logo

སྣང་རའི་སྟོང་དཔོན་གཞིས་ཀ

རྩོམ་པ་པོ།: ཡོང་ཁུངས།:རྨ་ལྷོའི་མི་རིགས་སྐད་ཡིག་སྤྱི་སྟེགས། དུས་ཚོད།:2026-07-31 ཀློག་གྲངས།:
       སྣང་རའི་སྟོང་དཔོན་ཚང་གི་གཞིས་ཀ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་ནས་ལྷོ་ཕྱོགས་སུ་སྤྱི་ལེ1ཙམ་གྱི་སར་གྲམ་པ་ནང་སྡེ་བར་ཡོད། མཚོ་འཕགས་ལ་རྨིད2115ཡོད། སའི་གོ་ལའི་འཕྲེད་ཐིག35°88'01"དང་གཞུང་ཐིག102°03'32"ཀྱི་སྟེང་ན་ཡོད། གཞིས་ཀ་འདིའི་ཤར་ཕྱོགས་ནི་སྣང་ར་གྲམ་པ་ཡིན་ལ། ལྷོ་ཕྱོགས་ནི་རྔ་བ་དགོན་པ་ཡིན། ནུབ་ཕྱོགས་ནི་ཁམས་རི་ལབ་ཙེ་ཡིན་ལ། བྱང་ཕྱོགས་ནི་རྗེ་ཀུན་མཁྱེན་འཇིགས་མེད་དབང་བོའི་འཁྲུངས་གཞིས་ཡིན།
       གཞིས་ཀ་འདི་ནི་སྣང་རའི་དཔོན་རབས་བདུན་པ་སྟོང་དཔོན་དབང་ཆེན་དོན་གྲུབ་ཀྱིས་དཔོན་པོ་རིམ་བྱོན་གྱི་བཞུགས་གནས་དང་། ཆོས་སྲིད་གཉིས་ཀྱི་བྱ་བཞག་སྤེལ་བར་དམིགས་ནས་སྤྱི་ལོ1949ལོར་བསྐྱར་བཞེངས་བྱས་ཏེ་ལེགས་པར་གྲུབ། གཞིས་ཀ་འདིའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ3270དང་མཁར་གྱང་གི་མཐོ་ཚད་ལ་རྨིད7ལྷག་ཡོད། གཞིས་ཀ་འདི་ལ་ལྷས་ཕྱི་ནང་གཉིས་ཡོད་པ་དང་ཐེམ་པ་རིམ་པ་གཉིས་སུ་དགར་ཡོད་ལ། ལྷས་ཕྱི་མའི་ཕྱོགས་བཞིར་རྒྱ་ཕིབས་མེད་པའི་བོད་ལུགས་ཀྱི་ཁང་བ་ཉིས་ཐོག་ཅན་ཡིན། ཕྱོགས་བཞིར་ཁང་བ་གྱན་བདུན་རེ་དང་། གྱན་རེ་རེའི་བར་ཐག་ལ་རྨིད2.6ཡོད། ཉིས་ཐོག་གི་ཁྱམས་ར་བཞི་བསྐོར་དུ་ཡོད་ལ། དེའི་དཀྱིལ་གྱི་ལྷས་ར་ནང་མར་ཕར་ཚུར་འགྲོ་འོང་བྱེད་ཆོག་པ་དང་གོང་འོག་ལ་ཐེམ་སྐས་ཡོད། ཁང་བ་དེའི་རྒྱབ་ཕྱོགས་སུ་ཤར་ནུབ་ཁ་སྤྲོད་ཅན་གྱི་བདེ་ཁང་གྱན་ལྔ་རེ་ཡོད། གཞུག་གི་གྲུ་ཟུར་གཉིས་སུ་སོ་སོར་ལྷས་ར་ཆུང་བ་རེ་ཡོད་པ་དང་། ཟུར་ཐོག་གོང་འོག་གཉིས་ལ་ཁང་མིག་དྲུག་དང་ཕྱེད་ཀ་ཡོད་པ་ནི་བསྐང་གསོལ་འདོན་ས་དང་བླ་མ་གདན་འདྲེན་ཞུ་ས་ཡིན། དཀྱིལ་གྱི་གྱན་ལྔ་མཆོད་ཁང་ཡིན།
       གཞིས་ཀའི་སྒོ་ཆེན་ཁང་པ་ཉིས་ཐོག་ཅན་དུ་བྱས་ཡོད་ལ། སྒོ་ལེབ་གཉིས་པོ་དམར་མདོག་ཏུ་བྱས་པས་ཡ་མོན(衙门)དང་ཧ་ཅང་འདྲ། འཛུགས་སྐྲུན་ལ་ས་བབ་ཀྱི་ཁྱད་ཆོས་དང་། མཐོ་དམན་རིང་ཐུང་སོགས་བཀོད་སྒྲིག་བྱས་པ་ལེགས་ཤིང་། བཟོ་རྩལ་འབུར་དུ་ཐོན་ཡོད་པ་མ་ཟད་རྒྱའི་ལུགས་ཀྱི་ཕོ་བྲང་གི་བཟོ་བཀོད་དང་ས་གནས་བོད་མི་རིགས་ཀྱི་བཟོ་བཀོད་གཉིས་ཀྱི་ཁྱད་ཆོས་ཟུང་དུ་འབྲེལ་བའི་རིག་གནས་ཤུལ་བཞག་རྩ་ཆེན་ཞིག་ཡིན།
       སྤྱི་ལོ1998ལོའི་ཟླ12པའི་ཚེས22ཉིན་གཞིས་ཀ་འདི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྐབས་དྲུག་པའི་ཞིང་ཆེན་རིམ་པའི་རིག་དངོས་ཤུལ་བཞག་སྲུང་སྐྱོབ་སྡེ་ཚན་དུ་བདམས་པ་རེད།
—«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»ལས་རྨ་ལྷོའི་གླེགས་བམ་ལ་གཞིར་བྱས་ཏེ་རྩོམ་སྒྲིག་བྱས།
འབྲེལ་ཡོད་འོས་སྦྱོར།