logo

བྱང་ཉི་མ་བླ་བྲང་ཞེས་པའི་“བྱང་”གི་རིག་གནས་བརྡ་དོན་ལ་དཔྱད་པ།

རྩོམ་པ་པོ།:ཉང་འཇམ་དཔལ་རྡོ་རྗེ། ཡོང་ཁུངས།:«མཚོ་སྔོན་སྤྱི་ཚོགས་ཚན་རིག» དུས་ཚོད།:2026-07-03 ཀློག་གྲངས།:
ནང་དོན་གནད་བསྡུས། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ལ་བྱང་བླ་བྲང་ཞེས་འབོད་སྐབས་ཀྱི་“བྱང་”གིས་ནི་སྤྱིར་བཏང་གི་ཕྱོགས་མཚམས་ཙམ་སྟོན་པ་མིན་པར། རིག་གནས་ཀྱི་བརྡ་དོན་ཁྱད་པར་བ་སྟེ། “ནང་པའི་བསྟན་པ་བྱང་ནས་བྱང་དུ་དར་བར་འགྱུར་”ཞེས་པའི་ལུང་བསྟན་གྱི་དགོངས་པ་མཚོན་ཡོད། རྩོམ་འདིར་ལུང་ཚིག་གང་དེའི་ཐོག་མའི་དགོངས་དོན་འགྲེལ་ལུགས་དང་། བར་གྱི་ངོས་ལེན་བྱུང་ཚུལ། མཐའ་མའི་ལོ་རྒྱུས་ཤུགས་རྐྱེན་བཅས་དབྱེ་སྒོ་གསུམ་གྱི་ལམ་ནས་“བྱང་བླ་བྲང་”ཞེས་པའི་མིང་འདིའི་ཕུགས་ཀྱི་རིག་གནས་བརྡ་དོན་དང་དངོས་ཡོད་དོན་སྙིང་གསེད་བཀྲོལ་བྱས་ཡོད།
གནད་ཚིག བྱང་ཉི་མ་བླ་བྲང་། བྱང་གཉིས་པ། རིག་གནས་བརྡ་དོན། ལུང་བསྟན།

       ཡུལ་མདོ་སྨད་ཀྱི་དགོན་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ལ་“རི་བོ་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་”དང་། “མདོ་སྨད་བསྟན་པའི་འབྱུང་གནས།” “བྱང་ཉི་མ་བླ་བྲང་”ལ་སོགས་པའི་མཚན་གྱིས་བསྔགས་པར་བྱ་བ་ལ། བརྗོད་སྟངས་སྔ་མ་གཉིས་ཀའི་དོན་གྱི་ཆེ་བ་གོ་སླ་མོད། འོན་ཀྱང་བླ་བྲང་གི་མཚན་འགོར་“བྱང་”སྦྱར་ཏེ་བྱང་བླ་བྲང་དང་བྱང་ཉི་མ་བླ་བྲང་ལ་སོགས་སུ་འབོད་པ་ལ་དཔྱད་ཞིབ་ཀྱི་རིན་ཐང་ཆེ་བར་སྙམ་སྟེ། འདིར་རིག་གནས་ལོ་རྒྱུས་གསར་མའི(New Cultural History)གཞུང་ལུགས་ཀྱི་མཐོང་སྣེ་སྤྱད་དེ། བྱང་ཉི་མ་བླ་བྲང་ཞེས་པའི་“བྱང་”གི་བརྡ་དོན་དཔྱད་སྒོ་རུ་བཞག་ནས། འབོད་སྲོལ་འདི་ཉིད་ཀྱི་བྱུང་དུས་དང་བྱུང་ཚུལ། འདིས་འབྲེལ་ཐོགས་སོ་སོའི་སེམས་ཀྱི་མངོན་འདོད་ཅི་ཞིག་མཚོན་པ་བཅས་ལ་དཔྱད་པ་ན། དེ་ནི་ཡུལ་མི་ཕལ་པ་རྣམས་ཀྱི་ངག་ལ་འདོད་རྒྱལ་རྒྱུན་འབྱམས་སུ་སོང་བ་ཞིག་མ་ཡིན་པར། སྔོན་བྱོན་མཁས་པ་ཚོས«འཕགས་པ་བརྒྱད་སྟོང་པ»སོགས་རྒྱལ་བའི་མདོ་སྣ་ཚོགས་སུ། བསྟན་པ་བྱང་ནས་བྱང་དུ་དར་བར་ལུང་གིས་བསྟན་ཡོད་པ་ལས་བྱང་གཉིས་པའི་ཡུལ་དངོས་གཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་པར་འགྲེལ་ཞིང་། ཡིག་ཚང་མང་པོར་བརྒྱུད་སྒྲོག་དང་ཁྱབ་སྤེལ་ཆེར་བྱུང་བ་དེ་དག་ག་ལེར་སྙིང་པོ་བསྡུས་པའི་བསྔགས་བརྗོད་ཀྱི་མིང་གི་རྣམ་པས་ཕལ་པའི་ངག་ཐོག་གི་གཏམ་སྦྱོར་ལ་གྲགས་པ་ཞིག་ཏུ་སྣང་། ཚུལ་དེ་ལེགས་པར་ངོ་འཕྲོད་པའི་ཕྱིར་དུ། བླ་བྲང་གི་མཁས་པ་ཚོས་རྒྱལ་བའི་ལུང་བསྟན་ཁྲོད་ཀྱི་བྱང་གཉིས་པ་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་ཚུལ་དེ་ཐོག་མར་ཇི་ལྟར་བསྒྲུབས་ཡོད་པ་དང་། བར་དུ་ངོས་ལེན་གྱི་རིམ་པ་གང་དག་བརྒྱུད་པ། མཐར་མང་མའི་ངག་ཚུན་ཆད་ལ་བྱང་བླ་བྲང་ཞེས་ཁྱབ་གདལ་དུ་གྱུར་ཚུལ་སོགས་དགོད་པར་བྱའོ། །
དང་པོ། བྱང་གཉིས་པའི་ཡུལ་དངོས་གཞི་ནི་བླ་བྲང་ཡིན་པར་སྒྲུབ་པ།
       སྤྱིར་བཏང་རིག་གནས་ལྟ་གྲུབ་མི་གཅིག་པའི་མི་རིགས་གང་ཡིན་ན་ཡང་། སོ་སོའི་ལོ་རྒྱུས་དང་བྱུང་རབས་འཆད་པའི་སྐབས་སུ། སྤྲོས་བརྗོད་བྱེད་སྟངས་དང་འགྲེལ་རྒྱག་སྟངས་ཡན་གར་བ་རེ་རེ་ཡོད། ནང་བསྟན་ཤེས་རིག་གིས་སྲོག་བཟུང་བའི་བོད་ལ་མཚོན་ནའང་། སྔོན་གྱི་བྱུང་རབས་བརྗོད་པའི་ཡིག་ཚང་མང་པོ་ཞིག་ནི་སངས་རྒྱས་བྱང་སེམས་དང་སྐྱེས་ཆེན་ཚད་མར་འཛིན་པ་དག་གི་“ལུང་བསྟན་”གྱི་གཏམ་དང་བསྲེས་ཏེ་བརྩམས་ཡོད་པ་དང་། ལྷག་པར་དུ་བླ་མ་དང་རྗེ་བོ། དགོན་སྡེ། གནས་ཆེན་སོགས་ཀྱི་ལོ་རྒྱུས་བརྗོད་པ་ལ་ལུང་བསྟན་མ་འདྲེས་པའི་སྤྲོས་བརྗོད་ཤིན་ཏུ་ཉུང་སྟེ། “ལུང་གིས་ཟིན་པའི་གནས་”དང་“ལུང་གིས་ཟིན་པའི་གང་ཟག་”ཅེས་བོད་མིའི་འཇིག་རྟེན་ཁྲོད་ན་ལུང་བསྟན་ནི་ཡུལ་གཉན་པོ་ཀུན་གྱི་དབང་ཐང་གི་འབྱུང་ཁུངས་དམིགས་བསལ་བ་ཞིག་ཏུ་སྣང་ལ། ལུང་བསྟན་འགྲེལ་བརྗོད་ནི་བོད་ཀྱི་བྱུང་རབས་སྤྲོས་བརྗོད་ཀྱི་རྣམ་པ་ཁྱད་པར་བ་ཞིག་དང་མཚན་སྙན་བཞེངས་སྐྲུན་གྱི་ཐབས་སྒོ་གལ་ཆེ་བ་ཞིག་ཏུའང་ངེས་སོ། །དེ་ལ་བཀྲ་ཤིས་འཁྱིལ་གྱི་ཆེ་བའི་ཡོན་ཏན་ལུང་གིས་སྒྲུབ་པའི་འགོ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོའི་དུས་ནས་བརྩམས་འདུག་སྟེ། ཁོང་གིས་བླ་བྲང་དུ་མཛད་པའི་བསྟན་བཅོས«འཇིགས་བྱེད་ཆོས་འབྱུང»སོགས་ཀྱི་མཇུག་བྱང་དུ“རྒྱལ་བས་ལུང་བསྟན་པའི་གནས་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་འཁྱིལ་དུ་སྦྱར”[1]ཞེས་ཡང་ཡང་གསལ་མོད། ཞིབ་འགྲེལ་གྱི་ཡིག་འཇོག་མཛད་མི་འདུག རིམ་གྱིས་དགོན་གཞི་གཏན་ཆགས་དང་འཆད་ཉན་དར་རྒྱས་ཕྱིན་པ་དང་བསྟུན། རྗེས་འཇུག་མཁས་པ་བསེ་ངག་དབང་བཀྲ་ཤིས་དང་ཀུན་མཁྱེན་འཇིགས་མེད་དབང་པོ། གུང་ཐང་བསྟན་པའི་སྒྲོན་མེ། དབལ་མང་པཎྜི་ཏ། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། ཀུན་མཁྱེན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་སོགས་རབས་མི་འདྲ་བའི་མཁས་པ་དུ་མས་ཟུར་མི་འདྲ་བ་ཁ་ཤས་ཀྱི་སྒོ་ནས་ཀུན་མཁྱེན་བླ་མས་བཀྲ་ཤིས་འཁྱིལ་ལ“རྒྱལ་བས་ལུང་བསྟན་པའི་གནས”ཞེས་པའི་དགོངས་དོན་ལ་འགྲེལ་བརྗོད་མང་པོ་གནང་ཡོད། དེ་དག་ལས་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས་མཁས་པ་སྔ་མ་རྣམས་ཀྱི་དགོངས་པར་གཞི་བྱས་ཏེ། རྒྱལ་བའི་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་པའི་བྱང་དང་པོ་ནི་དབུས་གཙང་དང་། བྱང་གཉིས་པའི་ལྟེ་བའམ་དངོས་གཞི་ནི་བཀྲ་ཤིས་འཁྱིལ་འདི་ཉིད་ཡིན་པར་རྒྱ་ཆེར་འགྲེལ་བ་ནི་བླ་བྲང་གི་ཆེ་བའི་ཡོན་ཏན་ལུང་གིས་སྒྲུབ་སྟངས་ཁྱད་པར་ཅན་དང་ཤུགས་རྐྱེན་ཆེ་ཤོས་ཤིག་ཡིན་ནོ། །
       སྤྱིར“ཤཱ་རིའི་བུ་དེ་ལ་བྱང་གི་ཡུལ་དང་། བྱང་གི་ཕྱོགས་ཀྱི་ཆ་དེར་གང་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་མཉན་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་རྣལ་འབྱོར་དུ་བྱེད་པ་དེ་དག་རྒྱས་བར་འགྱུར་རོ། །”[2]ཞེས་པ་ནི་ཡིག་ཚང་མང་པོར་མཐོང་དུ་ཡོད་པའི་ལུང་ཚིག་གྲགས་ཅན་ཞིག་ཡིན་པ་དང་། འདི་ལས་བྱང་སྔ་མ་ནི་བོད་དབུས་གཙང་གི་ཆ་ལ་གོ་དགོས་པ་མཁས་མང་ཞལ་མཐུན། བྱང་ཕྱི་མའམ་བྱང་གཉིས་པ་ནི་མདོ་སྨད་ལ་ངོས་འཛིན་པ་དང་སོག་པོའི་ཡུལ་ལ་ངོས་འཛིན་པའི་འདོད་ཚུལ་མི་མཐུན་པ་སྣང་མོད། གཙོ་བོ་ཡུལ་ཁམས་སྤྱིའི་ཆ་ནས་འདྲེན་བཞིན་འདུག