logo

སྒ་ཁྲི་འདུའི་སྐྱེ་རི་གེ་སར་དང་གེ་སར་ལྷ་ཁང་ལ་མཇལ་བ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-08-14 ཀློག་གྲངས།:
       མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི2025ལོའི་མཚོ་སྔོན་ཞིང་ཆེན“ཁུ་ནུའི་འཇོན་མི་མཐོ་རིམ་གསར་གཏོད་དང་ལས་གཏོད་འཇོན་མི”རྣམ་གྲངས་ཀྱི་མཆོག་གྱུར་འཇོན་མི་གསོ་སྐྱོང་དང་། 2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པའི་ཡུལ་དངོས་བརྟག་དཔྱད་ཚོ་ཆུང་དེ་སྤྱི་ཟླ8པའི་ཚེས4ཉིན་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ཕྱོགས་སུ་བསྐྱོད། ཕྱི་དྲོ་དུས་ཚོད་བཞི་ཡས་མས་ལ་ཁྲི་འདུ་རྫོང་ཁོངས་སུ་ཐོན་ཞིང་འབྲི་ཆུ་གཙང་པོའི་འགྲམ་རྒྱུད་ཀྱི་ལམ་ཕྲན་དོག་མོ་ཞིག་བརྒྱུད་དེ་དུས་ཚོད་དྲུག་གི་སྟེང་དུ་ལབ་ཤང་ལྷ་སའི་ཐང་གྲོང་ཚོར་ཐོན། ཚེས5ཉིན་གྱི་ཞོགས་པར་སྐྱེ་རི་གེ་སར་དང་གེ་སར་ལྷ་ཁང་ལ་ཡུལ་དངོས་བརྟག་དཔྱད་བྱས།
       ལབ་ཡུལ་ཚོ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ཤར་ལྷོའི་མཚམས་སུ་ཆགས་ཡོད། དེར་རིག་གནས་གནའ་ཤུལ་མང་བ་དང་། བྲིས་འབུར་བཟོ་རྩལ་སོགས་ལ་ལོ་རྒྱུས་ཀྱི་རྒྱུན་རིང་རྨང་མཐུག་པ། རིག་གནས་སྒྱུ་རྩལ་གྱི་རྫོང་སྟུག་པས“ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་མཚན་སྙན་གསོལ་ཡོད།
       ཐེངས་འདིའི་ཡུལ་དངོས་བརྟག་དཔྱད་བྱེད་སའི་སྐྱེ་རི་གེ་སར་དང་གེ་སར་ལྷ་ཁང་ནི་ཁྲི་འདུ་རྫོང་ལབ་དགོན་པའི་བྱང་ཕྱོགས་སུ་ལྷང་ངེར་ཆགས་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°17′05″དང་། ཤར་གྱི་གཞུང་ཚད97°01′02″ཡི་མཚམས་ན་ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི3810ཡིན། རི་དེར་རྒྱང་རིང་ནས་བལྷས་ཚེ་མཆོད་རྟེན་ཆ་བརྒྱད་ཀྱི་དབྱིབས་དང་འདྲ་ལ། གེ་སར་ལྷ་ཁང་གི་དཀོར་གཉེར་ཚེ་ལྷ་རིན་ཆེན་གྱིས་བཤད་པ་ལྟར་ན། ལབ་སྐྱབས་མགོན་སྐུ་ཕྲེང་བཅུ་གཉིས་པ་དབང་ཆེན་དགྱེས་རབ་རྡོ་རྗེ་མཆོག་ནི་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་མཆོག་གི་བླ་མ་ཡིན་ཞིང་། གེ་སར་སྲོག་གཏད་ལ་སོགས་པ་བུམ་པ་གང་བྱོའི་ཚུལ་དུ་འཇུ་མི་ཕམ་རིན་པོ་ཆེ་ལ་གནང་བར་གྲགས། «སྒ་ཁྲི་འདུ་ཡུལ་གྱི་འཛམ་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་ཤུལ་རྟེན་ནོར་བུའི་ཕྲེང་བ»ལས། “རྗེ་འདི་ཉིད་ཀྱིས་ལབ་དགོན་པའི་བྱང་ཕྱོགས་ན་ཡོད་པའི་སྐྱེ་རི་གེ་སར་ཞེས་པའི་རི་དེ་ནི་སྔོན་གླིང་གི་དུས་སུ་རྒྱལ་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་བསང་མཆོད་བྱེད་ས་ཡིན་པར་ངོས་འཛིན་གནང་བ་མ་ཟད་རི་ངོས་ནས་བསང་ཁྲི་ཞིག་ཀྱང་བཞེངས་ཡོད”པར་བཞེད། སྐྱེ་རི་གེ་སར་ཞེས་པའི་མིང་ཐོགས་དོན་ནི་ཚེ་ལྷ་རིན་ཆེན་གྱིས་བཤད་པ་ལྟར་ན། རི་དེ་ལོ་རེ་བཞིན་བོངས་སྐྱེས་ནས་ཇེ་མཐོར་འགྲོ་བཞིན་ཡོད་པའི་བཤད་སྲོལ་མཆིས་ལ། རི་དེའི་གཡས་ཕྱོགས་ཀྱི་ལུང་པའི་མིང་ལ་སྨན་ལྡུམ་ལུང་ཞེས་འབོད་ཅིང་དེའི་ནང་ན་སྨན་སྣ་མང་པོ་སྐྱེ་ཡོད། ལྷ་ཁང་ཡོད་སའི་ལུང་པར་སྐབས་རེར་རྟ་རྐྱང་ངེ་ཞིག་མཐོང་རྒྱུ་ཡོད་ཅིང་དེ་ནི་འདོ་རྗེ་རྐྱང་རྒོད་འཕེལ་པོའི་སྤྲུལ་བ་ཡིན་པར་གྲགས།
