚལ་དགོས་ཤིང་། གཉེན་ཚང་གིས་བག་མའི་མགོར་མདོ་སྡེ་བསྐལ་བ་བཟང་བོ་དང་འཕགས་པ་བརྒྱ་སྟོང་བ་ལ་སོགས་པའི་ཆོས་ཀྱི་གླེགས་བམ་གང་རུང་ཞིག་འཇོག་པ་ལ་སོགས་པའི་ཐུན་མིན་གྱི་གནའ་སྲོལ་ད་ལྟའང་ད་དུང་ཀུན་གྱི་མཐོང་ཆོས་སུ་ཡོད།
       གཞན་ཡང་། སྤྱིར་རང་རེའི་བོད་ལ་གནའ་སྔ་མོ་ནས་འདས་མཆོད་ཀྱི་ཆོ་ག་སྒྲུབ་སྟངས་ལ་བྱར་གཡེང་བ་དང་སྦྱིན་སྲེག ས་དུར། ཆུར་བསྐྱུར་སོགས་ཡོད་ནའང་། དེང་འདིར་སྐྱེ་ཁམས་ལ་གནོད་པ་ཚབས་ཆེན་ཐེབས་པས་བྱ་ཚོགས་ཇེ་ཉུང་དུ་ཕྱིན་པ་དང་། ལྷག་པར་དུ་ཆུར་བསྐྱུར་བར་ཆུའི་སྐྱེ་ཁམས་སྦགས་བཙོག་ཐེབས་པར་འཛེམ་པ་ལ་སོགས་པའི་དབང་གིས་སྦྱིན་སྲེག་འདས་མཆོད་ཁྱབ་ཆེ་ལ། དེ་ཡང་ས་ཆོག་གམ་ས་སློང་བ་དང་ཐབ་བརྩིགས་པ། སྦྱིན་སྲེག་དངོས་སོགས་ཀྱི་ཆོ་ག་བྱིངས་དང་འདྲ་ནའང་། བེམ་པོ་སྒོམ་འཆིང་བཅའ་ཚུལ་དང་དུར་འདེབས་ལུགས་ནི་གཞན་དང་མི་འདྲ་སྟེ། ཐོག་མར་བེམ་པོ་སྐྱིལ་ཀྲུང་དུ་ལག་ཟུང་ཐལ་མོ་སྦྱོར་ནས་སྒོམ་འཆིང་བཅའ་བ་དང་། དེ་ནས་གཏེར་ཁུག་ཞབས་སུ་རྫས་སྣ་མང་བོ་དང་ལྷན་དུ་རས་གཞིར་བྲིས་པའི་པདྨ་འདབ་བརྒྱད་ཀྱི་རི་མོ་ཡར་འཁོར་ནས་འཇོག་ཅིང་། བེམ་པོ་བཞག་རྗེས་འཁོར་ལོ་རྩིབས་བརྒྱད་ཀྱི་རི་མོ་མར་འཁོར་ནས་འཇོག གཏེར་ཁུག་ཁར་ལྷ་ཤིང་འབྲུ་ཤུག་གི་ཡལ་ག་ཞིག་བརྩེངས་ཏེ་བལ་དཀར་སྲུང་གིས་ཁ་མདུད་ཅིང་། མཐར་བེམ་པོའི་མཐོ་དམའ་དང་ཆེ་ཆུང་ཁྲིགས་སེ་རན་པའི་པུར་སྒྲོམ་ནང་འཇོག་པ་དང་། པུར་སྒྲོམ་ལ་སྣམ་བུའམ་ཕྲུག་ལྭ་ཞིག་གིས་གཡོགས་ཏེ་དེའི་སྟེང་རས་དར་དམར་པོ་ཁ་གང་མ་ཞིག་བཞི་བལྟབས་དང་ཁ་བཏགས་དཀར་པོ་གཉིས་པུར་སྒྲོམ་གྱི་ཀླད་ནས་གཡས་གཡོན་གཉིས་སུ་ཕྱང་བར། སྐེད་ནས་སྐ་རགས་བཅིངས་ཏེ་མདུད་པ་སྔུན་ནས་མདུད་དགོས། དེ་ནི་སྔོན་དུས་བཙན་པོའི་དམག་གི་རུ་དར་གྱི་མཚོན་དོན་ཡིན་ཞིང་། དམག་མི་རྣམས་གཡུལ་སར་བཀྲོངས་རྗེས་བེམ་པོར་རུ་དར་དམར་པོས་བཀབ་ནས་མྱ་ངན་བྱེད་སྲོལ་ཡོད་པ་དེ་ཉིད་མ་ཉམས་པར་རིམ་གྱིས་སྲོལ་རྒྱུན་དུ་ཆགས་ཏེ་དེང་སང་ཡང་བསྟན་དུ་ཡོད་པ་འདི་ཡིན་ལ། དེ་ནས་རྒྱུགས་ཤིང་གཉིས་པུར་སྒྲོམ་འོག་གི་གཡས་གཡོན་གྱི་ཀ་བའི་མས་སྣེ་གཉིས་ཀར་དམ་པོར་བཀྱིགས་ཏེ་མི་བཞིས་ཕྲག་ཏུ་འཁུར་ཞིང་། གཉེན་