logo

༄༅། །གཙང་གཡུ་རྔོག་གི་དཔོན་རབས་རིམ་བྱོན་གྱི་བྱུང་བ་མདོར་བསྡུས།

རྩོམ་པ་པོ།:མཚོ་ལྷོ་ལྗང་མྱུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-11 ཀློག་གྲངས།:
གཙང་གཡུ་རྔོག་གི་དཔོན་རབས་རིམ་བྱོན་གྱི་བྱུང་བ་མདོར་བསྡུས་སུ་སྨྲས་པ་སྨྲ་སེང་བཞད་པའི་སྒྲ་དབྱངས།
མཚོ་ལྷོ་ལྗང་མྱུག
 
༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག
མི་ཁྲག་རྟ་ཁྲག་རླབས་ཀྱིས་སྐྱོམ་པའི་དབུས། །
རབ་འཇིགས་དམར་ནག་ཞལ་ཁྱིམ་ཁྲོས་པ་ཆེ། །
དགྲ་སྙིང་གསོལ་ལ་ཟངས་གྲི་གདེང་བ་ཡི། །
གནོད་སྦྱིན་དམར་པོ་ལྕམ་སྲིང་གཙུག་གིས་མཆོད། །
འདས་དོན་འོད་ཚོད་སྨྲ་བའི་སྤོབས་པ་དང་། །
འབྱུང་འགྱུར་ལུང་དུ་སྟོན་པའི་ངོ་ཕོད་གཉིས། །
ཅི་ཡང་མེད་པའི་ཉམ་ཆུང་ཁོ་བོ་ཡིས། །
དཔྱད་གསུམ་བློ་གྲོས་སོར་མོས་འདི་འབྲིའོ། །

མདོ་སྨད་ཟི་ན་ལུང་བའི་གཡས་གཡོན་ལ། །
ཆུ་ཡོས་དུས་འཁྲུག་གཡུལ་འགྱེད་རྒོད་པའི་ཚེ། །
རོང་ཡུལ་རྡོ་རྗེ་ལྟ་བུའི་ལུང་པ་ནས། །
ལྷོ་ནུབ་རྒྱང་འབྲོག་སྙེག་པའི་མེས་པོ་ཚོའི། །
དཔྱོད་པའི་བློ་མིག་ཤིན་ཏུ་ཡངས་པ་སྟེ། །
གཅན་ཚ་དཔའ་ལུང་བ་རྣམས་བྲོས་བཤོལ་གྱིས། །
མགོ་ལོག་ཨ་རུ་ལུང་པ་སོགས་སུ་ཐོན། །
དེས་ན་སུམ་བརྒྱའི་བགྲེས་པོ་མགོ་དཀར་ཞིག །
ཤམ་བྷ་ལ་སོགས་ཉུལ་ཡང་མི་རྙེད་ན། །
འདས་པའི་དུས་ཀྱི་མེས་པོའི་བཤུལ་ལམ་ལ། །
དཔྱད་པའི་རྨང་ལ་བྱུང་བའི་གནད་འདི་སྨན། །
རིམ་པར་མཐའ་སྨུག་ལུང་དབྱིབས་བྱང་ལྟ་དང་། །
ལ་ཁའི་ཚུར་རོལ་ཟངས་ཁ་ནས་བརྒྱུད་དེ། །
བྲག་དཀར་སྤུན་གསུམ་རྐ་འབའི་ཧྭ་མོ་སོགས། །
རུ་བའི་ཆོན་ཕུར་བརྡབས་པ་གྲངས་མེད་ལ། །
གོ་འདབས་ཐལ་བ་སྦུགས་པ་གཏོས་ཆེ་བས། །
ཕ་ཡུལ་གོར་མོ་ནར་མོར་འབྲི་དགོས་ཚེ། །
ཕ་ས་དེ་དག་ཕ་མའི་ཡང་མེས་ལ། །
འདང་ཆེ་དྲིན་ཆེ་ཅིས་ཀྱང་བྲི་དགོས་པས། །
ངས་ནི་མི་བརྗེད་དཔྱོད་ལྡན་ཕྱི་རབས་པས། །
མ་བརྗེད་མ་བརྗེད་ཡིད་ལ་ཆོངས་ཤིག་ཞུ། །