       གེ་སར་ལྷ་ཁང་དེ་སྐྱེ་རི་གེ་སར་གྱི་རི་ངོས་སུ་བཞེངས་ཡོད་ཅིང་། ལྷ་ཁང་གི་དཀོར་གཉེར་ཚེ་ལྷ་རིན་ཆེན་གྱིས་མཚམས་སྦྱོར་ལྟར་ན། སྔོན་གྱི་གེ་སར་ལྷ་ཁང་དུ་གླིང་རྗེ་གེ་སར་རྒྱལ་པོ་དགྲ་བླའི་གོ་མཚོན་སྣ་དགུ་སྐུ་ལ་གསོལ་བ་དང་། གཡས་གཡོན་ཏུ་གླིང་གི་དཔའ་རྟུལ་སུམ་ཅུའི་ཁྲབ་རྨོག་འཁོར་གསུམ་སྐུ་ལ་གསོལ་ཞིང་མདའ་གྲི་མདུང་གསུམ་ཐོགས་པ་ཅན་དང་། ལྡེབས་རིས་ངོས་སུ་གླིང་གི་ལོ་རྒྱུས་ཆ་ཚང་བྲིས་ཡོད་པར་བཞེད། སྔར་གྱི་ལྷ་ཁང་ནི་དུས་འགྱུར་གྱི་དབང་གིས་གྱང་ཤུལ་ཙམ་ལས་མེད་པར་གྱུར་པས་དེའི་སྟེང་དུ་ད་ལྟའི་ལྷ་ཁང་འདི་བསྐྱར་བཞེངས་བྱས་པ་རེད། ལྷ་ཁང་གསར་པའི་ནང་དུ་གླིང་རྗེ་གེ་སར་རྒྱལ་པོའི་འགྱིག་བཟོ་ཚོན་རྩིའི་སྐུ་བརྙན་སྤྱི་ཁྲི་ཉིས་ལྷག་ཡོད་པ་ཞིག་དང་། གླིང་གི་དཔའ་རྟུལ་རྣམས་ཀྱི་ཐང་ག་སོགས་བྲིས་བཞེངས་གནང་འདུག །
       ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་རྡལ་དུ་བཞེངས་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་བརྙན་ཆེན་མོ་དེའི་མ་ཡིག་ནི་གེ་སར་ལྷ་ཁང་གི་སྐུ་བརྙན་འདི་ཡིན་པར་བཤད། ཡུལ་དེའི་ངག་རྒྱུན་ལ་ལྷ་ཁང་རྙིང་པའི་ཤུལ་ན་ལྷ་རྟ་རྐྱང་ངེའི་ཆིབས་རྗེས་དང་དེ་ཉེ་འཁོར་ཏུ་ལྷ་རྟ་འདོགས་སའི་ཤུལ་ཡང་ཡོད་པར་བཞེད། ལྷ་ཁང་གི་དཀོར་གཉེར་གྱིས་གེ་སར་གྱི་མོ་འདེབས་ཤེས་པ་དང་། ཉིན་རེའི་ཞོགས་པར་ཀུན་མཁྱེན་མི་ཕམ་པའི་གསུང་གི་གླིང་གེ་སར་གསོལ་མཆོད་བྱེད་མུས་ཡོད་ལ། ལོ་རེའི་ལོ་གསར་ཚེས་པ་བཅུ་གསུམ་ཉིན་ལ་ཡུལ་དེའི་གྲོང་མི་རྒན་དར་གཞོན་གསུམ་དང་དགོན་པའི་དགེ་འདུན་པ་སོགས་གེ་སར་ལྷ་ཁང་ཡོད་སར་ཚོགས་ནས་འཛམ་གླིང་སྤྱི་བསང་ཕུད་པའི་སྲོལ་དེ་གནའ་ནས་ད་ལྟའི་བར་དུ་མ་ཉམས་པར་རྒྱུན་འཛིན་བྱེད་བཞིན་མཆིས་སོ། །

མཆན།
ཚེ་ལྷ་རིན་ཆེན་ནི་ལབ་དགོན་གྱི་གེ་སར་ལྷ་ཁང་གི་དཀོར་གཉེར་ཡིན། སྤྱི་ལོ1966ལོར་སྐྱེས། ལྷ་ཁང་གི་དཀོན་གཉེར་བྱས་ཏེ་ལོ་ལྔ་འགོར་ཡོད།
སྲིད་གྲོས་ཁྲི་འདུ་རྫོང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་སྒྲིག་རྩོམ་བྱས། «སྒ་ཁྲི་འདུ་ཡུལ་གྱི་འཛམ་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་ཤུལ་རྟེན་ནོར་བུའི་ཕྲེང་བ» 
[M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2024:24

རྩོམ་པ་པོ་ངོ་སྤྲོད།
       དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་ཡིན།
འབྲེལ་ཡོད་འོས་སྦྱོར།