ཉེ་བསམ་ཤེས་ཤིག་གིས་ཇ་མཆོད་དཀར་ཡོལ་གང་ལག་ཏུ་བཟུང་ནས་པུར་སྒྲོམ་གྱི་སྔུན་ནས་འདས་པོའི་མིང་གིས་བཟུང་སྟེ། ཁྱེད་རང་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཟིན་པས། ཁྱེད་ཀྱི་ཕྱོགས་ལ་དགེ་རྩ་འདི་དང་འདི་བསྒྲུབས་ཡོད་པ་དང་བླ་མ་འདི་དང་འདི་ལ་བསྔོ་འབུལ་བྱས་ཡོད་ཅིང་། ཤུལ་དུ་བུ་བུ་མོ་དང་ཁྱིམ་བཟའ་བར་ང་ཚོས་ལྟ་རྟོག་གང་ལེགས་བྱེད་ངེས་ཡིན་པས། ཁྱེད་ཉིད་ཞེ་མི་ཆགས་པར་ནང་གི་ན་ཚ་དང་ཕྱི་ཡི་གོད་ཁ་ཐམས་ཅད་བསྣམས་ནས་ངེད་ཅག་གཏན་དུ་བརྗེད་དགོས་ཞེས་ཇ་མཆོད་ས་ལ་ཕོས་མ་ཐག་མྱ་ངན་གྱི་ངུ་ངག་ཆེན་པོ་དང་བཅས་ཏེ་བེམ་པོ་ཁྱེར་འགྲོ། དེ་ཡང་སྔོན་དུས་བཙན་པོའི་དམག་མི་རྣམས་གཡུལ་དུ་ཆས་དུས། རལ་གྲིའི་ཤུབས་བཅག་སྟེ་ཉེ་ཚན་ལ་ཁ་ཆེམས་འཇོག་པ་དང་། བུ་དང་ཆུང་མ་ཉེ་ཚན་ལ་བཅོལ་ནས་དགྲ་མ་ཐུབ་ན་ཕྱིར་མི་ལྡོག་པའི་བྲོ་བོར་བ་ཡིན་ལ། སྟབས་མ་ལེགས་པར་གཡུལ་དུ་བཀྲོངས་ན་ཉེ་ཚན་རྣམས་ཀྱིས་ངུ་ངག་གིས་འདས་པོའི་མིང་གིས་བཟུང་སྟེ། ཕྱི་ཡུལ་ནས་བླ་འཁྱམས་ནས་མི་འདུག་པར་རང་ཡུལ་དུ་ཤོག་ཅེས་འགུག་སྲོལ་ཡོད་པ་རིམ་གྱིས་སྲོལ་རྒྱུན་དུ་ཆགས་པ་ཡིན་ལ། བེམ་པོ་སྦྱིན་སྲེག་བྱས་ཏེ་རུས་ཐལ་དུར་དུ་སྦས་རྗེས་དུར་མཆད་ནི་རྟའི་རྨིག་རྗེས་ཀྱི་དབྱིབས་སུ་བརྩིགས་པ་དང་། དེ་ཡང་གཡུལ་དུ་བཀྲོངས་པའི་དཔའ་བོའི་བང་སོ་བརྩིགས་ཚུལ་ཡིན་པ་ཡིག་རྙིང་དུ་གསལ་བོར་བཀོད་ཡོད་ཅིང་། བང་སོའི་དཀྱིལ་སྙིང་གི་ས་འབུར་དུ་རྡོ་དཀར་པོ་ཁུ་ཚུར་འདྲ་བ་དུ་མས་ཕྲ་བཏབ་པ་ལྟར་འཇོག་སྲོལ་ཡོད་པ་དང་། གནའ་བོའི་སྲོལ་རྒྱུན་ལ་མནའ་བཅད་བསྒྲིགས་ནས་བྲོ་བོར་སྐབས་རྡོ་དཀར་པོ་ཞིག་ལག་ཏུ་བཟུང་སྟེ་བྲོ་ཚིག་འདོར་སྲོལ་ཡོད་པར། རྗེས་སུ་མནའ་ཡ་སྔོན་ལ་གྲོངས་ན་མནའ་ཡ་གཞན་རྣམས་ཀྱིས་རང་གི་ལྷག་བསམ་མཚོན་ཕྱིར་རྡོ་དཀར་པོ་རེ་འདས་པོའི་བང་སོའི་སྟེང་འཇོག་སྲོལ་ཡོད་པ་ལ། ཏུན་ཧོང་གཏེར་ཡིག་ལས། “ཕ་ཚན་བདུན་གྱིས་གཏང་རག་ཆེན་པོ་བཏང་ངོ་། །དབུ་སྙུང་གནང་བའི་གོར་མ་དེ། རྒྱལ་འབྲིང་ལན་ཏོན་གྱིས་བླངས་ནས་ཕྱག་ཏུ་ཕུལ་ནས།། རྗེས་སོར་གོར་མ་དཀར་པོ་དེ། དབྱི་ཚབ་ཀྱི་མཆད་པའི་རྨང་དུ་བརྩིགས་སོ། །”ཞེས་པ་ལྟར། འདི་གའི་མེས་པོ་གོང་མ་རྣམས་ཀྱང་བཙན་པོའི་བཀས་མངགས་དུས་ཕ་གཅིག་གི་བུ་སྤུན་ནང་བཞིན་མནའ་བཅད་ཡོད་པས། ཕྱིས་སུ་འདས་པོ་རྣམས་ཀྱི་མཆད་སྟེང་དུ་རང་གི་འགྱུར་མེད་ཀྱི་ལྷག་བསམ་མཚོན་པའི་རྡོ་དཀར་པོ་འཇོག་པའི་སྲོལ་དེ་རིམ་གྱིས་ཡུལ་སྲོལ་དུ་གྱུར་བ་ཡིན། དེ་མ་ཟད་ད་དུང་འདས་པོའི་མཆད་སྟེང་དུ་རྗེས་དྲན་གྱི་ཆེད་དུ་རུ་དར་ཆུང་ངུ་རེ་འཛུགས་སྲོལ་ཡོད་པར། ཕྱིས་སུ་རིམ་གྱིས་ཆོས་ཕྱོགས་སུ་བསྒྱུར་ནས་ལྷ་ཤིང་འབྲུ་ཤུག་གི་ཡལ་ག་དང་། ཀུན་རིག་གི་སྔགས་དང་ཀཾ་ཀ་ནི་སོགས་དཔར་ནས་འཛུགས་སྲོལ་ཡོད་པ་ཚང་མ་བོད་ཀྱི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཁོ་ན་ཡིན་ཞིང་། ལྷག་པར་དུ་གོང་དུ་གླེང་བའི་བེམ་པོ་པུར་སྒྲོམ་དུ་འཇོག་ཚུལ་དང་སྣམ་བུས་གཡོགས་ནས་ཁྱེར་ཚུལ་དེ་དེང་སང་བོད་ཡུལ་སྟོད་སྨད་བར་གསུམ་གང་དུའང་མཐོང་དཀོན་མོད། འདི་གའི་ལུགས་སྲོལ་ཆ་འདྲ་བ་ཏག་ཏག་སྟོད་ལ་དྭགས་ཡུལ་གྱི་གད་པ་གྲོང་ཚོའི་དངོས་བཤུས་གློག་བརྙན་ཞིག་གི་ནང་དུ་ཐོན་ཚུལ«རེབ་གོང་སྒོ་དམར་དོར་སྡེའི་ལོ་རྒྱུས»སུ་པར་དང་བཅས་པ་བཀོད་ཡོད་པས། རི་ཆུ་སྟོང་ཕྲག་གིས་ཆོད་པའི་སྟོད་ལ་དྭགས་དང་སྨད་ཨ་མདོ་རེབ་གོང་གི་ཡུལ་ལུང་འདི་གཉིས་ཀྱི་ལུགས་སྲོལ་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་ཡོད་པ་མཐོང་ཚེ་ཁྱེད་ཀྱི་ཡིད་ངོར་ཅི་ཞིག་འཆར་རམ།
དམངས་སྲོལ་དུས་ཆེན།
       དུས་རབས་བཅུ་གསུམ་པའི་དུས་མགོར་ཧོར་ཇིང་གིར་རྒྱལ་བོས་བོད་ཁམས་དབང་དུ་བསྡུས་ཤིང་། ལོ་དེར་སྟེས་དབང་གིས་རྒྱ་ནག་ཧོང་ལི་དང་ས་སྐྱའི་ལོ་ཐོ་ལྟར་གྱི་ཟླ་ཚེས་གཅིག་ཏུ་ཁེལ་བར་བརྟེན། བོད་ཟླ་དང་པོ་ལ་ཧོར་ཟླ་དང་པོར་བཏགས་ཤིང་། ཧོར་ཟླ་དང་པོའི་ཚེས་གཅིག་དེ་རྒྱལ་བོའི་ལོ་སར་དུ་གཏན་ཁེལ་བྱས། དེ་ནས་བཟུང་བོད་ཁྲི་སྐོར་བཅུ་གསུམ་དང་མདོ་སྟོད་སྨད་བར་གསུམ་གྱིས་རྒྱས་སྤྲོས་ཆེ་ཆུང་ཙམ་མ་གཏོགས་ལོ་སར་འདི་རོལ་བ་དང་། ལྷག་པར་དུ་མདོ་སྨད་ཀྱི་ས་ཆ་མང་ཤོས་ཀྱིས་རྒྱལ་བོ་ལོ་སར་འདི་མ་གཏོགས་ལོ་སར་གཞན་མི་རོལ་ལ། འདི་གས་ཀྱང་གཞན་བྱིངས་དང་འདྲ་བར་རྒྱལ་བོ་ལོ་སར་ལ་རྒྱ་ལོ་ལོ་སར་ཟེར་ཞིང་། ལོ་རྙིང་པའི་བོད་ལོ་གནམ་གང་གི་དགུ་ཐུག་ནས་ཚེས་གཅིག་གི་