སྒ་ཁྲི་འདུའི་སྒ་སྡེའི་མཆོང་མཁར་སྨུག་པོ་ལ་མཇལ་བ།
རྩོམ་པ་པོ།:དབང་ཆེན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-08-18
ཀློག་གྲངས།:
ངེད་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི2025ལོའི་མཚོ་སྔོན་ཞིང་ཆེན“ཁུ་ནུའི་འཇོན་མི་མཐོ་རིམ་གསར་གཏོད་དང་ལས་གཏོད་འཇོན་མི”རྣམ་གྲངས་ཀྱི་མཆོག་གྱུར་འཇོན་མི་གསོ་སྐྱོང་དང་། 2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པའི་ཡུལ་དངོས་བརྟག་དཔྱད་ཚོ་ཆུང་དེ་སྤྱི་ཟླ8པའི་ཚེས4ཉིན་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ཕྱོགས་སུ་བསྐྱོད། ཚེས5ཉིན་གྱི་ལབ་ཤང་གི་སྐྱེ་རི་གེ་སར་དང་གེ་སར་ལྷ་ཁང་ལ་ཡུལ་དངོས་བརྟག་དཔྱད་བྱས་རྗེས། ཕྱི་དྲོར་ཁྲི་འདུ་རྫོང་ཐོག་དུ་སོང་སྟེ་པད་ལུང་བྲོ་གར་གྱི་རྒྱུན་འཛིན་པ་པདྨ་ཚེ་རིང་ལ་བཅར་འདྲི་བྱས། ཕྱི་ཉིན་ཚེས6ལ་འབྲུ་སྒ་སྡེའི་མཆོང་མཁར་སྨུག་པོའི་གནའ་ཤུལ་ལ་ཡུལ་དངོས་བརྟག་དཔྱད་བྱེད་དུ་སོང་།

གླིང་རྗེ་གེ་སར་རྒྱལ་པོའི་བློན་ཆེན་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ནི་གླིང་གི་དཔའ་རྟུལ་སུམ་ཅུ་དང་། ཡང་རྟུལ་དམ་པའི་མི་བདུན། ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་ཡིན། བཤད་རྒྱུན་ལ་གླིང་འབྲིང་རྒྱུད་ཀྱི་རིགས་སུ་སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག་དང་འབྲུ་བཟའ་བསམ་གཏན་དཔལ་ལྷ་གཉིས་ལས་སྐུ་འཁྲུངས་པ་དང་། དགུང་ལོ་བརྒྱད་སྟེང་ནས་རྩལ་ཤུགས་གླིང་ཡུལ་ཀུན་ལ་གྲགས་ཤིང་། ས་གླང་ལོར་ཕོ་བྲང་མཆོང་མཁར་སྨུག་པོ་བཞེངས། ཁོང་ནི“རྩལ་ཆེན་བྲག་དམར་ཁྱུང་དང་འདྲ། །ཤེད་ཆེ་བས་རི་བོ་དཔུང་བས་འཕེན། །ཐབས་མཁས་པས་རླུང་ནག་སྤར་གྱིས་འཛིན། །ས་རྨུ་ཐག་ཞགས་པའི་བདག་པོ་ཡིན། །”ཞེས་པ་བཞིན་གླིང་གི་དཔའ་རྟུལ་ལས་རྩལ་ཆེ་ཞིང་ཐབས་ལ་མཁས་པའི་དཔའ་བོ་ཞིག་ཡིན།