དུས་དེར་ལྗོངས་འདི་སོག་ཝང་ཆབ་འོག་སྟེ། །
འགྲུལ་བའི་བྱེའུ་ཁྱུ་འཕུར་ལམ་དོག་ན་ཡང་། །
ཆིན་དབང་བློ་བཟང་བསྟན་འཛིན་གཡུལ་ཉེས་ཤིང་། །
བོད་སྐྱོར་སོག་གནོད་གོང་མའི་སྲིད་ཇུས་དེ། །
གོ་རའི་བྲོ་རར་སླེབས་པའི་གྲོགས་སུ་ཤར། །
འ་ཅག་རྣམས་ལ་རྟེན་འབྲེལ་ལྟོས་དབང་འགྲིག །
དེ་མིན་སོག་དམག་གོ་མཚོན་བཙན་ཉིན་ལ། །
དོ་རྡོ་འུ་ཚོས་དཔའ་ཡ་ག་ལ་ལོན། །
ར་ལུག་འབྲི་གཡག་ཆ་བོ་ཕུལ་བྱས་ཏེ། །
སྲོག་ཐར་བྱུང་ཡང་དགུ་ཆུའི་སྨད་བར་དུ། །
རྟ་ལྕག་དགུ་བརྒྱ་དགུ་བཅུ་གཞུས་ཡོད་ངེས། །

དཔོན་གྱི་དང་པོ་ཨ་མྱེས་སྐྱ་རྒན་གྱིས། །
སོག་ཝང་དང་པོར་རུ་སྡེའི་ས་ཁྲལ་ལ། །
དེ་གའི་ལག་ག་སྤྲད་པའི་གྲོས་བྱུང་སྟེ། །
མདའ་དང་སོག་འབངས་གྲལ་དུ་མ་ཚུད་པའི། །
དུད་པ་སོ་སོ་ཡོང་ན་སོ་སོ་ཡི། །
ས་མཐའི་རང་ཚུགས་འདི་ལ་ཡི་རངས་ཆེ། །
ཆོས་ཀྱི་སྡེ་ཆེན་དོན་གྲུབ་རབ་བརྟན་གླིང་། །
དང་བོར་ལྷས་སྔོན་ས་ལ་འདེབས་པའི་ཚེ། །
ཕྱར་བ་གྲུ་འདེགས་མི་དཔོན་འདིས་ཀྱང་བྱས། །
གོང་མ་སོག་སེར་གཤེད་དུ་ཁྲོས་པའི་ཞལ། །
ཅུང་ཟད་དྭངས་པའི་གླགས་དང་བསྟུན་བྱས་ནས། །
འབལ་གྱི་སྟག་རྒན་ཞུ་བའི་བུ་རྒོད་དེ། །
རྐ་འབའི་ཧྭ་མོ་སྲུང་བའི་ལས་ལ་བསྐུལ། །
འུ་ཚོའི་རུ་བའི་མཆེད་མཚམས་རེ་ཞིག་ཆད། །
རྒན་པའི་སྒྲོས་ལ་བྱང་བའི་སྐད་ཆ་ལ། །
འབལ་གྱི་སྟག་རྒན་ཤི་བའི་དུས་དེ་ནས། །
རྐ་འབའི་ཧྭ་མོ་ཕྱེས་སོང་ཟེར་བ་ཐོས། །
དེ་ནི་གཅིག་སྟོང་བརྒྱད་བརྒྱ་བཅུ་ལ་འདས། །
འ་ཅག་རུ་བའི་ཕྱི་མ་དེའི་རྗེས་ཀྱང་། །
རིམ་པར་མཆེད་ཚུལ་རིག་པས་དཔྱད་ན་ཤེས། །