ཡིན་ན་ཡང་། ཡུལ་དང་དགོན་སྡེ་བྱེ་བྲག་པ་ལ་ངོས་འཛིན་པ་དེ་སྔོན་ཆད་གཏན་ནས་མེད་པ་མིན་ཏེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི«སྐུ་འབུམ་གནས་བཤད»དུ། “བསླབ་གསུམ་ལྡན་པའི་བློ་གསལ་བརྒྱ་ཕྲག་གིས། །མདོ་རྒྱུད་ཆོས་སྤྱོད་བཅུ་ཡི་བཤད་སྒྲུབ་ཀྱིས། །རྒྱལ་བ་གཉིས་པའི་ལུང་རྟོགས་དམ་པའི་ཆོས། །འཛིན་སྐྱོང་སྤེལ་ལ་བརྩོན་བྱེད་སྟོན་པ་ཡིས། །ཤེར་ཕྱིན་བྱང་ནས་བྱང་དུ་རྒྱས་འགྱུར་ཞེས། །གསུངས་པའི་བྱང་ཕྱོགས་གཉིས་པའི་ལྟེ་བ་ཡང་། །འདི་ལས་གཞན་དུ་མིན་ཅེས་ཁོ་བོས་སྨྲ། །”[3]ཞེས་གསུངས་ཡོད་པས། རྒྱལ་བས་ལུང་བསྟན་པའི་བྱང་གཉིས་པའི་ལྟེ་བ་དེ་དགོན་སྡེ་བྱེ་བྲག་ཅིག་ལ་ངོས་འཛིན་པའི་སྲོལ་ཐོག་མར་བཏོད་མཁན་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་ཡིན་པ་དང་། ས་གནས་བྱེ་བྲག་ཅིག་ལ་སྦྱར་བའི་ཐོག་མའང་སྐུ་འབུམ་ཡིན་ཚོད་གདའ། རང་རེའི་ལུང་བསྟན་འགྲེལ་བརྗོད་ཀྱི་རྣམ་གཞག་ལྟར་ན། ལུང་ཚིག་གཅིག་ལའང་ཁྱབ་ཆེ་ཆུང་སོགས་ཀྱི་འཇུག་ཚུལ་དང་འགྲེལ་ཚུལ་མང་དུ་ཡོད་པས། མཐའ་གཅིག་ཏུ་འདི་ལ་གོ་ཕྱིན་དེ་ལ་གོ་མི་འོས་ཞེས་བཙན་ཆོད་དང་སྒེར་སྡོམ་བྱེད་མཁན་མེད་པས། སྔ་མའི་དགོངས་ཚུལ་མ་ཡིན་པའི་འགྲེལ་པ་གཞན་ཡང་བསྐྱོན་ཆོག་ཆོག་ཡིན་མོད། དངོས་ཡོད་ཀྱི་ཡོན་ཏན་ཅི་ཡང་མེད་པའི་འུར་གཏམ་དང་ལུང་ཚིག་གི་བསྟན་དོན་ལ་ཀུན་ནས་མི་མཐུན་པའི་སྒྲོ་འདོགས། སྒྲས་ཟིན་ཙམ་དང་མིང་འདྲ་ཙམ་ཐམས་ཅད་སོ་སོའི་འདོད་ཕྱོགས་ཀྱི་ལུང་བསྟན་དུ་སྤྱོད་ཆོག་པ་ཞིག་མ་ཡིན་པར། “ཡུལ་དང་དུས་དང་གང་ཟག་དང་གནས་སྐབས་ཀྱི་མཛད་པ་དང་མཐར་གྱི་འབྲས་བུ་སོགས་ལ་ལེགས་པར་དཔགས་པས། འདི་ནི་འདིའོ། །འདི་ནི་དེ་ལའོ། །ཞེས་སྐབས་དོན་སོ་སོ་གྲངས་དང་གོ་རིམ་བཞིན་ནམ་དེ་ལས་ལྡོག་ཀྱང་རུང་སྟེ། རྒྱལ་བ་དང་དེ་སྲས་སྤྲུལ་པའི་བྱང་སེམས་རྣམས་ཀྱི་མ་འོངས་པའི་ལུང་ཇི་ལྟར་བསྟན་པ་དེས་ཟིན་ཅིང་། ཟིན་པ་ལྟར་དགོངས་པ་འགྲེལ་བས་སྐབས་དོན་མ་ནོར་མ་འཁྲུལ་བར་གསལ་བར་སྟོན་ནུས་པ་ལ་ལུང་བསྟན་གྱི་བསྒྲུབ་པ་ཞེས་བྱ”[4]བས་ན། རྗེ་གུང་ཐང་བས་བསྟན་པ་བྱང་ནས་བྱང་དར་གྱི་ལུང་ཚིག་གི་བསྟན་དོན་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཚོན་པའི་མཁས་པ་གོང་མ་རྣམས་ཀྱི་ལྟ་དགོངས་མ་ཡིན་པར། བྱང་གཉིས་པའི་ལྟེ་བའམ་ཡུལ་དངོས་གཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་པར་འགྲེལ་བ་ལ་དེ་ལས་ཀྱང་སྒྲུབ་བྱེད་དཔང་ཐུབ་དུ་མ་ཡོད་དགོས་ཏེ། གཙོ་བོ་ཡུལ་དུས་ཀྱི་གནས་ཚུལ་དང་གང་ཟག་གི་མཛད་པ། ལུང་རིགས་ཀྱི་བདེན་དཔང་གསུམ་གྱི་ལམ་ནས་བླ་བྲང་བཀྲ་ཤིས་འཁྱིལ་ནི་རྒྱལ་བའི་ལུང་གིས་ཟིན་པའི་བྱང་གཉིས་པ་ཡིན་པར་བསྒྲུབས་ཡོད།
       གཅིག བླ་བྲང་བཀྲ་ཤིས་འཁྱིལ་གྱི་དངོས་ཡོད་གནས་ཚུལ་གྱི་རྨང་གཞི།
       དེ་ཡང་ལུང་བསྟན་དང་སྦྱར་ནས་ཆེ་བའི་ཡོན་ཏན་བསྒྲུབ་པར་བྱ་བའི་གནས་སམ་གང་ཟག་གང་ཞིག་ཡིན་ཡང་། ཐོག་མར་ཡུལ་རང་སྟེང་ན་ལུང་བསྟན་གྱིས་སྒྲུབ་རུང་བའི་ཡོན་ཏན་ཐུན་མོང་མ་ཡིན་པ་ཁ་ཅིག་ཅིས་ཀྱང་དགོས་པ་ལས། དཀྱུས་མའི་ངང་ཚུལ་འབའ་ཞིག་ལ་ལུང་བསྟན་སྦྱར་བའི་སྲོལ་མེད། ལུང་དུ་བསྟན་བྱའི་ཡུལ་དེའི་རང་སྟེང་གི་ཡོན་ཏན་ཅི་ཙམ་ཆེ་ན་ལུང་སྟོན་མཁན་དང་སྟོན་ཁུངས་ཀྱང་དེར་བསྟུན་གྱིས་གནས་རིམ་མཐོ་རུ་སྦྱོར་བ་ནི་རང་རེའི་ལུང་བསྟན་འགྲེལ་སྒྲུབ་ཀྱི་རྣམ་གཞག་ལྟ་བུར་ངེས་སོ། །རྗེ་གུང་ཐང་བས་བསྟན་པ་བྱང་ནས་བྱང་དུ་དར་རྒྱུའི་ལུང་བསྟན་ཁྲོད་ཀྱི་བྱང་གཉིས་པའི་ཡུལ་དངོས་གཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་ཚུལ་རྒྱ་ཆེར་སྒྲུབ་དུས་ཀྱི་དངོས་ཡོད་གནས་སྟངས་ལ་བརྟགས་ན། ཀུན་མཁྱེན་གོང་མ་ཡབ་སྲས་གསུམ་གྱི་མཛད་པའི་རྨང་གཞིའི་སྟེང་ལ། འཇིགས་མེད་དབང་པོས་ཐུགས་དགོངས་སྔར་བས་རྒྱ་བསྐྱེད་དེ་དུས་འཁོར་གྲྭ་ཚང་དང་སྨན་པ་གྲྭ་ཚང་གཉིས་གསར་འཛུགས་བྱས་ནས། གདན་ས་གཅིག་གི་གྲྭ་ཚང་རྣམ་བཞིར་མདོ་སྔགས་གཉིས་ཀྱིས་གཙོ་བྱས་པའི་རྩིས་ས་རིས་དང་། བཟོ་གསོ་སྙན་ངག་དང་བཅས་པའི་འཆད་ཉན་གྱི་སྲོལ་ཆ་ཚང་བར་བཙུགས་པར་མ་ཟད། བླ་བྲང་དཔར་ཁང་ཆེན་མོ་སོགས་གཙུག་ལག་ཁང་དུ་མ་བཞེངས་ནས་དགོན་གཞིས་རྒྱ་བསྐྱེད་ཅིང་། དབུས་ཀྱི་མཁས་པ་མང་པོ་གདན་དྲངས་ཏེ་བསྟན་འཛིན་གྱི་སྡེ་བརྟན་པར་བྱས། གཞིས་ཀྱི་བླ་སྤྲུལ་མང་པོ་དབུས་ལ་སློབ་གཉེར་དུ་བཏང་ནས་དབང་ལུང་མན་ངག་གི་གདམས་པ་གཅིག་ཏུ་བསྡུ་བ་སོགས་ཀྱི་སྒོ་ནས། བཀྲ་ཤིས་འཁྱིལ་བ་དེ་མཁས་པ་མང་པོའི་འདུ་གནས་དང་། གྲྭ་རྒྱུན་སྟོང་ཕྲག་གཉིས་ལྷག་གི་འདུས་སྡེ་ཆེན་པོར་བསྒྱུར་བར་མ་ཟད། གདན་ས་དེ་ཉིད་ཀྱིས་སྲོག་ཤིང་བྱས་ཏེ་ཤར་རྒྱལ་མོ་ཚ་བ་རོང་ནས་བྱང་སོག་པོའི་བར་དུ་ཁྱབ་པའི་དགོན་མ་ལག་བཞི་བཅུར་ཉེ་བ་ཞིག[5]གསར་འདེབས་དང་བདག་འཛིན་གནང་ནས་འཆད་ཉན་གྱི་སློབ་དཔོན་བསྐོས་ལ། ཕྱོགས་མཐའི་མི་དྲག་མང་པོ་སྦྱིན་བདག་ཏུ་བཀུག་པ་སོགས་དུས་ཡུན་ཐུང་ངུའི་ནང་དུ་ཆོས་སྲིད་གང་ཐད་ནས་གཞི་བརྟན་པ་ཙམ་མ་ཡིན་པར། དགོན་མ་ལག་ལྷ་སྡེ་མཆོད་གཞིས་དང་བཅས་པ་རྒྱས་པར་འཛོམས་བྱུང་བ་དེ་ནི། བཀྲ་ཤིས་འཁྱིལ་འདི་ཉིད་རྒྱལ་བས་ལུང་བསྟན་པའི་བྱང་གཉིས་པ་ཡིན་པར་སྒྲུབ་ཅིང་འགྲེལ་བའི་རྩ་བའམ་དངོས་ཡོད་ཀྱི་རྨང་གཞིར་སྨྲས་ཆོག་པར་སྙམ་མོ། །
       གཉིས། སྐྱེས་ཆེན་གཞན་པའི་གསུང་གི་རྒྱབ་རྟེན།
       དངོས་ཡོད་གནས་ཚུལ་གོང་གསལ་ལྟར་ཡིན་པའི་རྨང་གཞིའི་སྟེང་དུ། བྱང་གཉིས་པའི་ཡུལ་དངོས་གཞི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་པར་བསྒྲུབས་པའི་ཁུངས་སྐྱེལ་གཞན་ཞིག་ནི། སྐྱེས་ཆེན་སྔ་མ་ཚོས་བརྩམས་པའི་བསྟན་བཅོས་དུ་མ་དང་ཡིག་ངག་གཉིས་སུ་སྣང་བའི་གསུང་ཟུར་ཁྱད་པར་བ་ཁ་ཅིག་སྟེ། ཀུན་མཁྱེན་འཇམ་དབྱངས་བཞད་པས་སྐུ་ཚེ་སྨད་ལ་བླ་བྲང་དུ་བརྩམས་པའི་བསྟན་བཅོས་ཁག་དུ་མ་དང་། «བླ་བྲང་བཀྲ་ཤིས་འཁྱིལ་གྱི་བཅའ་ཡིག་བསྡུས་པ»ཡི་མཇུག་བྱང་དུ། “……བཅའ་ཡིག་འདི་ཡང་བསྟན་པ་ལྔ་བརྒྱ་ཕྲག་བཅུའི་ཉིས་སྟོང་ལྔ་བརྒྱ་དང་། ལྔ་བཅུ་རྩ་གསུམ་འདས་པ་ཚུལ་ཁྲིམས་ལེའུའི་བཅུ་ཕྲག་ལྔ་དང་། ཉག་མ་གསུམ་འདས་པའི་ལྔ་མཆོད་ཀྱི་ཟླ་ཚེས་ལ་སྦྱར་བ་དགེ་ལེགས་འཕེལ། །”[6]ཞེས་བསྟན་པའི་བྱུང་འཕེལ་གནས་ཚད་དང་འབྲེལ་བའི་ཉིས་སྟོང་ལྔ་བརྒྱའི་ལོ་ཚིགས་འདི་དམིགས་ཀྱིས་སྦྱར་འདུག་ལ། ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་ཀྱང་སྤྱིར་ཕྱོགས་འདིར་བསྟན་པ་སྤེལ་བའི་མཁས་པ་མང་པོའི་གདན་རབས་རྣམ་ཐར་རྩོམ་ལུགས་ལྟར་བསྟན་པ་བྱང་ནས་བྱང་དར་གྱི་དུས་ལ་བབས་ཚུལ་དང་། ཁྱད་པར་དུ། “ལྷ་མོ་དྲི་མ་མེད་པའི་[པས]ཞུས་པའི་མདོ་ལས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་བར་འགྱུར་གསུངས་ཤིང་། སྟོན་པ་མྱ་ངན་ལས་འདས་ནས་ས་མོ་གླང་འདི་ཡན་ཆད་ལ་ལོ་ཉིས་སྟོང་ལྔ་བརྒྱ་དང་ཞེ་བཞི་སོང་བ་ཡིན”[7]ཞེས། དམིགས་བསལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཁོང་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད་ཕྱིར་དབུས་ནས་སྨད་ལ་ཕེབས་པའི་ས་མོ་གླང་གི་ལོ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱའི་མཚམས་ཏག་ཏག་ཡིན་པར་བསྟན་ཡོད་ཅིང་། དེ་ནི་རྗེ་གུང་ཐང་བས་བསྟན་པ་བྱང་དར་གྱི་བྱང་གཉིས་པའི་ཡུལ་དངོས་གཞི་དེ་བཀྲ་ཤིས་འཁྱིལ་ཡིན་པར་དུས་ཀྱི་ཆ་ནས་སྒྲུབ་བྱེད་འགོད་པའི་གཏན་ཚིགས་གཙོ་བོ་ཞིག་ཡིན་ལ། བླ་བྲང་ཆགས་སའི་ཡུལ་གྱི་མཚན་མའི་ཐད་ནས་དབུས་རྭ་སྒྲེང་གི་ཁྱད་ཆོས་དང་ཀུན་ནས་མཐུན་པས། ཀུན་མཁྱེན་འཇམ་དབྱངས་བཞད་པས་རྭ་སྒྲེང་དང་བླ་བྲང་བཀྲ་ཤིས་འཁྱིལ་གཉིས་པོ་ནི«བཀའ་གདམས་གླེགས་བམ»དུ་མཉམ་གཅིག་ཏུ་ལུང་གིས་བསྟན་ཡོད་པར་གསུངས་པ[8]དང་། འཇིགས་མེད་དབང་པོས་ཀྱང་དེ་བཞིན་དུ་ཞལ་གྱིས་བཞེས་ནས་བླ་བྲང་བསང་ཆུའི་འགོ་ཡང་རྭ་སྒྲེང་དགོན་པའི་འདབས་ཀྱི་བཀའ་གདམས་ཆུ་མིག་ནས་གྱེས་པ་ཡིན[9]ཞེས་གསུངས་པ་སོགས། བྱང་དང་པོ་དབུས་གཙང་ཡུལ་གྱི་བསྟན་པའི་འབྱུང་གནས་རྭ་སྒྲེང་དང་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་གཉིས་ཀ་ལྷན་དུ་སྦྱར་བ་འདིའང་། གབ་པའི་སྒོ་ནས་བྱང་དང་པོ་དང་བྱང་གཉིས་པའི་འབྲེལ་བ་མཚོན་སྟངས་ཤིག་ཏུ་སྣང་ལ། ཕྱིས་སུ་མང་མའི་ངག་ཚུན་ཆད་དུ་གྲགས་པའི་བྱང་བླ་བྲང་ཞེས་པའི་འབོད་ལུགས་འདི་བོད་སྤྱིའི་ཁ་གཏམ་ལ་བྱང་རྭ་སྒྲེང་ཞེས་རླུང་ལྟར་གྲགས་པའི་དཔེ་ལུགས་ཀྱིས་ཟླས་དྲངས་པར་སྙམ་ཞིང་། ཀུན་མཁྱེན་སྔ་ཕྱི་གཉིས་ཀྱིས་རྭ་སྒྲེང་དང་བླ་བྲང་གཉིས་ཀའི་གནས་ཀྱི་མཚན་མ་དང་ལུང་བསྟན་གྱི་ཁུངས་སོགས་གཞི་གཅིག་ལ་སྦྱར་བའི་དགོངས་ལུགས་ཁྱད་པར་བ་འདི་ནི། རྗེ་གུང་ཐང་བས་བླ་བྲང་བཀྲ་ཤིས་འཁྱིལ་བྱང་གཉིས་པའི་ཡུལ་དངོས་གཞི་ཡིན་པར་འགྲེལ་བའི་རྩ་བ་གལ་ཆེན་ཞིག་ཏུ་འདོད། དེ་དག་ལས་ཀྱང་ཆེས་ཐད་ཀར་བའི་རྒྱབ་རྟེན་གཞན་ཞིག་ནི། བླ་བྲང་བཀྲ་ཤིས་འཁྱིལ་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་དངོས་ཡོད་སྣང་ཚུལ་དེ་ལ་དམིགས་ནས། སྐབས་དེའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་ཀློང་རྡོལ་བླ་མའི་ཞལ་ནས་ཀྱང་“བསྟན་པ་བྱང་ནས་བྱང་དུ་དར་བ་དེ་བཀྲ་ཤིས་འཁྱིལ་ཡིན་པས། བླ་མའི་གོ་ས་མི་ལེགས། གྲྭ་རྐྱང་དཀྱུས་མ་ཞིག་བྱས་ནས་བཀྲ་ཤིས་འཁྱིལ་དུ་འབྱོན་འདོད་ཡོད”[10]ཅེས་དང་། ཀུན་མཁྱེན་འཇིགས་མེད་དབང་པོའི་མཛད་པ་སྤྱི་དང་དམིགས་བསལ་དབུས་གཙང་གཉིས་སུ་བཞུགས་པའི་གསུང་རབ་ཁྲི་ཕྲག་ལྷག་འཚོལ་བསྡུ་གནང་སྟེ་བླ་བྲང་དུ་གདན་དྲངས་པ་སོགས་ལ་རྐྱེན་བྱས་ཏེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ཀྱང་རྒྱལ་བའི་བསྟན་པ་བྱང་ནས་བྱང་དུ་འཕེལ་བའི་དུས་སྐབས་དངོས་ནི་ད་ལྟ་རང་ཡིན་འདུག[11]ཅེས་གདེང་འཇོག་ཆེན་པོ་གནང་བ་སོགས། དུས་ཐོག་གཅིག་གི་སྐྱེས་བུ་ཆེན་པོ་དག་གིས་བསྟན་པ་བྱང་ནས་བྱང་དར་གྱི་བྱང་ཕྱི་མ་དེ་བླ་བྲང་བཀྲ་ཤིས་འཁྱིལ་ལ་ངོས་འཛིན་འོས་པའི་བསྔགས་བརྗོད་བླ་མེད་གནང་བའི་ཚུལ་རྗེ་གུང་ཐང་བས་དངོས་སུ་ཐོས[12]པ་ནི། ལུང་བསྟན་གྱི་དགོངས་འགྲེལ་གྱི་རྒྱབ་རྟེན་གཙོ་བོ་ཞིག་ཡིན།
       གསུམ། ལུང་རིགས་དངོས་གསུམ་གྱི་འགྲེལ་བརྗོད།
       དེ་ལྟར་དངོས་ཡོད་རང་སྟེང་གི་ཡོན་ཏན་དང་སྐྱེས་ཆེན་མཁས་པ་གཞན་གྱི་དགོངས་པར་གཞི་བྱས་ནས། བླ་བྲང་བཀྲ་ཤིས་འཁྱིལ་ནི་རྒྱལ་བསྟན་བྱང་དར་གཉིས་པའི་ཡུལ་དངོས་གཞི་ཡིན་པའི་སྒྲུབ་བྱེད་གཞན་ལ། རྗེ་གུང་ཐང་བའི་དགོངས་པར། «མདོ་སྡེ་བརྒྱད་སྟོང་པ»རུ་རྒྱལ་བའི་བསྟན་པ་བྱང་ནས་བྱང་དུ་དར་བར་འགྱུར་བ་ཞེས་པ་ནི་“མདོ་གཞན་ལས་ལྔ་བརྒྱ་ཐ་མའི་དུས་སུ་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་པ་དེ་དང་དོན་གཅིག”[13]ཡིན་པས། དུས་ཀྱི་ཆ་ནས་ལྔ་བརྒྱ་ཐ་མའི[14]སྐབས་སུ་ཡིན་དགོས་པ་དང་། གནས་ཀྱི་ཆ་ནས་བྱང་གཉིས་པ་ནི་ཧོར་ཡུལ་ཡིན་པར་བཞེད་མཁན་མང་པོ་ཡོད[15]ཀྱང་། དེའང་“བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདི་ལ་ནང་གསེས་ཀྱི་ས་ཆ་གཉིས་སུ་ཕྱེ་བའི་གཅིག་ནས་གཅིག་ཏུ་དར་ཚུལ་ལུང་བསྟན་པ་ཡིན་ཏེ། རྒྱ་གར་དབུས་ནས་བྱང་དུ་དཔག་ཚད་བརྒྱ་བརྒལ་བ་ན་ས་སྐྱ་ཡོད་ཅིང་། དེ་ནས་བྱང་དུ་དཔག་ཚད་བརྒྱ་ལྷག་བརྒལ་ཚེ་མདོ་སྨད་ཀྱི་སྣེ་ཟིན་པས་ཀྱང་ཤེས་ནུས་སོ། །”[16]ཞེས། བྱང་དང་པོ་དབུས་གཙང་དང་བྱང་གཉིས་པ་མདོ་ཁམས་ལ་ངོས་འཛིན་དགོས་པའི་རང་ལུགས་གསལ་པོར་བཞག་སྟེ། བླ་བྲང་བཀྲ་ཤིས་འཁྱིལ་བ་ནི་གནས་ཀྱི་ཆ་ནས་བྱང་ཕྱོགས་གཉིས་པ་མདོ་སྨད་དུ་ཆགས་པར་མ་ཟད། “དེ་བཞིན་དུ་དུས་ཚོད་ཀྱི་མཚམས་ཡང་། ཉིས་སྟོང་ལྔ་བརྒྱའི་མཇུག་གི་ཆ་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་འཁྲུངས་ཏེ། ལྔ་བརྒྱ་ཐ་མའི་མགོ་ནས་ལོ་བཞི་བཅུ་རྩ་ལྔའི་མཚམས་སུ་ཆོས་སྡེ་འདི་ཉིད་ཕྱག་འདེབས་གནང་བ་ཡིན་པས། ལོ་ཚིགས་འདི་ཕྱོགས་གཞན་གང་ལ་ཡང་དྲང་ཐད་དུ་མི་འབྱོར”[17]ཞེས་རྒྱལ་བའི་ལུང་ཚིག་ནང་བཞིན་ཕྱོགས་མཚམས་དང་དུས་མཚམས་གང་ཐད་ནས་ཇི་བཞིན་ངོ་འཕྲོད་པ་འདི་སྒྲུབ་བྱེད་གཙོ་བོར་བཀོད་ཡོད། དེ་མིན་གདན་སའི་བྱེད་པོ་ཀུན་མཁྱེན་སྐུ་ཕྲེང་སྔ་ཕྱི་གཉིས་ཀའི་འཕྲིན་ལས་རྒྱ་ཆེ་བ་རྣམས་ནི་ལྔ་བརྒྱ་ཐ་མའི་འགོར་བྱང་ཕྱོགས་འདིར་ལྷག་པར་རྒྱས་པ་དང་། སྐུའི་ཡོན་ཏན་གྱི་ཆ་ནས་ཀྱང་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་དབུ་མའི་ལྟ་བ་ལ་ཁྱད་པར་དུ་མཁས་པ་ནི། «ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ»དང«རྡོ་རྗེ་གཅོད་པ»གཉིས་ཀར་ཡང་ལྔ་བརྒྱ་ཐ་མའི་དུས་སུ་ཤེར་ཕྱིན་རྒྱས་པར་འགྲོ་ཚུལ་གྱི་ལུང་བསྟན་རྣམས་དང་ཇི་བཞིན་མཐུན་ཚུལ་ཞིབ་པར་འགྲེལ།[18]ཁྱད་པར་དུ་འཇམ་དབྱངས་བཞད་པའི་གསུང་ལས«ཕར་ཕྱིན»གྱི་བར་སྐབས་ཚིགས་བཅད་དུ། “ད་དུང་ལྔ་ཕྲག་དྲུག་སྐད་བདེན་སྙམ་ནས། །ཐུབ་དབང་འཁོར་གྱི་རྒྱལ་སྲས་དཔའ་མང་གིས། །ཐུབ་བསྟན་སྤེལ་བའི་ཐུགས་ཁུར་མི་འདོར་བས། །འདི་བྱས་སྐལ་མཉམ་ལ་བསམ་གཡར་ཁྲལའང་ཡིན། །”[19]ཞེས་པ་ནི། ཀུན་མཁྱེན་ཁོང་གིས་སྔོན་རྒྱལ་སྲས་དྲི་མེད་གྲགས་པའི་སྐུའི་སྐྱེ་བ་བཞེས་སྐབས། སྟོན་པ་ཐུབ་པའི་དབང་པོའི་མདུན་ནས་མ་འོངས་ལྔ་བརྒྱ་པ་ཕྲག་དྲུག་པའི་མཚམས་ལ་བསྟན་པའི་སྙིང་པོ་ཤེར་ཕྱིན་རྒྱས་པར་བྱེད་པའི་དམ་བཅས་པའི་གཡར་ཁྲལ་མཇལ་དུ་བྱོན་པ་ཡིན་པར་ཁོ་རང་གིས་དངོས་སུ་ཞལ་བཞེས་གནང་བ་ཡིན་ཞེས[20]སྒྲུབ་བྱེད་སྔ་མ་གཉིས་ལ་རྟིང་གནོན་མཛད་འདུག་སྟེ། གཙོ་བོ་མངོན་སུམ་དོན་དངོས་ཀྱི་གཞི་རྩ་དང་གཅིག མཁས་པ་ཚད་མའི་གསུང་གི་རྒྱབ་རྟེན་དང་གཉིས། ལུང་རིགས་ཟུང་འཇུག་གི་དཔྱད་པ་དང་གསུམ་གྱི་ལམ་ནས། བླ་བྲང་བཀྲ་ཤིས་འཁྱིལ་ནི་རྒྱལ་བའི་བསྟན་པ་བྱང་ནས་བྱང་དུ་དར་བའི་བྱང་གཉིས་པའི་ཡུལ་དངོས་གཞི་ཡིན་པར་འགྲེལ་ཞིང་བསྒྲུབས་འདུག་གོ །
གཉིས་པ། བྱང་གཉིས་པའི་ལུང་བསྟན་འགྲེལ་བརྗོད་དེ་བྱང་བླ་བྲང་ཞེས་པའི་མིང་དུ་འཕོས་ཚུལ།
       རྗེ་གུང་ཐང་བས་དེ་ལྟར་ལུང་རིགས་ཀྱི་སྒྲུབ་བྱེད་དུ་མའི་ལམ་ནས་བླ་བྲང་བཀྲ་ཤིས་འཁྱིལ་ནི་རྒྱལ་བས་ལུང་དུ་བསྟན་པའི་བྱང་གཉིས་པ་ཡིན་པར་རྒྱ་ཆེར་འགྲེལ་ནས་བསྒྲུབས་ཡོད་ནའང་། དེ་ལུགས་མི་སེར་ཕལ་པའི་ངག་ཚུན་ཆད་དུ་ཁྱབ་གདལ་བྱུང་བར་ངོས་ལེན་གྱི་རིམ་པ་མང་པོ་ཞིག་བརྒྱུད་དགོས་ཏེ། “མང་མའི་ངོས་ལེན་ཐོབ་མི་ཐོབ་ནི་ཡུལ་རང་སྟེང་ན་དམིགས་བསལ་བའི་ཁྱད་ཆོས་འབུར་ཐོན་ཞིག་ཡོད་པ་དེ་ཁོ་ནས་མ་ཡིན་པར། དུས་ཡུན་རིང་པོའི་ནང་དུ་ཡང་ཡང་གདམ་གསེས་དང་བེད་སྤྱོད། རིག་གནས་ཀྱི་སྣང་ཚུལ་གཞན་ལ་བཀོད་སྒྲིག་བྱེད་པ་སོགས་ཐབས་ཤེས་དུ་མ་བརྒྱུད་དེ་ག་ལེར་འགྲུབ”[21]དགོས་པ་ཞིག་ཡིན་ལ། ལྷག་པར་དུ་རྒྱལ་བའི་བསྟན་པ་བྱང་ནས་བྱང་དུ་དར་བའི་ལུང་བསྟན་འདི་ལྟ་བུར་མཚོན་ན་ལུང་ཁུངས་ནི་རྒྱལ་བའི«མདོ»ལ་ཐུག་ཅིང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ལུང་དེའི་བསྟན་བྱ་ནི་སྐུ་འབུམ་ཡིན་པར་ངོས་བཟུང་བས་མཚོན་པའི་ལུང་བསྟན་འགྲེལ་ཕྱོགས་ཀྱི་ཐད་ནས་རྩོད་པ་ཆེ་བར། ད་ཆ་ལུང་དེའི་བསྟན་བྱ་དངོས་གཞི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་པར་སྒྲུབ་པ་ནི། མཁས་པ་སྐྱེས་ཆེན་གང་དྲག་མེད་པ་དང་གནས་ཆེན་དགོན་སྡེ་གང་ཆེ་མེད་པ་མང་པོ་དང་ལྷན་དུ“ལུང་བསྟན་གྱི་ཁ་དབང་”ཞིག་ཀྱང་རྩོད་དགོས་པར་ཐུག་ཡོད་པས་ན། དབལ་མང་པཎྜི་ཏའི་ཞལ་ནས་“བསྟན་པ་བྱང་ནས་བྱང་དུ་དར་བའི་ལུང་བསྟན་གྱི་བདེན་པ་མངོན་དུ་གྱུར་པ་ལ་སུས་ཀྱང་བསྙོན་དུ་མེད་དོ། །”[22]ཞེས་པ་ལྟར། ལག་ལེན་དངོས་ཀྱི་སྟེང་ནས་ཀྱང་ལུང་བསྟན་གྱི་དགོངས་དོན་ལྟར། ཆོས་དང་རིག་གནས་ཀྱི་ལྟེ་གནས་ཤིག་ཏུ་བསྐྲུན་དགོས་སོ། །
       གཅིག ལུང་བསྟན་གྱི་བཤད་པ་ཁྱབ་གདལ།