ཁྲི་འདུ་རྫོང་ཐོག་ཏུ་ཡོད་པའི་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐུ་མཁར་མཆོང་མཁར་སྨུག་པོ་དང་ཆུ་རྫོང་སྨུག་པོ་དེ་ནི་རྫོང་མཁར་ནུབ་བྱང་མཚམས་ཀྱི་མདའ་བ་གྲོང་ཚོའི་གནས་མཆོག་སྣང་རྩེ་རི་བོའི་སྟེང་དང་འདབས་སུ་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°22′26″དང་། ཤར་གྱི་གཞུང་ཚད97°06′07″ཡི་མཚམས་ན་ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི3813ཡིན། འབྲེལ་ཡོད་མི་སྣས་མཚམས་སྦྱོར་ལྟར་ན། ཡུལ་དེའི་ཆུ་རྫོང་ཞེས་འབོད་པ་ནི་དམངས་ཁྲོད་དུ་ཆུ་དང་ཁྱུང་གཉིས་ནོར་བ་ཡིན་པར་འདོད་ཅེས་བཤད་ལ། སྟག་གཟིག་ནོར་རྫོང་ལས། ལྷ་མདའ་མགོ་འཕང་མཐོ་དགོས་བྱས། །སྒ་སྡེ་བྲག་གི་ཁྱུང་རྫོང་ཕབ། །བྱ་རྒྱལ་ཁྱུང་གི་ལུས་སྒྲོས་བརྒྱན། །ཞེས་རང་གིས་ཀྱང་ཁྱུང་རྫོང་ཨེ་ཡིན་སྙམ་བྱུང་། དམངས་ཁྲོད་དུ་དེའི་རི་ལ་སྣང་རྩེ་རི་དང་བྲག་ལ་མཆོང་མཁར་བྲག །རི་གདོང་ལ་མཆོང་ཁ་བྲག་གདོང་། བྲག་གདོང་གི་ཡར་ལོགས་མར་ལོགས་ལ་མཆོང་མཁར་ཡར་རྒྱབ་མར་རྒྱབ་ཞེས་པའི་གནའ་བོའི་མིང་མ་ཉམས་པར་གནས་ཡོད། «སྒ་ཁྲི་འདུ་ཡུལ་གྱི་འཛམ་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་ཤུལ་རྟེན་ནོར་བུའི་ཕྲེང་བ»ལས། “སྣང་རྩེ་རིའི་མཐོ་ཚད་ལ་གཞུ་འདོམ་ཉིས་བརྒྱ་ལྷག་ཙམ་ཡོད། སྟེང་གི་མཆོང་མཁར་སྨུག་པོའི་གནའ་ཤུལ་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཆིག་སྟོང་བདུན་བརྒྱ་ཙམ་ཡོད་ཅིང་། དེའི་འཁྲིས་སུ་གདོང་ར་ཤོ་ཞེས་པའི་གྱང་ཤུལ་སྒ་སྡེའི་རྟ་རའི་ཤུལ་ཡིན་པར་གྲགས། མཁར་ཤུལ་གནས་པའི་སྣང་རྩེ་རིའི་མདུན་ངོས་འདབས་སུ་འབྲུ་སྒ་སྡེའི་ཆུ་རྫོང(ཁྱུང་རྫོང་)གི་གནའ་ཤུལ་རྔམ་ཤིང་ཁྱད་པར་ཅན་གྱང་ཐོ་ལྷག་ཡོད་པའི་གྱང་གི་སྤར་ཚད་ལ་སྤྱི་ཁྲི་གང་དང་ཞོ་བཅུ་ལྷག་དང་གྱང་རྒྱ་ལ་སྤྱི་ཁྲི་གསུམ་དང་ཞོ་ཉི་ཤུ་ཙམ་ཡོད་ཅིང་། གྱང་གི་མཐོ་ཚད་ལ་སྤྱི་ཁྲི་བཅུ་དང་ཞོ་བརྒྱད་ཅུ་ཙམ་དང་། རིང་ཚད་ལ་སྤྱི་ཁྲི་སུམ་ཅུ་ཙམ་ཡོད། ཆུ་རྫོང(ཁྱུང་རྫོང་)གི་རྒྱབ་བྲག་རི་ལ་ཁེན་ཏེ་བཞེངས་ཡོད།”མཁར་ཤུལ་གྱི་མདུན་དུ་འབྲུ་སྒ་སྡེ་དང་རྒྱ་ཡིག་གི智噶丹ཞེས་པ་དང་། མཆོང་མཁར་སྨུག་པོ་ཞེས་པའི་ཡིག་འབྲུ་དག་རྡོ་ལེབ་མོའི་སྟེང་དུ་བརྐོས་ཡོད། མཆོང་མཁར་སྨུག་པོའི་རི་དེའི་རྒྱབ་ཕྱོགས་སུ་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་འབུར་སྐུ་བཞེངས་ཡོད་ཅིང་། དེའི་འོག་ཏུ་འབྲུ་སྒ་བདེ་ཞེས་པའི་ཡིག་འབྲུ་གསུམ་བྲིས་ཡོད།

མདོར་ན། ཡུལ་འདིར་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་དང་འབྲེལ་བའི་ངག་རྒྱུན་ཤུལ་རྟེན་མང་སྟེ། གོང་དུ་བརྗོད་པའི་གནའ་ཤུལ་ལས་གཞན། དེའི་ཉེ་འཁོར་དུ་རྟ་རྫོང་ལུང་པ་ཞེས་སྒ་སྡེའི་དམག་མིའི་རྟ་འཚོ་ས་དང་། སྒ་སྡེའི་དཔུང་རྡོ། སྒ་སྡེའི་འུར་རྡོ། སྒ་སྡེའི་རྟ་ར། སྒ་སྡེའི་མདའ་རྟགས་འཇོག་སའི་བྲག་དེའུ། སྒ་སྡེའི་ཤེད་རྡོ་སོགས་ངག་རྒྱུན་ཤུལ་རྟེན་མང་པོ་ཡོད་པས། ཕུན་སུམ་ཚོགས་པའི་རིག་གནས་གནའ་ཤུལ་དེ་དག་ནི་ཡུལ་སྐོར་པ་མང་པོའི་མིག་གི་དགའ་སྟོན་དུ་གྱུར་འདུག་ལ། རིག་གནས་ཀྱིས་ཡུལ་སྐོར་ལ་བླ་སྲོག་བསྐྲུན་པ་དང་། ཡུལ་སྐོར་གྱིས་རིག་གནས་ལ་གསོན་ཤུགས་ལྡན་པར་གྱུར་ཡོད་པ་མངོན་གསལ་ཡིན་ནོ། །

མཆན།
༡ སྲིད་གྲོས་ཁྲི་འདུ་རྫོང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་སྒྲིག་རྩོམ་བྱས། «སྒ་ཁྲི་འདུ་ཡུལ་གྱི་འཛམ་གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་ཤུལ་རྟེན་ནོར་བུའི་ཕྲེང་བ» [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2024:99-100

དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་ཡིན།
འབྲེལ་ཡོད་འོས་སྦྱོར།