དཔོན་རབས་གཉིས་པ་གཡུ་རྔོག་བསོ་ལོ་ཡིས། །
ཡབ་ཀྱི་འཁྲི་བ་ཕྲག་ཏུ་ཁུར་བྱས་ཏེ། །
སོག་སེར་རྗེ་ལ་མཐུན་ལམ་དམ་དུ་བཏང་། །
འཁོས་ཆུང་རུ་སྡེའི་རྐང་ལ་བརྟན་པོར་བཙུགས། །
གསུམ་པ་དེའི་བུ་སྐལ་བཟང་ཁྲ་མོས་བྱས། །
མཐའ་དང་བཙན་སྡེའི་དཔུང་ལ་མ་འགལ་ཞིང་། །
དམ་མཁྲེགས་རུ་སྡེའི་ནང་རྫོང་མ་ཉམས་པར། །
ལྗོན་ཤིང་སྐྱོང་ལ་ཆུ་ལུད་གསོས་འདེབས་ལྟར། །
གཡུ་རྔོག་པ་ཡི་མི་ཕྱུགས་གཉིས་ཀ་ནི། །
ཡར་ཟླའི་དཔལ་ལ་འགྲན་པ་ལྟར་བྱུང་ཞིང་། །
དཔོན་འདིའི་སྦྲ་ཁ་ཚ་རྒྱུད་ཕྱི་མ་ལ། །
ཆ་མོ་ཚོ་བ་ཞེས་པ་འདི་གྲགས་སོ། །

དཔོན་རབས་བཞི་ལ་གཡུ་རྔོག་སེང་ཆེན་ནི། །
དབུལ་བོའི་མ་ཁྱིམ་ཞིག་ཏུ་སྐྱེས་ཤིང་འཚར། །
རྨི་ལམ་ངོགས་སུ་གཉན་ཆེན་རྟ་ནག་ཕེབས། །
ནས་སྒྲོ་གང་དེའི་ཕྱེད་ཀ་བསང་ཕུལ་དང་། །
ངས་ནི་ཁྱེད་ལ་རྟ་ཞིག་སྟེར་ཞེས་པའི། །
ངོ་མཚར་གཏམ་རྒྱུད་ཐུང་ངུ་ཐོས་མོད་ཀྱི། །
ཨ་མའི་རྣ་རྒྱན་ཨ་ཕར་འདོགས་པ་དང་། །
ཕུ་བོའི་མེ་མདའ་ཨ་ཅེར་མཛའ་ཟེར་བཞིན། །
བླུན་པོས་རང་རང་འཁོར་ལ་སྦྱོར་བྱེད་པས། །
དོན་མེད་འཁོན་སེམས་སློང་བའི་དགོས་པ་མེད། །
རང་རང་ལྕེ་ཡིས་སྒྲུང་རིང་རེ་རེ་ཤོད། །
ར་མ་ཡ་ཎའི་རིང་རེའང་འབྱུང་ལ་འཐད། །

དཔོན་རབས་ལྔ་བ་ཁྲ་མོའི་བླ་མ་ནི། །
གཡུ་རྔོག་སེང་ཆེན་ཁོང་དང་དུས་མཉམ་མོད། །
སྐུ་ན་བཞི་བཅུའི་བར་དུ་གྲྭ་སར་བསྡད། །
བ་ཡོལ་སྐྱེ་སྤྲུལ་མཁས་པའི་འཛིན་གྲྭ་བྱས། །
ཆོས་ཀྱི་གཙུག་ལག་རྣམས་ལ་ཐོས་པ་ཆེ། །
ཆོས་གྲྭའི་རྩོད་པའི་སྐབས་སུ་ཆོས་གྲོགས་འགས། །
མི་དཔོན་ཞིག་ལ་བཙུན་པ་བྱེད་ཁོམ་མེད། །
ཅེས་པའི་སྐུ་རྩེད་གནང་བ་ཡང་ཡང་ཐོས། །
ཕལ་ཆེར་གྲོང་སྔགས་ཚུལ་དུ་འཚོ་བྱས་ཤིང་། །
ཁོང་ནི་གཡུ་རྔོག་དཔོན་རབས་རིམ་བྱུང་ལས། །
ཐོས་པའི་སྐལ་བཟང་ཐོབ་པ་གཅིག་པུ་ལགས། །