       རྗེ་གུང་ཐང་བ་ནི་བླ་བྲང་བཀྲ་ཤིས་འཁྱིལ་བྱང་གཉིས་པར་ལུང་རིགས་ཀྱིས་སྒྲུབ་མཁན་གཙོ་བོ་ཡིན་པར་མ་ཟད། དེ་ལ་ཡིད་ཆེས་ཆེན་པོ་གནང་མཁན་དང་དར་ཁྱབ་མཛད་མཁན་གཙོ་བོ་ཡང་རེད། ཁོང་གིས«ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར»ཁོ་ནར་ཚུལ་དེ་རྒྱས་པར་འགྲེལ་ནས་མཛད་པ་ཙམ་མ་ཡིན་པར། དེའི་རྗེས་སུ་མཛད་པའི་གསུང་རྩོམ་གྲགས་ཆེ་བ«རིག་བྱེད་མའི་བསྟོད་འགྲེལ»[23]དང་། «གུང་ཐང་མཆོད་རྟེན་མཐོང་གྲོལ་ཆེན་མོའི་དཀར་ཆག་ལྷའི་རྔ་ཆེན།»[24] «སྡེ་བ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར»[25]བཅས་སུའང་རྒྱལ་བའི་ལུང་བསྟན་དུ་བསྟན་པ་བྱང་ནས་བྱང་དུ་དར་ཞེས་པའི་བྱང་གཉིས་པའི་ལྟེ་བ་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་པར་མཁས་མང་ཞལ་མཐུན་ཞིང་ལུང་རིགས་ཀྱིས་འགྲུབ་ཐུབ་པ་ཡོད་ཅེས་ཡང་ཡང་གསུངས་ཡོད། དེ་ལྟ་བུའི་ཡིག་ཐོག་གི་བསྟན་བཅོས་རྣམས་སུ་མ་ཟད། “བོད་ཀྱི་གདུལ་བྱ་ལ་སངས་རྒྱས་ལས་ཀྱང་སྤྱན་རས་གཟིགས་བཀའ་དྲིན་ཆེ། རྒྱལ་བ་སྲས་བཅས་ཀྱིས་སྤྱན་རས་གཟིགས་ལ་བྱང་དང་པོ་དང་བྱང་གཉིས་པ་ནས་གདུལ་བྱ་འདི་ལྟར་སྐྱོང་ཞེས་གཉེར་དུ་གཏད་པ་བཞིན་ཀུན་མཁྱེན་བླ་མ་ཐུགས་རྗེ་ཅན་གྱིས་ཞིང་ཁམས་འདི་བདག་གིར་མཛད།”[26]ཅེས་ངག་ཐོག་ནས་བཀའ་སློབ་རྟག་པར་གནང་ཚུལ་ནི་ཡིག་ཆ་གཞན་དུ་གསལ། དེའི་རྗེས་སུ་དབལ་མང་པཎ་ཆེན་གྱིས«གདན་རབས་ལྷའི་རྔ་ཆེན»དུ“སྔར་མདོ་སྨད་དུ་བསྟན་པ་སྔ་དར་གྱི་དུས་ནས་ད་ལྟའི་བར་དུ་བར་མ་ཆད་པར་བསྟན་པའི་སྲོལ་ཆེས་ཆེར་དར་མོད་ཀྱང་ལོ་ཉིས་སྟོང་ལྔ་བརྒྱ་རྫོགས་ནས་དྲུག་བརྒྱ་མ་སོང་བའི་བར་སྐབས་དེར་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤད་སྒྲུབ་སྒོ་གང་ནས་ཀྱང་ཟུར་མ་ཉམས་པར་ཆོས་སྡེ་གཅིག་ལ་དང་པོ་ཉིད་ནས་ཚང་བ་འདི་འདྲ་བྱུང་བ་གཟུ་བོའི་བློས་དཔྱད་ན་ཤིན་ཏུ་རྙེད་དཀའ་བའི་རིགས་པས་ཀྱང་གྲུབ་ལ། འདིའི་བྱང་དང་པོ་དབུས་གཙང་གཉིས་དང་། བྱང་གཉིས་པ་དགོན་སྡེ་འདི་ཉིད་ལ་ངོས་འཛིན་པར་ཀུན་མཁྱེན་གོང་མ་ཡབ་སྲས་ཀྱི་གསུང་རྒྱུན་ཐོས་སོ། །”[27]ཞེས་བསྟན་པའི་སྒྲོན་མེའི་དགོངས་པ་དེ་བཀྲ་ཤིས་འཁྱིལ་གྱི་ཆེ་བ་སྒྲུབ་སྟངས་མི་འདྲ་བ་ཀུན་གྱི་ཐོག་མར་བཞག་ནས་རྒྱས་གནོན་གྱི་འགྲེལ་བཤད་མང་པོ་གནང་ཡོད། «མདོ་སྨད་ཆོས་འབྱུང»དུའང་“དེས་ན་མདོ་སྨད་ལྷོ་བྱང་གི་འཆད་ཉན་གྱི་དགོན་སྡེ་ཕལ་ཆེར་ལྔ་བརྒྱ་ཕྲག་དང་པོ་ཁོ་ནར་གཏོགས་པས་མདོའི་ལུང་བསྟན་དངོས་གཞི་འདི་ཉིད་ཡིན་པར་བསྙོན་དུ་མེད་ལ།”[28]ཞེས་དང་། “རྨ་ཆུ་འབབ་ལུགས་ཀྱི་དབང་གིས་མདོ་སྨད་ནོར་བུ་དགའ་འཁྱིལ་གྱི་དབྱིབས་སུ་ཡོད་པའི་སྙིང་བོ། དགོན་ཆེན་དང་གནས་ཆེན་དུ་མས་མཐའ་བསྐོར་བས་ས་ཚིགས་ཀྱིས་ཀྱང་ཡུལ་དབུས་ལྟ་བུར་ཡོད”[29]ཅེས། སྔར་རྗེ་གུང་ཐང་བས་ཕྱོགས་མཚམས་དང་དུས་མཚམས། གང་ཟག་གི་མཛད་པ་གསུམ་གྱིས་བསྒྲུབས་ཡོད་པའི་སྟེང་ལ། བྲག་དགོན་པས་ས་ཚུགས་ཀྱི་ངོས་ནས་ཀྱང་བླ་བྲང་ནི་མདོ་སྨད་ལྗོངས་ཀྱི་སྙིང་པོའམ“ཡུལ་དབུས”ཡིན་པའི་ལྟ་བ་གསར་དུ་བཏོན་ཏེ་སྒྲུབ་བྱེད་གསར་སྣོན་མཛད་འདུག ལྷག་པར་དུ། ཀུན་མཁྱེན་སྐུ་ཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོས་དགུང་ལོ་དྲུག་ཅུའི་སྟེང་དུ་གསུངས་པའི«བཀྲ་ཤིས་འཁྱིལ་གྱི་བཅའ་ཡིག་དང་འབྲེལ་བའི་ཚོགས་གཏམ་ཆེན་མོ»དང་། བྲག་དགོན་པ་བླ་བྲང་གི་ཁྲིར་ཕེབས་དུས་ཀྱི«ཚོགས་གཏམ»[30]སོགས་སུའང་། “སྟོན་པ་ཐུགས་རྗེ་ཅན་གྱིས་མ་འོངས་པ་ན་བསྟན་པ་བྱང་ནས་བྱང་དུ་དར་བར་ལུང་བསྟན་པའི་བྱང་གཉིས་པ་རང་རེའི་དགོན་པ་འདི་ཚོ་ཡིན”[31]ཞེས་སྐྱེས་བུ་མང་པོ་འདུས་པའི་ཚོགས་ཆེན་པོར་ཡང་ཡང་གསུངས་ཡོད་པར་གཞིགས་ན། དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་ནས་བཟུང་སྟེ་“བཀྲ་ཤིས་འཁྱིལ་ནི་བྱང་གཉིས་པའི་ཡུལ་དངོས་གཞི་ཡིན་”ཞེས་པ་དེ་ནི་སྐྱེས་ཆེན་རེ་གཉིས་ཀྱི་ཐོག་མའི་ལུང་བསྟན་འགྲེལ་བརྗོད་ནས་བླ་བྲང་ལོ་རྒྱུས་ཀྱི་སྤྲོས་བརྗོད་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མཚོན་ལ། གདན་སའི་གྲྭ་མང་གིས་གཙོ་བྱས་པའི་རང་ཕྱོགས་ཀྱི་འདུས་སྡེ་སྤྱི་དང་བྱུང་རབས་ཡིག་ཚང་རྣམས་ལ་ཁྱབ་པར་གྱུར་འདུག་གོ །
       གཉིས། ལུང་བསྟན་གྱི་བདེན་པ་ར་སྤྲོད།
       དངོས་ཡོད་ལོ་རྒྱུས་ཀྱི་ངོས་ནས་བཤད་ན། ཀུན་མཁྱེན་གསུམ་པ་དབུར་བཞུགས་པའི་འཇིགས་མེད་དབང་པོའི་བུ་ཆེན་རྣམས་ཀྱིས་རྒྱལ་བསྟན་བྱང་དར་གཉིས་པའི་ཡུལ་དངོས་གཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་པར་ལུང་རིགས་ཀྱིས་བསྒྲུབས་ཤིང་འགྲེལ་བ་ཁོ་ན་མ་ཡིན་པར། ལུང་བསྟན་གྱི་བདེན་པ་སྔར་ལས་གསལ་བར་བྱ་ཆེད། བླ་ཆེན་སོ་སོས་ཐེག་པ་རང་འཁུར་གྱི་སྒོ་ནས་གདན་ས་རང་དུ་གཙུག་ལག་ལྷ་ཁང་ཆེན་མོ་མང་པོ་བཞེངས་ནས་དགོན་གཞིས་རྒྱ་བསྐྱེད་པ་དང་། གདན་སའི་ཕྱི་རུ་དགོན་ལག་གསར་པ་དུ་མ་བཏབ་ཅིང་དགོན་ལག་ཆེ་ཁག་ཏུ་དཔར་ཁང་གསར་པ་བཙུགས།[32] གཞན་ཡང་འཆད་ཉན་གྱི་རྩ་བ་བརྟན་པོར་གནས་ཕྱིར་བླ་སྤྲུལ་ཆེ་ཁག་རྣམས་དབུས་ལ་སློབ་གཉེར་དུ་གཏོང་བའི་སྲོལ་བསྲིངས་ཤིང་། མཁས་པ་མང་པོ་ཚགས་བཙུགས་ནས་དབང་ལུང་མན་ངག་གི་རྒྱུན་དཀོན་པོ་རྣམས་ཕྱོགས་ཀུན་ནས་འཚོལ་སྡུད་གནང་བ་སོགས། འཇིགས་མེད་དབང་པོ་གློ་བུར་དུ་སྐུ་གཤེགས་ཀྱང་ཕྱག་ལས་ཀྱི་འཕྲོ་ཆད་དུ་མ་བཅུག་པར་ཁོང་གི་མཛད་པའི་རྒྱུན་ལེགས་པར་བསྐྱངས་པ་ནི་བླ་བྲང་ལོ་རྒྱུས་ཀྱི་བར་བརྒལ་ཆེན་པོ་ཞིག་ཡིན་ལ། དེ་ནས་བཟུང་ཀུན་མཁྱེན་སྐུ་ཕྲེང་ཕྱི་མ་ཚོའི་རིང་ལའང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བསྟན་སྲིད་གཉིས་པོ་འཕེལ་རྒྱས་ཆེ་བའི་ངང་དུ་གནས་ཏེ། ཆོས་འཆད་ཉན་དང་གཞི་རྒྱ་ཁྱོན། དབང་གྲགས་དང་ཤུགས་རྐྱེན་བཅས་ཀྱང་ཆེ་ནས་ཆེ་རུ་འཕེལ་བས། གདན་ས་རང་གི་མཁས་པ་ཚོས་བླ་བྲང་ནི་མདོ་སྨད་ས་ཆའི་ཆོས་ཚུགས་ཀྱི་དབུས་ཡིན་པར་ཞལ་བཞེས་གནང་བ་ཁོ་ན་ཙམ་མ་ཡིན་པར། གཞན་སྡེའི་མཁས་གྲུབ་དུ་མས་ཀྱང་། “མདོ་ཁམས་ལྷོ་རྒྱུད་ཀྱི་ནཱ་ལེནྡྲ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ”[33]ནི་ལྗོངས་འདིའི་བསྟན་པའི་མིག་དཔེ་ལྟ་ས་གཅིག་པུ་ཡིན[34]ཞེས་ངོས་ལེན་གནང་ཞིང་། “མདོ་སྨད་འདིར་དགོན་ཁག་ཆེ་བ་ཁ་ཤས་སྣང་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་སྔ་མ་རྣམས་ཀྱི་དུས་སུ་དགེ་ལྡན་བསྟན་པའི་སྙིང་པོ་གཞན་བསྲེས་ཀྱི་ལྷད་པ་མེད་པར་བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོས་ཡུན་རིང་བསྐྱངས་པའི་ཕྱག་རྗེས་ལས་བླ་བྲང་བཀྲ་ཤིས་འཁྱིལ་འདི་བསྟན་པའི་འབྱུང་ཁུངས་ལྟ་བུར་གྱུར་པས། དུས་ཕྱིས་དབང་ཁྲིད་ལུང་གསུམ་སོགས་བཀའ་ཆོས་དོན་གཉེར་མཁན་དང་། མདོ་སྔགས་རིག་གནས་སློབ་མཁན་གྱི་བློ་གསལ་ཕལ་ཆེར་ངང་གིས་འདུ་བ་ཞིག་ཡོད”[35]ཅེས་པ་ལྟར། དུས་རབས་བཅོ་བརྒྱད་པའི་སྟོད་ཙམ་ནས་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་སྤྲུལ་སྐུ་དང་ཅོ་ནེ་མཁན་པོ་གཉིས་ཀྱིས་མཚོན་པའི་ཕྱོགས་འདིའི་གདན་ས་ཆེན་པོ་དང་དགོན་མ་ལག་མང་པོའི་བདག་པོར་གྱུར་པའི་བླ་ཆེན་སྐོར་ཞིག་ཀྱང་གདན་ས་འདིར་ཚོགས་ཞུགས་མཛད[36]ནས་སྐུ་ཡོན་གསན་བཞེས་གནང་བར་མ་ཟད། ཀིརྟི་ཀུན་དགའ་ཆོས་འཕགས་དང་། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ། རྒྱལ་དབང་བཅུ་གསུམ་པའི་ཡོངས་འཛིན་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ། ཤར་སྐྱབས་མགོན་དྲུག་པའི་ཡོངས་འཛིན་ཁྲི་རྒན་འཇམ་པའི་དབྱངས། ཨ་རོལ་རྡོ་རྗེ་འཆང་། ཤར་སྐྱབས་མགོན་བདུན་པའི་ཡོངས་འཛིན་སྒེའུ་སྟེང་བློ་བཟང་དཔལ་ལྡན། མར་ནང་དམ་ཆོས་རྒྱ་མཚོ། ལ་མོ་སྐུ་ཕྲེང་བདུན་པ། སྐུ་འབུམ་ཨ་ཀྱཱ་བསྟན་པའི་རྒྱལ་མཚན་སོགས་ཀྱིས་མཚོན་པའི་མདོ་སྨད་ས་ཆའི་ཉེ་རབས་ཀྱི་མཁས་པ་གྲགས་ཅན་མང་པོ་ཞིག་ཀྱང་བླ་བྲང་ལ་སྐུ་དངོས་སུ་ཕེབས་ཏེ། ཀུན་མཁྱེན་ཡབ་སྲས་ཀྱི་དྲུང་ནས་དབང་ལུང་མན་ངག་གི་གདམས་པ་གསན་བཞེས་གནང་ཡོད་པ་འདི་ནི། བཀྲ་ཤིས་འཁྱིལ་གྱིས་ག་ལེ་ག་ལེར་ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཆོས་ཚུགས་ཀྱི་དབུས་ལྟ་བུའི་གོ་བབ་ཟིན་བཞིན་པའི་མཚོན་རྟགས་སུ་བགྲང་