ནམ་ལངས་ཀྱི་དང་པོར་བསང་ཕུད་པ་དང་། ཕ་མ་གཉེན་ཉེ་དང་ལོ་ལོན་རྒན་རྒོན། དེ་ནས་ཁྱིམ་ཚང་རེ་རེར་ལོ་སར་སྐྱེལ་བ་སོགས་བོད་སྡེ་ཡོངས་དང་མཚུངས་ཤིང་། རེབ་གོང་སྨོན་ལམ་ཆེན་མོའི་ཐོག་མ་ཡང་ཚེས་ལྔ་ཉིན་ནས་བཅུའི་ཉིན་ཏེ་འདི་གའི་སྡེ་བ་གོང་ཞོལ་གཉིས་ནས་མགོ་ཚུགས་པ་ཡིན་ལ། དེ་ཡང་གོས་སྐུ་དང་བྱམས་པ་གླིང་སྐོར། འཆམ་བཅས་ཀྱིས་ཆོ་འཕྲུལ་དུས་ཆེན་རོལ་བ་དང་། ཚེས་བཅོ་ལྔ་ཉིན་རེབ་གོང་རོང་བོ་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཇུག་བསྒྲིལ་བ་དང་ལྷན་དུ་འདི་གས་ཀྱང་སྡེ་བའི་ངོས་ནས་ལོ་སར་བསྐོལ་ཏེ་གླུ་ལེན་གར་རྩེད་ཀྱིས་ལོ་གཅིག་གི་ལོ་སར་གྱི་མཇུག་བསྡུ་བ་ཡིན་ཞིང་། ལོ་སར་གྱི་མཇུག་རྫོགས་རྗེས་སྡེ་བའི་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཚང་མ་གཞུང་ཁང་དུ་འཚོགས་ཏེ་ཉིན་ལྔའི་རིང་ལ་ལོ་གསར་བའི་རིམ་གྲོ་སྒྲུབ་པ་ཡིན།
       ཧོར་ཟླ་གཉིས་པ་ཚེས་མ་ཐག་ཞིང་ལ་སེར་ལངས་པ་དང་ལྷན་དུ་རྩིས་གཞུང་ལྟར། གཟའ་སྐར་འཕྲོད་སྦྱོར་གྱི་ཉིན་ལ་སོན་འདེབས་ཀྱི་མགོ་རྩོམ་པ་དང་། དེ་ཡང་སྡེ་བའི་མི་ནོར་ཟས་གསུམ་རྩེར་སོན་པའི་ཁྱིམ་ཚང་ཞིག་གིས་ཐོང་ཁ་འབྱེད་དགོས་པར། ཐོག་མར་ཐོང་ཁ་འབྱེད་སའི་ཞིང་དཀྱིལ་ནས་ལྷ་བསང་གཏོང་བ་དང་། དེ་ནས་སྟག་ཤར་གཞོན་ནུ་ཞིག་གིས་ཐོང་སྐྱོར། སྨན་ཤར་བུ་མོ་ཞིག་གིས་སོན་གཏོར་ཏེ། ལོ་ལེགས་ཤིང་ཆར་ཆུ་དུས་སུ་འབབ་པའི་བཀྲ་ཤིས་སྨོན་འདུན་མཚོན་བྱེད་དུ་དཔྱིད་རྨོས་གཉའ་སྦྲེལ་གྱི་ཐོང་ཁ་ཐོག་མར་འབྱེད་པ་ཡིན་ལ། ཐོང་ཁ་དང་པོ་ཆར་ཆུ་དུས་སུ་འབབ་པའི་རྟེན་འབྲེལ་དང་ཐོང་ཁ་གཉིས་པ་འབངས་མི་བདེ་སྐྱིད་ལྡན་པའི་རྟེན་འབྲེལ། ཐོང་ཁ་གསུམ་པ་རྟ་ནོར་ལུག་གསུམ་འཕེལ་བའི་རྟེན་འབྲེལ། ཐོང་ཁ་བཞི་པ་འབྲུ་དྲུག་ལོ་ལེགས་ཡོང་བའི་རྟེན་འབྲེལ་ཞེས་བརྩི་སྲོལ་ཡོད་པ་མ་ཟད། སོན་གཏོར་བའི་སྐབས་སུའང“ལོ་ཤོག་ལོ་ཤོག སྟོད་རྒྱ་གར་ཡུལ་གྱི་ལོ་ཤོག སྨད་རྒྱ་ནག་ཡུལ་གྱི་ལོ་ཤོག ནས་དཀར་ལྕོང་དཀར་ལྟ་བུ་ཤོག ནས་ནག་ལྕོང་ནག་ལྟ་བུ་ཤོག སྲན་མ་བོའུ་རྡེའུ་ལྟ་བུ་ཤོག ཤོག་རེའི་ནང་ནས་སྒམ་རེ་ཤོག ཡུ་མོའི་ནང་ནས་བྲེ་རེ་ཤོག མཛོད་ལ་མི་ཤོང་ནི་ཞིག་ཤོག ཟོས་ནས་མི་ཚར་ཞིག་ཤོག”ཅེས་པ་ལྟ་བུའི་ཕ་མེས་ཡང་མེས་ནས་རྡོ་ལག་ཆིག་བརྒྱུད་ལྟ་བུའི་ལས་གླུའང་ད་ལྟ་ད་དུང་མ་ཉམས་པར་ཡོད་དོ། །
