བྱང་རྟ་རྣ་དགོན་པའི་གེ་སར་རིག་དངོས་ལ་མཇལ་བ།
རྩོམ་པ་པོ།:དབང་ཆེན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-08-27
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི2025ལོའི་མཚོ་སྔོན་ཞིང་ཆེན“ཁུ་ནུའི་འཇོན་མི་མཐོ་རིམ་གསར་གཏོད་དང་ལས་གཏོད་འཇོན་མི”རྣམ་གྲངས་ཀྱི་མཆོག་གྱུར་འཇོན་མི་གསོ་སྐྱོང་དང་། 2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པའི་ཡུལ་དངོས་བརྟག་དཔྱད་ཚོ་ཆུང་དེ་སྤྱི་ཟླ8པའི་ཚེས8ཉིན་གྱི་སྔ་དྲོར་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པའམ་རིག་གནས་མཁས་པ་ཕུན་ཚོགས་ཟླ་བའི་རོགས་རམ་དང་། ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨོ་རྒྱན་རྣམ་རྒྱལ་གྱི་བཀོད་སྒྲིག་ལྟར། ནང་ཆེན་རྫོང་གེ་སར་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་འགྲུབ་ཀྱི་ལམ་ཁྲིད་འོག ། ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུའི་སྟེང་དུ་ནང་ཆེན་རྫོང་ལྕི་ཉིན་སྲིབ་ཡུལ་ཚོ་རྨེ་ཆུ་སྡེ་བའི་མངའ་ཁོངས་སུ་ཡོད་པའི་རྟ་རྣ་དགོན་པར་ཐོན་ཞིང་། ཚོགས་གཙོ་རྡོ་རྗེ་ཚེ་འགྲུབ་ཀྱིས་ངོ་སྤྲོད་བྱས་པ་བརྒྱུད་ཡུལ་དངོས་བརྟག་དཔྱད་ལེགས་པོ་བྱེད་ཐུབ་སོང་།

རྟ་རྣ་དགོན་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ནས་སྤྱི་ལ154ཙམ་གྱི་ལྕི་ཆུ་ཡུལ་ཚོའི་ནུབ་ཕྱོགས་དང་། ཀ་གཞུང་ཡུལ་ཚོའི་ཤར་ཕྱོགས། ལྕི་ཉིན་སྲིབ་ཡུལ་ཚོ་གསུམ་གྱི་འདྲེས་མཚམས་སུ་རྨེ་ཆུ་སྡེ་བའི་རྟ་རྣ་རི་བའི་རི་སྐེད་དུ་ཆགས་འདུག །སའི་གོ་ལའི་བྱང་གི་འཕྲེད་ཚད31°57′15″དང་། ཤར་གྱི་གཞུང་ཚད95°45′25″ཡི་མཚམས་ན་ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི4367ཡིན། དགོན་པ་འདིར་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་སུམ་ཅུ་སོགས་ཀྱི་གདུང་འབུམ་དང་རྟེན་རྫས་མང་པོ་ཡོད་པས་གླིང་གི་དགོན་པ་ཞེས་པའི་འབོད་ཚུལ་ཡང་མཆིས་ལ། རྟ་མཆོག་གི་རྣའི་དབྱིབས་ཅན་དང་མཚུངས་པའི་བྲག་རི་ཞིག་ཡོད་པས་ན་རྟ་རྣ་རི་ཞེས་མིང་ཐོགས་ཤིང་། དགོན་པ་རི་དེའི་སྐེད་དུ་ཆགས་འདུག་པས་རྟ་རྣ་དགོན་ཞེས་པའི་མིང་བཏགས་པར་བཞེད། རྒྱ་གར་དུ་ཡོད་པའི་རྟ་རྣ་དགོན་དང་ཁྱད་པར་འབྱེད་ཆེད་བྱང་གི་རྟ་རྣ་དགོན་ཞེས་འབོད་པ་རེད།

དགོན་པ་འདི་ཐོག་མ་བོན་པོའི་དགོན་པ་ཞིག་ཡིན་ཞིང་། སྤྱི་ལོ1188ལོར་ཡེ་ཤེས་བརྩེགས་པས་རྟ་རྣ་དགོན་དུ་བྱོན་ནས་ཡེལ་བ་བཀའ་བརྒྱུད་ཀྱི་དགོན་སྡེ་རུ་བསྒྱུར་བ་རེད། ནང་ཆེན་རྫོང་གེ་སར་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་འགྲུབ་ཀྱིས་ངོ་སྤྲོད་ལྟར་ན། སངས་རྒྱས་ཡེ་ཤེས་བརྩེགས་པས་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་སུམ་ཅུས་ཕྱོགས་བཞིའི་དགྲ་དག་འདུལ་ཞིང་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་མང་པོ་ཆམ་ལ་ཕབ་ཏེ་ཁམས་གསུམ་བདེ་ལ་བཀོད་པའི་མཛད་འཕྲིན་དེ་རྗེས་སུ་དྲན་པའི་ཆེད་དུ་བསྐྱར་བཞེངས་མཛད་པ་རེད། སྤྱི་ལོ2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཁོངས་སུ་བཞག་པ་དང་། སྤྱི་ལོ2015ལོར་དགོན་པ་དང་གླིང་གི་གདུང་འབུམ་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་གཞི་རྩེ་གྲ་བཅུའི་ཁོངས་སུ་བདམས་ཐོན་བྱུང་པས། དགོན་པའི་རིན་ཐང་བྲལ་བའི་རིག་དངོས་དག་ལ་སྲུང་སྐྱོབ་ལེགས་པོ་ཐོབ་འདུག །