ཆོག་ལ། དུས་རབས་ཉི་ཤུ་པའི་སྟོད་དུ་པཎ་ཆེན་དགུ་པས་བཀའ་ཕབ་པ་བཞིན། ཀུན་མཁྱེན་སྐུ་ཕྲེང་ལྔ་པ་མཆོག་ནས་ཅོ་ནེའི་དགེ་བཤེས་བློ་བཟང་རྒྱ་མཚོ་སོགས་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེན་པོ་ལྔ་ལ་ཆེད་དམིགས་ཚགས་བཙུགས་ནས་གཙང་བཀྲ་ཤིས་ལྷུན་པོར་དབང་བཀའ་ཆོས་ཀྱི་དགེ་རྒན་ལ་མངགས[37]པ་ནི། མདོ་དབུས་གཉིས་ཀའི་ཆོས་རིག་འབྲེལ་བའི་ལོ་རྒྱུས་སུ་སྟོད་ཀྱི་རྒྱལ་བ་ཡབ་སྲས་ཀྱིས་བཀའ་བསྒོས་ཏེ་སྨད་ཀྱི་མཁས་པའི་ཚོགས་ཁག་ཅིག་དབུས་གཙང་གི་བསྟན་དོན་ལ་གདན་དྲངས་པ་ཐོག་མ་ཡིན་ངེས་སྙམ་ལ། དེའི་ཕྱིས་ཙམ་དུ་དགའ་ལྡན་ཕོ་བྲང་གིས་རྩ་འཛུགས་བྱས་ཏེ་ཞོལ་དཔར་ཁང་དུ་གུང་ཐང་བསྟན་པའི་སྒྲོན་མེ་དང་རྗེ་ཤེས་རབ་རྒྱ་མཚོ་གཉིས་ཀྱི་གསུང་འབུམ་ཆ་ཚང་དང་། འཇམ་དབྱངས་བཞད་པའི«འཇིགས་བྱེད་ཆོས་འབྱུང་།» དབལ་མང་པཎྜི་ཏའི«རྒྱུད་སྡེ་སྤྱིའི་རྣམ་གཞག»བཅས་བཀྲ་ཤིས་འཁྱིལ་གྱི་མཁས་པ་ཆེན་པོ་ཚོའི་ལེགས་བཤད་མང་པོ་དབུས་ནས་པར་སྐྲུན་གནང་བ[38]སོགས་ཀྱི་སྣང་ཚུལ་འདི་དག་ལས་དཔགས་ཚེ། བྱང་གཉིས་པའི་ཡུལ་དངོས་གཞི་ནི་བཀྲ་ཤིས་འཁྱིལ་ཡིན་ཞེས་པ་དེའང་ཐོག་མར་ལུང་རིགས་ཀྱི་འགྲེལ་བརྗོད་ཅིག་ཏུ་སྣང་བ་དང་། བར་དུ་བླ་བྲང་རང་ཕྱོགས་ཀྱི་ངོས་ལེན་ཐོབ་པ་བརྒྱུད། མཐར་མདོ་སྨད་སྤྱི་དང་དབུས་གཙང་གི་ཕྱོགས་ལའང་དངོས་ཡོད་གནས་སྟངས་ཀྱིས་ཤུགས་རྐྱེན་ཕར་ལ་ཐེབས་ནས་ལུང་བསྟན་གྱི་བདེན་པ་ཚུར་ལ་ར་སྤྲོད་བཞིན་ཡོད་པར་བརྩིས་ཆོག་གོ །
       གསུམ། བྱང་ཉི་མ་བླ་བྲང་ཞེས་པའི་མིང་གི་བྱུང་ཚུལ།
       དེ་ལྟར། ལུང་བསྟན་འགྲེལ་བརྗོད་ལ་གཏན་ཚིགས་ཀྱི་སྒྲུབ་བྱེད་ཚང་བ་དང་གཅིག ལུང་བསྟན་འགྲེལ་མཁན་གྱི་དབང་ཐང་མཐོ་ཞིང་རྗེས་འཇུག་མང་བ་དང་གཉིས། ལྷག་པར་དུ་ལུང་བསྟན་གྱི་དགོངས་པ་དང་མངོན་སུམ་གྱི་ལག་ལེན་གཉིས་ངོ་འཕྲོད་ཚད་ཇེ་ཆེ་ནས་ཇེ་ཆེར་གྱུར་པ་དང་གསུམ་བཅས་ནི། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆེ་བའི་ཡོན་ཏན་རྒྱལ་བའི་ལུང་ལ་གཏུགས་ནས་བསྒྲུབས་པ་ལ་མང་མས་ངོས་ལེན་བྱས་པའི་རིམ་པ་གལ་ཆེན་གསུམ་ཡིན་ལ། བཤད་ལུགས་གང་དེའི་རྩ་བ་བརྟན་ཞིང་དར་ཁྱབ་མགྱོགས་སུ་ཕྱིན་པའི་རྒྱུ་མཚན་གཙོ་བོ་གསུམ་ཡང་ཡིན། ཡིན་ན་ཡང་། “བྱང་གཉིས་པའི་ཡུལ་དངོས་གཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་”ཡིན་པའི་འགྲེལ་བརྗོད་དེ་ཉིད་མཐར་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས“བྱང་བླ་བྲང”དང“བྱང་ཉི་མ་བླ་བྲང”ཞེས་པའི་མིང་དུ་འཕོས་ཤིང་། མི་སེར་ཕལ་པའི་ངག་ཚུན་ཆད་ལ་རྒྱུན་ཆགས་སུ་འགྲོ་བ་ལ། ད་དུང་འཕེལ་རིམ་ལྷག་མ་ཁ་ཤས་བརྒྱུད་དགོས། གོང་དུ་ཞུས་ཟིན་ལྟར། ལུང་བསྟན་གྱི་དགོངས་འགྲེལ་གང་དེར་ཀུན་མཁྱེན་གསུམ་པ་ཡབ་སྲས་སོགས་མཐོ་རིམ་མི་སྣ་སྤྱི་ནས་ངོས་ལེན་གནང་ཞིང་། ལོ་རྒྱུས་བསྟན་བཅོས་རྣམས་སུའང་དར་ཁྱབ་བྱུང་བ་ནས། ཕྱིས་ཀྱི་འབྲེལ་ཡོད་ཡིག་ཚང་མང་པོར་ཡང་དེ་བཞིན་དུ་རྟག་པར་མཐོང་བ་ཞིག་ཏུ་འདུག་སྟེ། དུས་རབས་བཅུ་དགུ་པར་མཛད་པའི«དབལ་མང་པཎྜི་ཏའི་རྣམ་ཐར»དང་། «མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར།» «བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར།» ཞང་སྟོན་བསྟན་པ་རྒྱ་མཚོས་མཛད་པའི«ཀུན་མཁྱེན་བཞི་པའི་རྣམ་ཐར»དང«བླ་མ་གླིང་བསྲེའི་བཤད་པ»སོགས་ཡིག་ཆ་རྙིང་གྲས་རྣམས་སུ་མ་ཟད། མཁས་དབང་དམུ་དགེ་བསམ་གཏན་གྱིས་མཛད་པའི«རྗེ་བླ་ཁོ་རིན་པོ་ཆེའི་རྣམ་ཐར»དུའང“……བསྟན་པ་བྱང་ནས་བྱང་དུ་དར་བར་འགྱུར་རོ་ཞེས་ལུང་བསྟན་པའི་བྱང་དར་གཉིས་པའི་ལྟེ་བ། མདོ་སྔགས་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ”[39]ཞེས་དང་། མཁན་པོ་འཇམ་དབྱངས་གྲགས་པས་མཛད་པའི«ཇོ་ནང་ཆོས་འབྱུང»དུ“བྱང་བླ་བྲང”[40]ཞེས་ཡང་ཡང་ཐོན་པ་སོགས་ཐོག་མའི་ལུང་བསྟན་གྱི་འགྲེལ་བཤད་རིང་པོ་དེ་ཚིག་སྣ་བསྡུས་པའི་མིང་གི་འབོད་སྟངས་ཤིག་ཏུ་འཕོ་བཞིན་པའི་ཚུལ་གསལ་ལ། ལྷག་པར་དུ་ཀུན་མཁྱེན་སྐུ་ཕྲེང་བཞི་པས་མཛད་པའི«བཀྲ་ཤིས་འཁྱིལ་གྱི་གནས་བཤད»དུ“རྒྱལ་བས་ཤེར་ཕྱིན་དར་བའི་བྱང་གཉིས་པར། །ལུང་བསྟན་བཀྲ་ཤིས་གཡས་སུ་འཁྱིལ་བའི་སྡེའི། །”[41]ཞེས་དང་། ཆས་པ་རྒྱ་མཁར་འཇམ་དཔལ་གྲུབ་པའི་རྡོ་རྗེས་མཛད་པའི«དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཡོན་ཏན་ཕྲེང་བའི་བསྔགས་བརྗོད་ངོ་མཚར་བཻཌཱུརྱ་ལྷུན་པོ»རུའང“བཤད་སྒྲུབ་ཆོས་ཀྱི་ཆུ་བོ་འབུམ་འདུས་པ། །བསྟན་པའི་འབྱུང་གནས་ཆོས་གྲྭ་ཆེན་པོ་འདི། །ཐུབ་བསྟན་རྒྱ་མཚོ་བྱང་ནས་བྱང་དུ་ནི། །དར་ཕྱིར་ཕྱག་འདེབས་བདེན་པ་མངོན་དུ་མཛད། །”[42]ཅེས་པ་སོགས། སྐྱ་སེར་མཐོ་དམན་ཀུན་གྱིས་གོ་སླ་ཞིང་ཡིད་ལ་འཛིན་བདེ་བའི་མགུར་དང་གནས་བསྟོད་སོགས་སུའང་རྒྱལ་བས་ལུང་དུ་བསྟན་པའི་བྱང་གཉིས་པ་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་ཚུལ་གསུངས་ཤིང་ཁྱབ་པར་གྱུར་པས། རིམ་བཞིན་འཇིག་རྟེན་རྒན་པོ་ཚོའི་ངག་གཏམ་ལ་ཡང་། “བྱང་ཉི་མ་བླ་བྲང་། །འགོ་ལོག་ཨ་སྐྱོང་ཁག་གསུམ། །རེབ་གོང་ཤོག་པ་བཅུ་གཉིས། །”[43]ལྟ་བུའི་གཏམ་དཔེའི་རྣམ་པར་འཕོས་པ་དང་། མདོ་སྨད་ཡུལ་དུ་གྲགས་ཆེ་བའི་སྒྲ་སྙན་རྡུང་ལེན་དུ་“བྱང་བླ་བྲང་བཀྲ་ཤིས་གཡས་འཁྱིལ། །དགུང་སྐར་ཚོགས་ས་ལ་བབས་འདྲ། །”[44]ཞེས་ལེན་པ་སོགས། དེང་གི་དུས་སུ་ནི་ལྷག་ཏུའང་“བྱང་བླ་བྲང་”དང་“བྱང་ཉི་མ་བླ་བྲང་”ཞེས་ཀུན་གྱི་ངག་ལ་ལོབས་ཤིང་དྲ་བརྙན་ཡིག་གསུམ་དུ་རྟག་པར་མཐོང་ཞིང་ཐོས་པ་དེ་བཞིན་ནོ། །
གསུམ་པ། བྱང་གཉིས་པའི་ཡུལ་དངོས་གཞི་ནི་བླ་བྲང་ཡིན་པར་བསྒྲུབས་པའི་དོན་སྙིང་།
       རྗེ་གུང་ཐང་བ་ཡབ་སྲས་སོགས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་ནི་རྒྱལ་བའི་ལུང་གིས་བསྟན་པའི་བྱང་གཉིས་པ་ཡིན་པར་ཇི་ལྟར་བསྒྲུབས་ཤིང་འགྲེལ་ཏེ། མཁས་པ་སྔ་མ་རྣམས་ཀྱི་ལྟ་དགོངས་ལས་ལོགས་སུ་བླ་བྲང་གི་ཆེ་བའི་ཡོན་ཏན་དེ་རྒྱལ་བའི་ལུང་བསྟན་གྱིས་བསྐྱར་སྒྲུབ་གནང་དགོས་དོན་ཅི་ཡིན་ནམ་ཞེ་ན། དེ་ནི་ལུང་བསྟན་འགྲེལ་བརྗོད་ཀྱི་སྐབས་དེའི་བླ་བྲང་གི་འཕེལ་རྒྱས་ཆེན་པོ་ཁོ་ན་བཤད་པས་མི་ཡོང་བར། འཕེལ་རྒྱས་བཏང་བའི་བརྒྱུད་རིམ་གྱི་ཞིབ་ཆ་ལ་ཞུགས་ཚེ་ལན་གཞན་ཞིག་རྙེད་ཡོང་། དེ་ཡང་འཇིགས་མེད་དབང་པོས“ངེད་ཀྱིས་བོད་སྔ་ཕྱིའི་མཁས་པ་ཐམས་ཅད་ཀྱི་ལེགས་བཤད་ཆ་ཚང་བ་བཀྲ་ཤིས་འཁྱིལ་དུ་འབྱོར་བ་ཞིག་བྱེད་བསམ་པ་ཡོད”[45]ཅེས་བླ་བྲང་དུ་གྲྭ་ཚང་གསར་འཛུགས་དང་འཆད་ཉན་ལེགས་བཅོས་གནང་བ་དང་། “དགོན་པ་གཅིག་ལ་ཆོ་ག་ཐམས་ཅད་འཛུགས་དཀའ་ཡང་། དགོན་ལག་དང་བཅས་པར་རྒྱུད་སྡེ་གོང་འོག་གི་བཤད་སྒྲུབ་ཀྱི་སྲོལ་གང་ཐུབ་ཅིག་ཚུགས་དགོས”[46]ཞེས་དགོན་ལག་མང་པོ་གསར་འདེབས་དང་བདག་འཛིན་སོགས་ཐུགས་དགོངས་རྒྱ་ཆེ་བའི་བྱ་གཞག་མང་པོ་དུས་མཉམ་དུ་གནང་ལ། དེ་དག་ཐམས་ཅད་བདེ་བླག་ཉིད་དུ་གྲུབ་པ་ཞིག་ཁྱོན་ནས་མ་ཡིན་པར། ཁོང་ཉིད་འཇམ་དབྱངས་བཞད་པའི་ཡང་སྤྲུལ་དངོས་ཡིན་མིན་གྱི་རྩོད་འཐེན་ལས་གྲྭ་མང་ཐུགས་མི་མཐུན་པའི་སྣང་ཚུལ་ཡུན་རིང་དུ་གནས་པ་དང་གཅིག བསེ་ངག་དབང་བཀྲ་ཤིས་ཀྱི་སྤྲུལ་སྐུ་བླ་བྲང་བཀྲ་ཤིས་འཁྱིལ་དང་ཞལ་གྱེས་པ་དང་གཉིས། གཙོས་དགོན་པ་བླ་བྲང་གི་འཛིན་སྐྱོང་ལས་བུད་ཅིང་མཛོད་དགེ་སྒར་རྙིང་གི་ནང་ཞིག་པ་སོགས་དགོན་མ་ལག་གི་འབྲེལ་བར་རྩོད་རྙོག་དུ་མ་བྱུང་བ[47]དང་གསུམ། དགོན་གསར་ཁ་ཤས་ལ་དགོན་སའི་བདག་ཐོབ་སོགས་ཀྱིས་གནས་མ་ཐུབ་པར་འཇིག་པ[48]དང་བཞི། སྟོད་རྔ་ཁོག་དང་བྱང་རྨ་འགྲམ་ཚུན་ཆད་དུ་བླ་བྲང་གི་དགོན་ལག་མང་པོའི་གཞི་རྒྱ་བསྐྱེད་པས། ཆོས་སྲིད་སྟོབས་ཤུགས་རྙིང་གྲས་ཚོའི་ཁེ་ཕན་ལ་ཕོག་ཐུག་གཏོང་དགོས་བྱུང་བ་དང་ལྔ་སོགས་འགལ་རྐྱེན་མང་པོ་ཞིག་ལ་གདོང་གཏད་དེ་ཕྱག་རིས་རྒྱ་ཆེ་བ་དེ་དག་བསྐྲུན་པ་དང་། བསྐྲུན་ནས་གཏན་ཆགས་སུ་བྱུང་ཁོམ་མ་ཡོད་པར་གློ་བུར་དུ་སྐུ་གཤེགས་པས། གུང་ཐང་བསྟན་པའི་སྒྲོན་མེ་གཙོ་བྱས་པའི་ཁོང་གི་བུ་སློབ་རྣམས་ཀྱིས་ཐབས་མཁས་ཕུན་སུམ་ཚོགས་པ་ཞིག་མཛད་མ་ཐུབ་ཚེ། འཇིགས་མེད་དབང་པོའི་ཕྱག་རིས་རྒྱ་ཆེ་བ་དེ་དག་འགལ་རྐྱེན་གཅིག་གི་དབང་དུ་གྱུར་པས་ཀྱང་ཉམས་ཆག་ཆེན་པོ་ཐེབས་ངེས་སུ་འདུག་གོ །