       ཧོར་ཟླ་བཞི་པར་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ཟེར་ཞིང་། ཟླ་འདིའི་ཚེས་བཅོ་ལྔ་ཉིན་ནི་ཤཱཀྱ་མུ་ནེ་ལྷུམས་སུ་ཞུགས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཡིན་པས། དགེ་སྡིག་ཅི་བྱས་ཕན་ཉེས་འབུམ་འགྱུར་ཡོད་པར་བཤད། དེར་བརྟེན་འདི་གས་རྒན་གཞོན་ཐམས་ཅད་ཀྱིས་ལྷ་ཁང་མཆོད་ཁང་དུ་མཆོད་པ་མཆོད་བཤམས་དང་སྨྱུང་གནས་སྲུང་བ། དཀར་ཟས་ལ་རོལ་བ། སློང་མོར་སྦྱིན་གཏོང་ལ་སོགས་པའི་དགེ་རྩ་སྒྲུབ་པའི་དུས་ཆེན་གཏོང་སྲོལ་ཡོད། བཤད་རྒྱུན་ལ། སྔོན་ཆད་དབུས་སུ་ནད་ཡམས་ཤིག་བྱུང་ནས་བཅོས་ཐབས་མེད་པར་གྱུར་བར། དེའི་ཆེད་དུ་རིམ་གྲོ་སྒྲུབ་བཞིན་པའི་དགེ་འདུན་པ་སྐོར་ཞིག་གི་ནང་ནས་གཅིག་གི་རྨི་ལམ་ནང་སང་ཉིན་ལྔ་བའི་ཚེས་ལྔ་ཉིན་རྫོང་རྒྱབ་ཀླུ་ཁང་གི་མཚོ་ཆུའི་ནང་དུ་སངས་རྒྱས་སྨན་བླས་སྨན་ཆུ་གཏོར་རྒྱུ་ཡིན་པས། དེར་ཁྲུས་བརྒྱབ་ན་ནད་ལས་གྲོལ་བར་འགྱུར་ཞེས་ལུང་བསྟན་བྱུང་། ཕྱི་ཉིན་གནས་ཚུལ་དེ་ཀུན་ལ་བསྒྲགས་པས་ནད་པ་ཐམས་ཅད་ཀྱིས་དེར་ཁྲུས་བྱས་པས་ནད་ཡམས་ལས་གྲོལ་བ་རེད་སྐད། རྒྱུ་མཚན་དེའི་དབང་གིས་ཧོར་ཟླ་ལྔ་བའི་ཚེས་ལྔ་ཉིན་ལ་སངས་རྒྱས་སྨན་བླས་རྩྭ་རྩི་ཤིང་དང་ཆུ་བོ་ཐམས་ཅད་ལ་བདུད་རྩི་སྨན་དུ་བྱིན་གྱིས་བརླབས་པའི་དུས་ཆེན་ཞིག་ཏུ་ངོས་འཛིན་པས། ཞོགས་པར་ནམ་ལངས་མ་ཐག་བྱིས་པ་རྣམས་རྐ་ཆུ་དང་དགུ་ཆུར་ཁྲུས་བྱས་ཏེ་ལུས་གཙང་མར་བྱེད་པ་དང་། ཞོགས་པའི་སོས་ཆུ་ཁྱིམ་དུ་ལེན་པ། སྡོང་བོའི་ཡལ་ག་དང་རི་སྐྱེས་མེ་ཏོག་སོགས་ཁྱེར་འོངས་ནས་རྒྱ་སྒོའི་ཀླད་དུ་གསེབ་པ། ཡུལ་མི་ཐམས་ཅད་ཀྱིས་ཀེའུ་ཚོད་ཟ་བ་མ་ཟད། ད་ལྟ་ཉིན་འགར་གླིང་ག་གཏོང་བའི་སྲོལ་ཡང་ཆགས་ཡོད།
       ཧོར་ཟླ་དྲུག་པའི་ཚེས་བཞི་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་རྡོ་རྗེ་གདན་དུ་མངོན་པར་རྫོགས་པའི་སངས་རྒྱས་ནས། ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་འབར་བ་སོགས་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལ། འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཉིན་ཡིན་པས། སྟོན་པའི་བཀའ་དྲིན་རྗེས་སུ་དྲན་ཆེད་འདི་གས་སྨྱུང་གནས་སྲུང་བ་དང་ཚ་གསུར་ཕུད་པ། ཡིག་དྲུག་གསང་མཐོར་འདོན་པ། མཆོད་པ་མཆོད་བཤམས་ལ་སོགས་པའི་དུས་ཆེན་རོལ་སྟངས་ཆགས་ཡོད། གཞན་ད་དུང་དྲུག་པའི་ཟླ་དཀྱིལ་དུ་ཆར་ཆུ་དུས་སུ་འབབ་པ་དང་ཐན་སེར་གྱི་གནོད་པ་མེད་པ། ཞིང་ལ་ལོ་ལེགས་སྨིན་པའི་ཆེད་དུ་རྒྱལ་བའི་གསུང་རབ་བཀའ་བསྟན་ཁུར་ནས་ཉིན་གསུམ་རིང་ལ་ཆོས་འཁུར་རྒྱག་པའི་གནའ་སྲོལ་ཡང་རྒྱུན་ཆགས་སུ་ཡོད་པ་དང་། དེར་མཐུད་ཚེས་ཉི་ཤུ་ནས་ཉེར་ལྔ་བར་འདི་གའི་དྲུག་པའི་ཀླུ་རོལ་ཡིན་ལ། ཁ་དཔེར“རྒྱ་ལོ་ཚེས་གཅིག་མ་གཏོགས་ཟས་མི་ཟ། །དྲུག་པའི་ཀླུ་རོལ་མ་གཏོགས་གོས་མི་གོན། །”ཟེར་བ་ལྟར། སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཐམས་ཅད་ཀྱིས་གོས་ཕྲུག་གི་གྱོན་ཆས་གྱོན་པ་དང་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་བཏགས་ཏེ། གཙོ་བོར་ད་རྒྱལ་སྤུན་གསུམ་གཙོས་པའི་ཡུལ་ལྷ་གཞི་བདག་རྣམས་ལ་ཡོད་པོས་བརྒྱ་འབུལ་སྟོང་འབུལ་དང་མེད་པོས་མེ་ཏོག་མཆོད་འབུལ་གྱི་དཔེ་ལྟར་བསང་གསུར་དང་ཇ་ཆང་། གླུ་གར་གྱི་མཆོད་པ་ཕུལ་ཏེ། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་ཆར་ཆུ་དུས་སུ་འབབ་པ། མི་ཡི་ན་ཚ་བཟློག་པ་དང་ཕྱུགས་ཀྱི་གོད་ཁ་སེལ་བ། ཕར་འགྲོའི་སྐྱེལ་མ་དང་ཚུར་འོང་གི་བསུ་མ་གནང་བར་འཕྲིན་བཅོལ་བྱེད་པ་དང་། ཀླུ་རོལ་གྱི་རྩེད་རིགས་ལ་རྣམ་གྲངས་བརྒྱད་ཅུ་གྱ་བརྒྱད་ཡོད་ཅིང་། དེ་ཡང་དར་རྒྱལ་གཡུ་མཚོའི་ཀླུ་ལ་མགོན་པོ་འོད་དཔག་མེད་དང་སྤྱན་རས་གཟིགས་རྣམ་གཉིས་ཀྱི་ཞལ་གཟུགས་སྣང་བའི་ལོ་རྒྱུས་ཤིག་སྟེ། ཀླུ་རོལ་རྩེ་སྐབས་སུ་ཞལ་འབག་དམར་པོ་ཅན་ཞིག་གྱོན་ནས་རྩེ་བ་དེ་འོད་དཔག་མེད་མཚོན་པ་དང་། ཞལ་འབག་དཀར་པོ་བཅུ་གཅིག་ཅན་ཞིག་ཡོད་པ་དེ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་མཚོན་བྱེད་ཡིན་ལ། སྟག་སེང་གཉིས་བཟུང་ནས་རྩེ་བ་ནི་ལྷ་ཀླུ་མི་གསུམ་མཐུན་སྒྲིལ་ཡོང་ན་སྟག་དང་སེང་གེ་ཡང་འཛིན་ཐུབ་ཅེས་པའི་རྟེན་འབྲེལ་མཚོན་པ་སྟེ། དོན་དུ་མཐུན་སྒྲིལ་ལ་འབད་པར་གདམས་པ་ཡིན་ཞེས«གཡས་འཁྱིལ་དུང་གི་སྒྲ་དབྱངས»སོགས་སུ་གསལ་བ་ལྟ་བུའི་བྱེ་བྲག་གི་རྣམ་གྲངས་ཧ་ཅང་མང་བས། འདི་གའི་ཀླུ་རོལ་གྱི་བྱུང་བ་དང་གཞི་བདག  ཆོ་ག་སོགས་ཞིབ་པར་མཁྱེན་འདོད་ན་གུས་པོས་གཞན་དུ་བྲིས་ཡོད་པས་དེར་གཟིགས་པར་འཚལ།