དཔོན་རབས་དྲུག་པ་ཁྲ་མོའི་ཨ་ད་སྟེ། །
ཡབ་བཞིན་གྲོང་སྔགས་ཚུལ་དུ་སྔགས་གྲལ་ཞུགས། །
རུ་སྡེའི་བྱ་བཞག་སྔར་བཞིན་ལེགས་བསྐྱངས་ཤིང་། །
དགྲ་རྒོལ་འཚེ་བའི་ཐན་སྣ་མ་བྱུང་ལ། །
ནང་བཤིགས་ཕུང་འདྲའི་ཟ་ཁ་མ་དར་བར། །
སྡེ་འདིའི་ཆོས་སྲིད་ཆུ་གཏེར་བཞིན་དུ་རྒྱས། །
སྨྲ་བའི་རྩལ་ཀུན་རྫོགས་པའི་མཁས་པ་འགས། །
གཅིག་སྟོང་བརྒྱད་བརྒྱ་དྲུག་ཅུ་རེ་གཉིས་ལོར། །
མི་རྗེ་སོག་ཝང་བཀྲ་ཤིས་ཆོས་རྒྱལ་གྱིས། །
ཆ་མོའི་ཨ་ད་སྦྲ་རྒན་ཤུགས་ཐེས་སོགས། །
རྩེ་རྒྱལ་འདུས་རིའི་སྒང་ལ་འདུས་བྱས་ཏེ། །
རྡོ་རྗེ་བཀའ་ལུང་ཟླུམ་ཐིག་ཕབ་པར་གསུང་། །
འོན་ཏེ་ཝང་འདི་དུས་དེར་བྱིས་པ་སྟེ། །
རང་ལོ་བཅུ་གཅིག་ཙམ་ལས་མི་ཆེ་ན། །
མཁས་པ་རྩང་པའི་སྐྱོན་དུ་འགྱུར་སྙམ་མོད། །
རང་གི་འདོད་པ་རང་ལ་འཐིམས་པར་བྱ། །

དཔོན་རབས་བདུན་པ་ཁྲ་མོའི་རྒྱ་བྷ་ནི། །
མཁས་ཤིང་དཀྱེལ་བོ་ཆེ་བའི་དཔོན་ཞིག་སྟེ། །
སྐྱེ་སྤྲུལ་བཙན་པོ་མ་དང་མཉམ་གཅིག་ཏུ། །
ལྗོངས་འདིའི་བསྟན་སྲིད་གཡོ་བའི་རླུང་འཚུབ་ཁྲོད། །
བླ་དཔོན་གཉིས་ལ་བསླུ་བའི་ཐོབ་རེ་བྱིན། །
མཱ་དམག་སྲིན་པོའི་བསླུ་བྲིད་མཉམ་དུ་ཐེབས། །
དམར་ནག་ཁྲག་གི་ཡུར་ཆུ་མཉམ་དུ་བཞུར། །
ཐེག་དཀའ་བཙན་ཁྲལ་རྔུལ་ཆུ་མཉམ་དུ་འཐོར། །
འགྱེལ་བའི་ཞོར་ལ་རྒྱལ་བའི་བློ་རེ་རྙེད། །
གཅེས་པའི་མགོ་བོ་བཤན་གྲིས་གཏུབ་ལ་ཁད། །
འདྲིས་པའི་རུ་སྡེ་ཤུལ་མེད་སྟོངས་ལ་ཁད། །
མི་དཔོན་འདི་ཡི་དཀའ་བ་བཤད་རེ་དཀའ། །
མི་རྗེ་འདི་ཡི་དྲིན་ལན་གཞལ་རེ་དཀའ། །
དེ་ལྟར་རུ་སྡེའི་ཟླ་བ་གཟས་ཟོས་ཏེ། །
ཚེས་གསུམ་ཚེས་རི་ཙམ་ཞིག་མ་ནུབ་པ། །
མི་དཔོན་ཐབས་ཤེས་ཅན་འདིའི་བཀའ་དྲིན་ལགས། །
སྐྱབས་མགོན་དྲག་རྩལ་ཅན་དེས་ཐུགས་སྟོབས་ལགས། །
དཔའ་ཆེན་ལ་རྒྱ་ཅན་ཚོའི་རིན་དོད་ལགས། །

དཔོན་རབས་བརྒྱད་པ་བསོད་ནམས་ཚེ་རིང་མཆོག །
སྲིད་ཁྲིར་གསོལ་ནས་རིང་བོ་མ་ལོན་པར། །
རིག་གསར་དུས་ཀྱི་ལྷགས་རླུང་ཤུགས་ཀྱིས་ལྡང་། །
ལཱ་ཁ་སྐྱབས་མཆོག་ཟངས་ངའི་དགེ་དར་སོགས། །
བླ་དཔོན་བཞི་ནི་ཆབ་ཆར་འབོད་འགུགས་བྱས། །
རུ་སྡེའི་མདའ་གྲི་མདུང་གསུམ་ཐབས་ཀྱིས་བླངས། །
བླ་དཔོན་ཉི་ནུབ་བཙོན་གྱི་ནུབ་རིར་ཡལ། །
ཤུལ་ལུས་རུ་སྡེར་སྡུག་གི་སྨག་ཆེན་འཐིབས། །
གཙང་དབོན་མགོ་མགོ་གཡུ་རྔོག་སྐོར་རྒྱལ་དང་། །
ཨ་ཁུ་ཙ་ཙེས་ཐུབ་བསྟན་སེར་རྒོད་སོགས། །
བླ་གྲྭ་མི་ཆེན་བཤའ་ལུག་འཛིན་འཛིན་བྱས། །
བདག་མེད་ཕོ་མོ་ནང་འདྲེའི་སྡེར་མོས་བཅུམས། །
བསྟན་སྲིད་ཉི་ཟླའི་སླད་དུ་གཅེས་པའི་སྲོག །
དང་བོར་ཕུལ་བའི་མི་དཔོན་འདི་ཡི་དྲིན། །
ཕྱི་རབས་བློ་ལྡན་ཚོགས་ཀྱིས་ཡང་ཡང་འཇལ། །

དཔོན་རབས་དགུ་བ་ཁྲ་མོའི་གནམ་ལྷ་ནི། །
ཡང་དར་བསྟན་པའི་སྐྱ་རེངས་དང་བོའི་སྐབས། །
གཙང་གི་དབོན་པོ་ཟངས་ངའི་བློ་བསམ་གཙོའི། །
གཡུ་རྔོག་བསོད་ནམས་མཁས་ལོ་བློ་འཕྲིན་སོགས། །
སྡེ་འདིའི་མཛངས་མི་རྒན་པ་བཅུ་གསུམ་དང་། །
མཉམ་དུ་སྐྱབས་མགོན་ཐོ་རངས་སྐར་ཆེན་སྲུང་། །
དགེ་འདུན་གཙུག་ལག་རྟེན་བཞེངས་ལ་སོགས་པར། །
རུ་སྡེའི་སྦྱིན་པའི་བདག་པོའི་ཁུར་བླངས་ཤིང་། །
ནང་གི་མི་མཐུན་ཕྲ་རག་ཐབས་ཀྱིས་འདུམ། །
ལྗོངས་འདིའི་བསྟན་སྲིད་ཟུང་ལ་འབད་པ་བརྒྱས། །
བརྩོན་ཞིང་དགུང་གྲངས་བརྒྱད་ཅུར་འཚོ་བཞུགས་པའི། །
སྐལ་བཟང་འདི་ཀོ་གཞོན་རབས་དཔལ་དུ་ཆེ། །