       སྐབས་འདིར་མཚོན་ན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱི་ནང་གསང་གསུམ་གྱི་འཛུགས་སྐྲུན་གང་ལས་ཀྱང་། ནང་གི་འཆད་ཉན་ཡར་ལྡན་དུ་སྤེལ་བའི་རྨང་གཞིའི་སྟེང་དུ། གསང་བའི་འཛུགས་སྐྲུན་ནམ་སྙན་གྲགས་བཞེངས་སྐྲུན་དེ་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ཆོས་ལུགས་དད་པའི་ངོས་ནས་བསྒྲུབས་ཤིང་། དགོན་མ་ལག་ལྷ་སྡེ་མི་སྡེ་དང་བཅས་པའི་སེམས་ཁོང་གི་དབང་གྲགས་མཐོ་རུ་བཏེགས་ནས་ནང་གི་ཆིག་སྒྲིལ་བརྟན་པོ་དང་དགོན་པའི་དམིགས་གཞི་གསལ་པོར་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ལ། བསྟན་པ་བྱང་ནས་བྱང་དུ་དར་ཞེས་པའི་བྱང་ཕྱི་མའི་ཡུལ་དངོས་གཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་ཞེས་པའི་འགྲེལ་བརྗོད་འདིས་དེ་ལྟ་བུའི་དངོས་ཡོད་ཀྱི་དགོས་དོན་ཇི་བཞིན་དུ་འགྲུབ་ཐུབ་པ་བྱས་ཡོད་པར་མ་ཟད། ཀུན་མཁྱེན་སྐུ་ཕྲེང་དང་པོའི་ཞལ་ནས་བླ་བྲང་བཀྲ་ཤིས་འཁྱིལ་ནི་རྒྱལ་བས་ལུང་དུ་བསྟན་པའི་གནས་ཡིན་ཞེས་པའི་གསུང་རྒྱུན་ལ་གཞི་བྱས་ཤིང་། ཀུན་མཁྱེན་འཇིགས་མེད་དབང་པོས། “……འདི་ཕྱོགས་ཀྱི་དགོན་ཆེ་ཕྲ་ཐམས་ཅད་དགོན་ལག་གི་མིང་བཏགས་མ་བཏགས་གང་ལྟར་ཡང་མཆོད་རྟེན་ལ་བང་རིམ་གྱི་ཚུལ་དུ་གཞི་བཀྲ་ཤིས་འཁྱིལ་ལ་བརྟེན་ནས་ཆགས་དགོས”[49]ཞེས་བླ་བྲང་དགོན་པ་འདི་ཡུལ་ཁམས་ཤིག་གི་ཆོས་རིག་གི་ལྟེ་གནས་སུ་བསྒྱུར་རྒྱུའི་ཐུགས་དགོངས་དང་ཀུན་ནས་འཚམ་པའི“སྲོལ་རྒྱུན་གྱི་གསར་གཏོད་”ཅིག་སྟེ། ཀུན་མཁྱེན་སྐུ་ཕྲེང་སྔ་ཕྱིའི་འཕྲིན་ལས་ཀྱི་ལུགས་མཐུན་རང་བཞིན་ལ་འགྲེལ་བཤད་དང་ངོས་ལེན་ཡོང་བར་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་ནོ། །
       དེ་ལས་ཀྱང་དོན་སྙིང་ཁྱད་པར་བ་གཞན་ཞིག་ནི། གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་འདི་རྒྱལ་བའི་ལུང་བསྟན་ཁྲོད་ཀྱི་བྱང་གཉིས་པ་ཡིན་པར་འགྲེལ་ཞིང་བསྒྲུབས་རྗེས། ཕྱིས་ཀྱི་ཆོས་སྲིད་སྣེ་མོ་བ་ཚོས་ཀྱང་དེ་ལ་ཡིད་ཆེས་དང་ངོས་ལེན་བྱས་ཤིང་། གདན་ས་དེ་ཉིད་དངོས་ཡོད་ཁྲོད་ཀྱི་དབུས་གཙང་གཉིས་པ་ལྟ་བུའི་བསྟན་པའི་འབྱུང་གནས་ཤིག་ཏུ་བསྐྲུན་ནས། ལུང་བསྟན་གྱི་དགོངས་དོན་མངོན་དུ་འགྱུར་རྒྱུ་དེ་དགོན་པ་འཛིན་སྐྱོང་གི་དམིགས་ཚད་དུ་བཟུང་ཡོད་པ་འདི་ལྟ་སྟེ།
       ཀུན་མཁྱེན་གསུམ་པ་འཇིགས་མེད་རྒྱ་མཚོ་དབུས་ལ་ཕེབས་ཁའི་བཀའ་ཤོག་ཏུ། “བླ་མ་གོང་མ་རྣམས་ནས་དགོན་པ་འདི་ཕྱག་འདེབས་མཛད་དེ་བཀའ་དྲིན་ཚད་མེད་པའི་སྒོ་ནས་སྐྱོང་བར་མཛད་པའི་དགོངས་གཏིང་ནི། སངས་རྒྱས་ཀྱི་བསྟན་པའི་འབྱུང་ཁུངས་སུ་འགྱུར་བ་ཞིག་ཨེ་ཡོང་ཁོ་ནའི་ཆེད་ཡིན།”[50]ཞེས་དངོས་སུ་ཞལ་བཞེས་གནང་ཡོད་པ་དང་། སྐུ་གཤེགས་ཁའི་ཞལ་ཆེམས་སུ་“……ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པས་ཀྱང་། དེ་ལྟར་དུ་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་སྡེ་འདི་ཉིད་བཏབ་ཅིང་འཆད་ཉན་ཚུགས། དེ་བཞིན་དུ་ཀུན་མཁྱེན་སྐུ་ཕྲེང་བར་པས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་སོགས་གོང་འཕེལ་དུ་བཏང་བས། དགོན་པ་འདི་ཀུན་གྱིས་དབུས་གཙང་གཉིས་པ་ལྟ་བུ་ཡིན་ཟེར་ཞིང་། ཡིན་ཡང་ཡིན། དེས་ན་ཁྱེད་རང་རྣམ་པ་ཚོས་རང་རང་གི་སྟེང་ན་འགྲིག་ལམ་རེ་འཁུར་རྒྱུ་ཡོད་པ་དེ་ལེགས་པར་ཁུར་ན།”[51]ཞེས་བུ་སློབ་རྣམས་ལ་དེ་བཞིན་གྱི་ཁུར་གཏད་འདུག་པ་དང་། ཀུན་མཁྱེན་སྐུ་ཕྲེང་བཞི་པས་ཀྱང་དེ་བཞིན་དུ། “དགོན་སྡེ་འདི་ཚོ་བསྟན་པའི་འབྱུང་གནས་གཉིས་པར་བྱེད་དགོས”[52]པས། དབུས་གཙང་ན་ཉག་ཕྲ་བའི་ཆོས་རྒྱུན་རྣམས་བཀྲ་ཤིས་འཁྱིལ་ནས་འཛིན་ཅི་ཐུབ་བྱེད་དགོས་པའི་བཀའ་བབས་པ་སོགས། ཀུན་མཁྱེན་ཕྱི་མ་རྣམས་ཀྱི་རྣམ་ཐར་ལ་ཞིབ་ཏུ་བརྟགས་ན་བྱང་གཉིས་པའི་ལུང་བསྟན་གྱི་དགོངས་པ་མངོན་དུ་འགྱུར་རྒྱུ་དེ་དགོན་པ་འཛིན་སྐྱོང་གི་དམིགས་གཞིར་བཟུང་ཡོད་པའི་གསུང་གི་བདེན་དཔང་མང་དུ་མཐོང་ཐུབ། དོན་དངོས་ཀྱི་གནས་ཚུལ་ལའང་། གདན་ས་རང་དུ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་སོ་སོར་གནང་སའི་གྲྭ་ཚང་དྲུག་ལ། གྲྭ་པ་སྟོང་ཕྲག་གསུམ་དང་། གསེར་ཁྲི་རྣམ་བཞི། མཁན་པོ་རྣམ་བརྒྱད། རྡུལ་ནག་ཅན་ལྔ་བརྒྱ་ཞེས་པའི་སྙན་གྲགས་ཆེ་བར་གྱུར། བཀྲ་ཤིས་འཁྱིལ་ཕྱག་བཏབ་ནས་མི་ལོ་ཉིས་བརྒྱ་ལྷག་གི་རིང་ལ་གདན་ས་འདིར་མཁས་པ་བརྩམས་ཆོས་ཅན་བརྒྱད་ཅུ་རྩ་གྲངས་ཤིག་བྱུང་འདུག་ལ། དབང་ལུང་མན་ངག་གི་མཛོད་འཛིན་པའི་ཡོངས་གྲགས་ཀྱི་མཁས་པ་ཆེན་པོ་རྒྱུན་ཆད་མེད་པར་བྱོན་པས། མདོ་སྨད་ལྷོ་རྒྱུད་ཀྱིས་གཙོ་བྱས་ཏེ་ཤར་རྒྱལ་རོང་དང་བྱང་གི་སོག་པོ་ཚོ་ཆེན་ཞེ་དགུའི་བར་དུ་ས་ཁོངས་གཅིག་གི་ཁྱབ་ཁོངས་ལས་བརྒལ་བའི་ཡུལ་གྲུ་མང་པོར་དགོན་ལག་གི་འཁོར་རྒྱ་ཆེ་བར་རྒྱས་ཤིང་། 1947ལོར་གཞུང་ངོས་ནས་བསྒྲིགས་པའི་ཡིག་ཆར་བཀྲ་ཤིས་འཁྱིལ་ལ་བང་རིམ་གྱི་ཚུལ་དུ་གནས་པའི་དགོན་སྒྲུབ་སྡེ་བརྒྱ་དང་བཞི་བཅུ་ཡས་མས་ཤིག་འདུག[53]པ་སྟེ། བླ་བྲང་ནི་ག་ལེ་ག་ལེར་ཡུལ་ཁམས་ངེས་ཅན་ཞིག་གི་ཆོས་རིག་ལྟེ་གནས་སུ་གྱུར་ནས། དུས་ད་ལྟ་ལ་ཐུག་གི་རིང་ལ་འགལ་རྐྱེན་ཆེ་ཆུང་གང་གིས་ཀྱང་མི་ཚུགས་པར་དབུ་འཕང་མཐོན་པོར་གནས་དོན་ཡང་གདན་ས་འདི་ཉིད་བྱང་གཉིས་པའི་ལྟེ་བར་འགྱུར་དགོས་པའི་ཐུགས་བསྐྱེད་འདིས་ཀྱང་ཡིན་སྲིད་དམ་སྙམ་མོ། །
       མདོར་ན། བྱང་ཉི་མ་བླ་བྲང་ཞེས་བསྔགས་བརྗོད་ཀྱི་མིང་འདི་ནི་ཕལ་པའི་ངག་ལ་བབ་ཅོལ་དུ་སྨྲས་ཏེ་རྒྱུན་ཆགས་སུ་སོང་བ་ཞིག་མ་ཡིན་པར། འདི་ནས་ཡར་ལ་བརྩིས་པའི་མི་ལོ་ཉིས་བརྒྱའི་སྔུན་ལ་རྗེ་གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱིས་དུས་ཐོག་དེའི་དངོས་ཡོད་གནས་སྟངས་ལ་གཞི་བྱས་ཤིང་། སྐྱེས་བུ་གཞན་གྱི་བཀའ་གསུང་ལ་རྒྱབ་བཅོལ་བ་དང་། ལུང་རིགས་ཀྱི་སྒྲུབ་བྱེད་དང་བཅས་ཏེ། རྒྱལ་བའི་ལུང་གིས་བསྟན་པའི་བྱང་གཉིས་པའི་ཡུལ་དངོས་གཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་ཞེས་དགོན་པའི་ཆེ་བའི་ཡོན་ཏན་མང་དུ་བསྒྲུབས་པ་དེ་ལས་ཚུར་འཕོས་པ་ཞིག་སྟེ། ལུང་བསྟན་རང་གི་ངོས་ནས་བྱང་གཉིས་པའི་ཡུལ་དངོས་གཞི་དེ་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་མིན་ནི་གསང་བ་ཆོས་ལུགས་ཀྱི་དོན་དག་ཅིག་ལས་བདེན་རྫུན་གྱི་ཁྲུན་ཐག་གཅོད་ཐབས་མེད་མོད། ཕྱིས་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་གྱིས་ལུང་ཚིག་གི་བསྟན་དོན་བཞིན་དུ་མདོ་སྨད་ས་ཆར་ཆོས་ཚིགས་ཀྱི་དབུས་ལྟ་བུའི་གོ་བབ་ཟིན་པ་དང་གཅིག རྗེས་འཇུག་མཁས་པ་མང་པོ་ཞིག་གིས་ཡིག་ཐོག་ངག་ཐོག་གཉིས་ཀ་ནས་དང་ལེན་དང་བརྒྱུད་སྒྲོག་མཚམས་མ་ཆད་པར་གནང་བ་དང་གཉིས། ཁྱད་པར་དུ་ཀུན་གྱིས་གོ་སླ་བའི་མགུར་དང་གནས་བསྟོད་སོགས་སུ་བྱང་གཉིས་པ་དང་བྱང་བླ་བྲང་ཞེས་ཡང་ཡང་ཐོན་པ་སོགས་ཀྱི་དབང་གིས། རིམ་བཞིན་སྔར་མཁས་པའི་བསྟན་བཅོས་སུ་བྲིས་པའི་ལུང་བསྟན་གྱི་འགྲེལ་བརྗོད་དེ་ལ་མང་མའི་ངོས་ལེན་ལེགས་པར་ཐོབ་སྟེ། འཇིག་རྟེན་པའི་གཏམ་དཔེ་དང་གླུ་ཚིག་ཡན་ཆད་དུ་བྱང་ཉི་མ་བླ་བྲང་ཞེས་དར་ཞིང་ཁྱབ་ནས་ཐུན་མོང་གི་གཏམ་སྦྱོར་ཞིག་ཏུ་གྱུར་འདུག་གོ །དེའི་གནས་འགྱུར་གྱི་རིམ་པ་དང་སྐབས་འབྲེལ་གྱི་ལོ་རྒྱུས་སོགས་ལ་དཔྱད་ཚེ། རྗེ་གུང་ཐང་བ་སོགས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་རྒྱལ་བའི་ལུང་བསྟན་ཁྲོད་ཀྱི་བྱང་གཉིས་པ་ཡིན་པར་འགྲེལ་བརྗོད་གནང་བ་དེ་ནི་བླ་བྲང་དགོན་པའི་སྙན་གྲགས་བཞེངས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། ཀུན་མཁྱེན་སྐུ་ཕྲེང་གོང་མ་གཉིས་ཀྱི་ཐུགས་དགོངས་འཕྲིན་ལས་ཀྱི་སྡོམ་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཕེལ་རྒྱས་ཀྱི་དམིགས་ཚད་ལྟ་བུར་གྱུར་ནས། བླ་བྲང་གི་ལོ་རྒྱུས་འཕེལ་ཕྱོགས་ལའང་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་ནོ། །