       སྟོན་པ་ཤཱཀྱ་ཐུབ་པས་ཁོང་གི་ཡུམ་ལྷ་མཛེས་མ་ལྷ་ཡུལ་དུ་འཁྲུངས་ཡོད་པར་གཟིགས་ཏེ། ཡུམ་དང་ལྷ་རྣམས་ལ་ཆོས་གསུང་ཕྱིར་ལྷ་ཡུལ་དུ་གཤེགས་ཤིང་། བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་སྟོན་པ་ཕྱིར་འཛམ་བུ་གླིང་དུ་ཕེབས་པ་ལ“ལྷ་བབས་དུས་ཆེན”ནམ་དགུ་པའི་ཉེར་གཉིས་ཟེར་ཞིང་། འདི་གས་ཉིན་འདིར་ཡང་སྨྱུང་གནས་སྲུང་བ་དང་སློང་མོར་སྦྱིན་གཏོང་། ཚ་གསུར་ཕུད་པ། ཡིག་དྲུག་གསང་མཐོར་འདོན་པ་ལ་སོགས་པའི་ཚོགས་གསོག་དགེ་སྒྲུབ་ཀྱི་དུས་ཆེན་ཞིག་ཏུ་བགྲང་བ་ཡིན།
       ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ནི་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་ཀྱི་དུས་མཆོད་ཉིན་མོ་ཡིན་པས། རྒྱ་བོད་སོག་གསུམ་གྱི་དད་ལྡན་སེར་སྐྱ་ཡོངས་དང་འདྲ་བར་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་བཤམས་ཏེ། ཚེ་རབས་ཀུན་ཏུ་རྗེ་བླ་མ་བློ་བཟང་གྲགས་པའི་དཔལ་གྱིས་རྗེས་སུ་འཛིན་པར་དམིགས་བརྩེ་མ་འདོན་པ་དང་སྨྱུང་གནས་སྲུང་བ། སྡེ་བའི་དགོན་པ་དང་ཁྱིམ་གྱི་མཆོད་ཁང་གང་དུའང་གླིང་མེའི་མཆོད་པ་རྒྱ་ཆེན་འབུལ་བའོ། །གཞན་ཡང་བྱིས་པ་བཙས་སྟོན་དང་ལོ་ལོན་གྱ་སྟོན། བུ་མོའི་སྐྲ་ཕབ། ཟ་འཐུང་གཡོས་སྦྱོར། འགྲོ་འཆག་ཉལ་འདུག ཆས་གོས་རྒྱན་ཆ། གསོན་དགེ་ཤི་ཆོས། ཆོས་སྤྱོད་དགེ་ལས། འཛེམ་དགག་སྤང་གསུམ་སོགས་ཕྱི་ལུས་ཀྱི་སྤྱོད་ལམ་ནས་ནང་བསམ་པའི་འཁྱེར་སོ། བར་ངག་གི་རིག་བྱེད་མཐའ་དག་བོད་ཀྱི་ལུགས་སྲོལ་ཁོ་ན་ཡིན་པས་བརྗོད་ཀྱིས་མི་ལང་ལ། འདིར་ངེས་པར་དུ་གསལ་བཤད་ཞུ་དགོས་པ་ཞིག་ནི། འདི་གའི་སྐྱེས་པ་རྣམས་ཀྱི་ཆས་གོས་ཆ་ལུགས་ནི་རྩོད་མེད་ཡོངས་གྲགས་ཀྱི་བོད་རང་གི་སྐྱེས་པའི་ཆ་བྱད་ཡིན་པར་དོགས་པ་ཅི་ཡང་མེད་ཅིང་། རང་གི་མ་ཤེས་མ་མཐོང་བ་རྒྱུ་མཚན་དུ་བྱས་ཏེ་འདི་གས་ཕ་ལྭར་འབོད་པའི་སྐྱེས་མའི་བོད་ལྭ་ལ་འདབ་གཤག་