དཔོན་རབས་བཅུ་བ་པེ་ཅ་ཞེས་པ་ཁོང་། །
ཡབ་ཆེན་བསོད་ནམས་ཚེ་རིང་བཙོན་དུ་གཤེགས། །
མ་བུ་གསུམ་ག་གྲལ་རིམ་དགྲ་བོར་བརྩིས། །
བདོག་པོའི་རྒྱུ་ནོར་ཡོད་ཚད་བཙན་གྱིས་འཕྲོགས། །
རང་ལོ་བཅུ་གསུམ་ཙམ་ལ་བརྩེ་ཆེན་མ། །
ཡུལ་མི་གསར་བརྗེ་བ་ཚོའི་གདུག་རྩུབ་ཀྱིས། །
སྡུག་ལས་གཅར་རྡུང་སྣ་དགུ་མ་བཟོད་པར། །
ཨབ་རན་ཞེས་པའི་ས་ནས་གཡང་ལ་ལྕེབས། །
སྤུན་མཆེད་གཉིས་ཀར་སྤྱང་ཕྲུག་གཉིས་ཀ་ཞེས། །
སྡང་མིག་སྡིག་དམོད་ཁྲོད་ནས་འཚར་ལོངས་བྱུང་། །
ད་ལྟ་ཡབ་ཀྱི་དཔོན་ཁྲིར་མངའ་གསོལ་བཞིན། །
ལྗོངས་འདིའི་ལེགས་ཚོགས་སླད་དུ་ཅི་ནུས་ཀྱིས། །
འཚོ་བཞེས་རྡོ་རྗེ་ཁམས་ལྟར་བརྟན་པར་ཤོག །

མཎྜལ་གོས་ཆེན་སོགས་ཀྱིས་མ་བསྐུལ་ལ། །
ཨ་རག་མྱོས་བྱེད་བཙན་པོས་མ་བསླུས་པར། །
ལྟེ་ཁྲག་དམར་པོ་འཐོར་སའི་ཕ་ས་འདིའི། །
བྱུང་རིམ་རག་འབྲིའི་ལག་ཚོད་ངས་མ་ཐིག །
འོག་གི་གསེར་ཁྲི་འཆོར་བའི་དོགས་པ་མེད། །
རྒྱབ་ཀྱི་སྦྱིན་བདག་འབྲོ་བའི་སེར་སྣ་མེད། །
ཆེན་པོས་སྡང་མིག་ལྟ་བའི་ཞེད་སྣང་མེད། །
མེད་པ་འདི་གསུམ་བདེན་པ་སྨྲ་བའི་རྒྱུ། །
སྤྱི་ལོ༢༠༢༥ལོའི་སྤྱི་ཟླ༦པའི་ཚེས༤ཉིན་མི་ལོ་ཁ་ཤས་ཡུན་གཙང་གཡུ་རྔོག་གི་ལོ་རྒྱུས་ཐ་ཐོར་མིག་ལ་ཐོགས་ཚད་ལ་དྲང་པོའི་ལུགས་སུ་བསམ་ཁུལ་བྱས་ཤིང་། ཡིད་ངོར་དཔོན་རབས་དང་དཔོན་རབས་དེ་དག་གི་དོན་ཆེན་གནད་བསྡུས་རེ་འཛིན་ཁུལ་བྱས་པ་གཞིར་བཟུང་སྟེ། མཚོ་ལྷོ་ལྗང་མྱུག་གམ་མཚོ་བྱུང་སྙེམས་པའི་བློ་ལྡན་དུ་འབོད་པས་ཡུལ་ལྷ་ཤྭ་ཝ་རི་བའི་ལྷ་ཞོལ་དུ་ཆུ་ཚོད་གཉིས་མ་ལོངས་ཙམ་གྱི་ཡུན་ལ་ཤར་མར་བྲིས་སོ། །
འབྲེལ་ཡོད་འོས་སྦྱོར།