ལུངས་འདྲེན་དཔྱད་ཡིག
[1] ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། «དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་འབྱུང་ཁམས་གསུམ་ལས་རྣམ་པར་རྒྱལ་བ་དངོས་གྲུབ་ཀྱི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །»བླ་བྲང་པར་མ། ཤོག་ངོས་416b
[2] «འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བཞུགས་སོ། །»སྡེ་དགེ་པར་མ། ཤོག་ངོས་316b-317a
[3][4] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། «སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན།»ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་50 ཤ46
[5][13] གུང་ཐང་བསྟན་པའི་སྒྲོན་མེ། «ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར།»ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་454 ཤ463
[6] ཀུན་མཁྱེན་འཇམ་དབྱངས་བཞད་པ། «དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་ཆོས་གླིང་གི་བཅའ་ཡིག་ཕན་བདེ་ཀུན་འབྱུང་བཞུགས་སོ། །»བླ་བྲང་པར་མ། ཤོག་ངོས་4b
[7][8] བསེ་ངག་དབང་བཀྲ་ཤིས། «རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་པ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀཻ་ཏ་ཀའི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །»བླ་བྲང་པར་མ། ཤོག་ངོས་124a-124b ཤ141a
[9][11][12] དབལ་མང་པཎ་ཌི་ཊས་མཛད། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། «བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན།» ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་120
[10] རྗེ་ཤེས་རབ་རྒྱ་མཚོ། «དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པའི་གཏེར་མཛོད་རྗེ་ཤེས་རབ་རྒྱ་མཚོ་དཔལ་བཟང་བོའི་གསུང་འབུམ་བཞུགས་སོ། །»(པོད་དང་པོ།)«མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད།»ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་6 ཤ113-114 ཤ114
[14] ལྔ་བརྒྱ་ཐ་མ་ལ་རྟགས་ཙམ་འཛིན་པ་དང་ལྔ་བརྒྱ་ཕྲག་བཅུའི་ཕྱི་མ་ལྔ་ལ་ངོས་འཛིན་པའི་ལུགས་གཉིས་ཡོད་ཀྱང་རྗེ་རིན་པོ་ཆེའི«ལེགས་བཤད་གསེར་ཕྲེང»དུ་ཕྱི་མ་འཐད་ཕྱོགས་སུ་མཛད་ཡོད་པ་ལྟར། ལྔ་བརྒྱ་ཐ་མ་ནི་ལྔ་བརྒྱ་ཕྲག་བཅུའི་ཕྱི་མ་ལྔ་ལ་ངོས་འཛིན་དགོས་པར་དགོངས། (གོང་དང་མཚུངས། ཤོག་ངོས་463)
[15] རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་སུམ་པ་མཁན་པོ་སོགས་བོད་ཀྱི་མཁས་པ་དུ་མ་ཞིག་གིས་བྱང་གཉིས་པ་ནི་སོག་ཡུལ་ཡིན་པར་བཞེད་ལ། ཁྱད་པར«ཧོར་གྱི་ཆོས་འབྱུང»དུ། བྱང་གཉིས་པ་ནི་“……བདག་གི་བླ་མ་གུང་ཐང་ཐམས་ཅད་མཁྱེན་པས། བླ་བྲང་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བསྟན་པ་དར་ཚུལ་ལུང་བསྟན་པར་གསུངས་པ་ལྟར་ལགས་ལ། ཚིག་གཅིག་དོན་དུ་མ་ལ་འཇུག་པ་མང་བས་སོག་ཡུལ་དུ་བསྟན་པ་དར་བར་ལུང་བསྟན་པར་ངོས་གཟུང་དུ་ཡང་རུང་སྟེ།”ཞེས་སུམ་པའི་ལུགས་བཞིན་ཧོར་ཡུལ་ལའང་འཇུག་ཚུལ་གསུངས་པ་ནས་བཟུང་། བྱང་གཉིས་པ་སོག་ཡུལ་དུ་ངོས་འཛིན་པའང་ཁྱབ་ཆེའོ། །(འཇིགས་མེད་རིག་པའི་རྡོ་རྗེ། «ཧོར་གྱི་ཆོས་འབྱུང་བཞུགས་སོ། །»«མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་དཔེ་ཚོགས།»ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993ལོ། ཤོག་ངོས་83)
[16] གུང་ཐང་བསྟན་པའི་སྒྲོན་མེ། «མཁས་བཙུན་བཟང་བོའི་བདག་ཉིད་སྒོ་མང་མཁན་རིན་པོ་ཆེ་བློ་བཟང་ཆོས་དར་བའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་གཟུར་གནས་མཁས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །»བླ་བྲང་པར་མ། ཤོག་ངོས་4a
[17][18][20] གུང་ཐང་བསྟན་པའི་སྒྲོན་མེ། «ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར།»«ཀན་སུའུ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ།»ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་464 ཤ464-465 ཤ464
[19] ཀུན་མཁྱེན་འཇམ་དབྱངས་བཞད་པ། «བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་མཐའ་དཔྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཀུན་གསལ་བའི་རིན་ཆེན་སྒྲོན་མེ་ཞེས་བྱ་བ་ལེགས་པར་བཞུགས་སོ། །»བླ་བྲང་པར་མ། ཤོག་ངོས་168a

[21] [英]齐格蒙特·鲍曼著,郑莉译:《作为实践的文化》,北京:北京大学出版社,2009年,第61页。
[22] དབལ་མང་པཎ་ཌི་ཊས་མཛད། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། «བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན།»«ཀན་སུའུ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ།»ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་302
[23] “རྭ་སྒྲེང་གི་ལུང་བསྟན་ཐམས་ཅད་བཀྲ་ཤིས་འཁྱིལ་གྱིས་ཕྱོགས་འདིར་ཡང་ཕྱིས་སུ་བཏགས་པ་མ་ཡིན་པར་སྔ་མོ་ནས་ཤིན་ཏུ་གསལ་བར་ཚང་བ་དང་། ཤེར་མདོ་ལས་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་པའི་བྱང་དང་པོ་དབུས་གཙང་ཡིན་པར་གྲགས་ཆེ་ཞིང་། བྱང་ཕྱི་མ་ཕྱོགས་འདིར་རྩོད་མེད་ཀྱི་དམ་པ་དུ་མས་གསུངས་……”(གུང་ཐང་བསྟན་པའི་སྒྲོན་མེ། «གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ།»(ཉ།) པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་210)
[24] “ཁྱད་པར་བསྟན་པ་བྱང་ནས་བྱང་དུ་དར་བར་ལུང་བསྟན་པ་ཆོས་སྡེ་འདི་ཉིད་ཡིན་པར་ཀློང་རྡོལ་བླ་མ་རིན་པོ་ཆེ་སོགས་ཚད་མའི་སྐྱེས་བུ་དུ་མས་གསུངས་……”(གུང་ཐང་བསྟན་པའི་སྒྲོན་མེ། «གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ།»(ཅ།) པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་393)
[25] གུང་ཐང་བསྟན་པའི་སྒྲོན་མེ། «དཔལ་ལྡན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་བའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་གསང་ཆེན་ཆོས་ཀྱིས་བསྔགས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །»བླ་བྲང་པར་མ། ཤོག་ངོས་20b
[26] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། «དབལ་མང་པཎྜི་ཏའི་རྣམ་ཐར།»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2001ལོ། ཤོག་ངོས་303