ཅེས་དམའ་འབེབས་དང་། སྔོན་དུས་བུད་མེད་ཚོས་དོར་མ་དམར་པོ་གྱོན་པ་ལ་མཚར་བར་བཟུང་སྟེ་གཞན་དུ་གཅོད་པའང་ཡོད་མོད། དོན་དུ་ལྷ་སའི་ཨ་ཕྱི་ལྷ་མོའི་ཟློས་གར་འཁྲབ་པ་ལ་དོར་མ་དམར་པོ་གྱོན་པ་དང་། དེ་མིན་དོར་མ་དམར་པོ་གྱོན་པ་ནི་མཁའ་འགྲོ་མ་འཁྲུངས་པའི་རྟགས་སུ་བཤད་ཚུལ་ཡོད་པ་ལྟར། «ཆོས་འབྱུང་ས་ཡི་ལྷ་མོ»ཞེས་པར། “བདེ་མཆོག་དང་མཁའ་སྤྱོད་མའི་ཞིང་དུ་གྲགས་པའི་སྡེ་འདི་ནས་རང་བཞིན་གྱིས་མཁའ་འགྲོ་མ་མང་བོ་རྒྱུན་མར་བྱོན……”ཞེས་གསུང་བ་ཡང་ཆོས་འབྱུང་བྱེད་པོས་གྱ་ཚོམ་དུ་སྨྲས་པ་མིན་ཞིང་། འདི་གའི་སྔ་རབས་པས་རྒྱུ་མཚན་ཅི་ཡང་མེད་པར་དེང་གི་དར་རྒྱུག་ལྟར་གང་འདོད་འདོད་ཀྱིས་དོར་མ་དམར་པོ་གྱོན་པ་མིན་པའང་ཤེས་ཐུབ། དེ་བཞིན་དུ་འདི་གའི་བུད་མེད་ཀྱི་ཆས་གོས་ཀྱང་སྐུ་འབུམ་ཚོ་དྲུག་དང་ཅོ་ནེ། ལྷ་སའི་ཀོང་པོ་དང་དྭགས་པོ། ཨེར་པ་སོགས་དང་ཆ་འདྲ་ཞིང་། མི་རིགས་གཞན་ཞིག་གི་ཆ་བྱད་མིན་པར“རང་རེའི་བོད་རིགས་ཀྱི་ལྭ་བ་རིགས་གཉིས་ཀྱི་ནང་ཚན་ཞིག་རེད།”ཅེས་ལྔ་རིག་སྨྲ་བའི་དབང་བོ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་གསལ་ཐག་ཆོད་པོས་གསུང་བ་འདི་ལས་གུས་པོས་ད་དུང་ཅི་ཞིག་བཤད་ཨང་།
       མདོར་ན་ཁ་ཤས་ཀྱིས་འདི་ག་ཕུང་གསུམ་པར་བགྲང་བ་ཙམ་གྱིས་གཞར་ཡང་ཕུང་གསུམ་པར་འགྱུར་དགོས་དོན་མེད་ནའང་། རང་ངོ་རང་གིས་མི་ཟིན་པའི་སྐྱོ་གར་འདི་ལ་ཇི་འདྲའི་ཡི་རེ་མུག་ཨང་། གཞི་ནས་ཉུང་ཤོས་དེས་ནམ་རྒྱུན་ཆེ་ས་ནས་ཡུལ་ཁོངས་སྟོད་སྨད་དང་ཆོས་ལུགས་གྲུབ་མཐའ། སྐད་རིགས་ཐ་སྙད་སོགས་ཀྱིས་རིས་གཅོད་འཐེན་འཁྱེར་བྱེད་པ་དང་། ཆུང་ས་ནས་རོང་འབྲོག་འཇམ་གསུམ་དང་ལ་མགོ་ལ་རྟིང་། ཆུ་བོའི་མགོ་རྔ་ལ་སོགས་རྩོད་པའི་ཆགས་སྡང་གཞན་གཅོད་ཀྱི་མདའ་ཁ་དེ་རང་རེའི་ནང་ཁུལ་ཁོ་ནར་བསྐོར་བར་དཔའ་བའི་གཅོང་ནད་ཅིག་གིས་ཀུན་ནས་གཟིར་ཡོད་པ་རང་རྒྱུས་རང་ལ་མི་གསལ་ལམ། དེ་དག་གི་དམིགས་པ་མཐར་ཐུག་ཅི་ཡིན་ལ་ཚོད་ཀྱིས་མི་ཐིག་མོད། དེང་འདིར་རང་རེའི་སྣང་ཡུལ་གང་ལ་བལྟས་ཀྱང“དགྲས་ཐུབ་པའི་སྟེང་གཉེན་གྱིས་རྐང་བཅགས་དང་། ཇག་པས་མ་ཆོག་རོགས་པས་ཀྱང་ཐུབ་ཚོད”ཀྱི་ཚོད་ཅིག་ཡེ་ནས་མ་རེད་ཨང་།
འབྲེལ་ཡོད་འོས་སྦྱོར།