[27] དབལ་མང་པཎ་ཌི་ཊས་མཛད། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། «བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན།»ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་112-113
[28] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། «མདོ་སྨད་ཆོས་འབྱུང་།»ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་361
[29] གོང་དང་མཚུངས། ཤོག་ངོས་366
[30] བྲག་དགོན་པ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་བཞུགས་སྐབས། ཚོགས་གཏམ་དུ་“སྡེ་འདིར་འཇུག་པ་པོའི་རྟེན་གྱི་གང་ཟག་ལྟ་གྲུབ་གཙང་དགོས་པར་གསུངས་པ་ཡང་། བཀའ་གདམས་བསྟན་པའི་སྙིང་བོ་ཤེར་ཕྱིན་གྱི་འཆད་ཉན་བྱང་ནས་བྱང་དུ་དར་བའི་གནས་དངོས་གཞི་དགོན་སྡེ་འདི་ཉིད་ཡིན་པར་དགོངས་”ཞེས་གསུངས་ཡོད།(སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། «བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར།»པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2020ལོ། ཤོག་ངོས་233)
[31] «དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པའི་གཏེར་མཛོད་རྗེ་ཤེས་རབ་རྒྱ་མཚོ་དཔལ་བཟང་བོའི་གསུང་འབུམ་བཞུགས་སོ། །»(པོད་དང་པོ།) «མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད།»ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་448-449
[32] འཇིགས་མེད་དབང་པོས་མ་དགོན་བླ་བྲང་བཀྲ་ཤིས་འཁྱིལ་དུ་བླ་བྲང་དཔར་ཁང་ཆེན་མོ་བཙུགས་རྗེས། ཁོང་གི་བུ་ཆེན་དབལ་མང་པཎྜི་ཏས་ཨ་མཆོག་དགོན་དང་མཛོད་དགེ་སྒར་སར་གཉིས་ཀར་དཔར་ཁང་གསར་སྐྲུན་གནང་བ་དང་། དེ་ནས་རིམ་པ་བཞིན་དུ་འབོ་ར་དགོན་དང་ཤིས་ཚང་སྒར་སར་དགོན། མཆོད་རྟེན་ཤར་དགོན། ཅོ་ནེ་ཆོས་དཔལ་ཞིང་བཅས་བླ་བྲང་གི་དགོན་ལག་ཆེ་གྲས་མང་པོར་བླ་བྲང་དཔར་ཁང་གི་ཡན་ལག་ལྟ་བུའི་དཔར་ཁང་མང་དུ་བཙུགས་ནས་མདོ་སྔགས་གཉིས་ཀྱི་འཆད་ཉན་ལ་ཉེ་བར་མཁོ་བའི་བསྟན་བཅོས་རྣམས་དང་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་འབུམ་དཔར་དུ་བསྐྲུན་ཡོད་དོ། །
[33] ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས། «ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ།»(གླེགས་བམ་གཉིས་པ།) པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་110-111
[34] ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་སོགས། «རོང་ཆེན་ལྗགས་ནག་པ་ཀིརྟི་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས།»(སྨད་ཆ།) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་273
[35] གོང་དང་མཚུངས། ཤོག་ངོས་273-274
[36] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། «མདོ་སྨད་ཆོས་འབྱུང་།»ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་442
[37] 1921ལོར་པཎ་ཆེན་སྐུ་ཕྲེང་དགུ་པའི་བཀའ་བབས་བཞིན། ཅོ་ནེ་བློ་བཟང་རྒྱ་མཚོ་དང་དམུ་དགེ་ཐུབ་བསྟན། གྲོ་ཚང་བློ་བཟང་ཡོན་ཏན། སོག་པོ་བཀྲ་ཤིས་རྡོ་རྗེ། སོག་པོ་དགེ་བསམ་འཕེལ་བཅས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་བགྲེས་གཞོན་ལྔ་ལ་ཚགས་བཙུགས་ནས་གཙང་དུ་མངགས་ཤིང་། ཁོང་རྣམས་ཀྱིས་ཀྱང་བཀྲ་ཤིས་ལྷུན་པོ་གཙོ་བྱས་པའི་དབུས་གཙང་གཉིས་སུ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཡོད་ལ། ཁྱད་པར་དུ་ཅོ་ནེ་བློ་བཟང་ཚུལ་ཁྲིམས་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་བཀའ་བཞིན་བཀའ་འགྱུར་དཀར་ཆག་རྩོམ་སྒྲིག་གི་ལས་གྲྭར་ཡང་ཞུགས་མྱོང་ངོ་། །(རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོ། «ཀུན་མཁྱེན་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར།»པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་90; རྒན་གྱའི་དཀོན་མཆོག་རྒྱ་མཚོ། «ཀུན་མཁྱེན་ཡབ་སྲས་ཀྱི་རྣམ་ཐར་ཟུར་འདེབས་དང་གདན་རབས་ཁག་གཉིས།»ཞང་ཀང་། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། 2020ལོ། ཤོག་ངོས་193)
[38] ལྷ་ལྡན་ཞོལ་དཔར་ཁང་གི་དཔར་ཐོར་གསལ། ད་ལྟ་པོ་ཏ་ལ་དོ་དམ་ཁང་དུ་ཉར་ཡོད།
[39] དམུ་དགེ་བསམ་གཏན། «རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་བོའི་གསུང་འབུམ་པོད་དང་པོ་བཞུགས་སོ། །»ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་55
[40] ངག་དབང་བློ་གྲོས་གྲགས་པ། «ཇོ་ནང་ཆོས་འབྱུང་བའི་སྒྲོན་མེ།»པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས་146
[41] སྐལ་བཟང་ཐུབ་བསྟན་དབང་ཕྱུག «ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གནས་བཤད་སྐལ་བཟང་མགྲིན་རྒྱན་མུ་ཏིག་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །»བླ་བྲང་པར་མ། ཤོག་ངོས་6b-7a
[42] ངག་དབང་དགེ་འདུན་སངས་རྒྱས་རྒྱ་མཚོ། «རྒྱ་མཁར་གྲུབ་ཆེན་པའི་གསུང་འབུམ།»པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2020ལོ། ཤོག་ངོས་360-361
[43] གཏམ་དཔེ་འདི་ནི་ཕྱོགས་འདིའི་རྒན་རབས་ཚོའི་ངག་ལས་རྟག་པར་གོ་རྒྱུ་ཡོད་པར་མ་ཟད། མཚོ་སྔོན་རྒྱང་སྒྲོག་ཁང་གིས་བསྒྲུབས་པའི་“སྲིད་པ་རྒད་པོ་རྟགས་མ་”ཡི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གསུམ་པའི་ནང་དུ་གཏམ་བཤད་པ་ཁ་ཤས་ཀྱི་ངག་ཏུའང་གླེང་ངོ་། །
[44] བདུད་བྷེའི་རྡུང་ལེན་གྲགས་ཅན«གུང་ཐང་རྗེས་དྲན»དུ་གསལ།
[45] གུང་ཐང་བསྟན་པའི་སྒྲོན་མེ། «ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར།»«ཀན་སུའུ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ།»ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་436
[46] གོང་དང་མཚུངས། ཤོག་ངོས་390
[47] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། «མདོ་སྨད་ཆོས་འབྱུང་།»ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་556、562
[48] འཇིགས་མེད་དབང་པོས་རྔ་བ་སྒོ་མང་དགོན་པའི་སྔོན་ལ་རྔ་སྟོད་དུ་ཆེས་ཐོག་མར་བཏབ་པའི་དགོན་པ་ནི་ཆེར་གནས་མ་ཐུབ་པར་འཇིག་ཅིང་། རྨ་རྨེ་འདྲེ་མདོའི་ཚ་ཀན་བཱེ་ཤིང་དགོན་པའང་དགོན་སའི་བདག་དབང་གིས་ཡུན་རིང་བར་དུ་རི་ཁྲོད་ཀྱི་ཚུལ་དུ་ལུས་པ་སོགས་དགོན་ལག་མང་པོ་གསར་འདེབས་གནང་བ་ལ་བར་ཆད་མང་པོ་བྱུང་ཡོད།
[49] གུང་ཐང་བསྟན་པའི་སྒྲོན་མེ། «ཀུན་མཁྱེན་འཇིགས་མེད་དབངཔོའི་རྣམ་ཐར།»«ཀན་སུའུ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ།»ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་390
[50] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། «མདོ་སྨད་ཆོས་འབྱུང་།»ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་440

[51] རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། «ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།»ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2020ལོ། ཤོག་ངོས་255
[52] «རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བདག་ཉིད་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་གྱི་ས་བོན་དྲང་པོའི་གཏམ་གྱི་ཚངས་ཐིག་ཅེས་བྱ་བ་བཞུགས་སོ། །»ཆོས་དཔལ་ཞིང་གི་ཤིང་པར་མ། ཤོག་ངོས37a
[53] 五世嘉木样治丧委员会编:《辅国阐化正觉禅师第五世嘉木样呼图克图纪念集》(藏汉两语文版),1948年,第54-6
འབྲེལ་ཡོད་འོས་སྦྱོར།