དགོན་པ་འདིར་གླིང་དང་འབྲེལ་བའི་རིག་དངོས་གང་དག་ཡོད་ཅེ་ན། གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་རྡོ་བརྐོས་དང་ཕྱིང་ཞྭ་ཟླ་བའི་མདངས་ཅན། གེ་སར་རྒྱལ་པོའི་རལ་གྲི་བཏབ་པ་ལན་མེད། གཞུ་མོ་ར་རྒོད་འཁྱིལ་བ། མདའ་མོ་ཨ་འགལ་ལེབ་ཆེན། མདུང་མོ་ཁམས་གསུམ་དགྲ་འདུལ། ཕུབ་མོ་སྦ་དམར་ལེབ་ཆེན། ཆོས་དུང་དཀར་མོ་རྒྱང་གྲགས། ཀླུ་སྦྲའི་གནམ་ལྕགས་ཐེ་མའི་ཆ་རུ། ཁྲ་མོ་གླིང་གི་ཕ་འབུམ། གླིང་སྤྱི་དཔོན་རྒྱལ་པོའི་མདོ་རྒན་མ། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་ཚེ་གོས་སྨུག་པོ། ཚ་ཞང་འདན་མའི་དབུ་རྨོག །འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་དབུ་རྨོག །འདན་མ་གུ་རུ་རྒྱལ་མཚན་གྱི་མེ་ལོང་། དམུ་བའི་ལྷ་སྐྱེས་གཞོན་ནུའི་མེ་ལོང་། རྒྱལ་སྲས་མ་ནུ་ཀ་རའི་མེ་ལོང་། གསེར་བའི་ཉི་འབུམ་དར་ཡག་གི་མེ་ལོང་། འབྲི་མི་དཀར་ལྷ་བུ་བསམ་འགྲུབ་ཀྱི་མེ་ལོང་། ཡ་ཐའི་སྐྱེས་མཆོག་ཐར་བའི་མེ་ལོང་། ཁྲབ་ཆེན་སིལ་མ་ཐོག་རྩེགས། མ་སེང་ལྕམ་འབྲུག་མོའི་སྐེ་རགས་ལི་ཆབ་དཀར་བྱུ་རུས་བརྒྱན་པ། རྒྱ་ཚ་ཞལ་དཀར་གྱི་གྲི་ཡ་ཟི་སྐར་ཕྲན། སྟག་རོང་ཁྲོ་ཐུང་གི་སྲིན་གྲི་ཉྭ་ཟོར་འགུག་མོ། གླིང་གི་རྣམ་ཐར་ལེའུ་ཚན་སུམ་ཅུ། དཔའ་རྟུལ་སུམ་ཅུའི་རྣམ་ཐར་ལེའུ་ཚན་སུམ་ཅུ། སྲས་སྣང་ངུ་གཡུ་སྟག་གི་གཡང་འབུམ། རྨོག་དཀར་རྒྱལ་བའི་དོན་འགྲུབ། ཁྲིམས་རྔ་གསལ་བའི་འོད་ལྡན། སིལ་སྙན་ཉི་མ་འབྲུག་གྲགས་སོགས་རིག་དངོས་རྩ་ཆེན་མང་པོ་ཉར་ཚགས་མཛད་ཡོད།

དགོན་པར་གེ་སར་ལྷ་ཁང་གཉིས་བཞེངས་ཡོད་དེ། ལྷ་ཁང་གཅིག་ཏུ་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་བརྙན་ཆེན་པོ་ཞིག་དང་། མདུན་དུ་མ་སེང་ལྕམ་འབྲུག་མོ་དང་། སྟག་རོང་བུ་མོ་ཁྲོ་མཚོ། སྟོང་ཉིད་མགར་བཟའ་ཆོས་སྒྲོན། ནེའུ་ཆུང་ལུ་གུ་ཚར་ཡག །གྲོ་ལོ་པད་དཀར་ལྷ་མཛེས་སོགས་མོ་སྨན་གྱི་འབུར་སྐུ། དེའི་གཡས་གཡོན་ཏུ་གླིང་གི་དཔའ་རྟུལ་སུམ་ཅུའི་འབུར་སྐུ་བཞེངས་ཡོད། ཡང་གཅིག་ཏུ་གླིང་རྗེ་གེ་སར་རྒྱལ་པོའི་ཞི་བའི་སྐུ་དང་དྲག་པོའི་སྐུ་ཆེན་པོ་གཉིས་བཞེངས་ཡོད། «རྟ་རྣ་དགོན་པའི་བྱུང་རབས་ཚངས་པ་ལྷའི་རྔ་སྒྲ»ལས“དགྲ་ལྷ་རྩེ་རྒྱལ་གྱི་སྲས་དགྲ་ལྷ་དར་རྒྱས(ཨ་གཉེན་རྒྱལ་བ་སྐྱབས)སོགས་ཀྱིས་དཔའ་ཐུལ་རྗེས་མ་རྣམས་འདས་རིམ་བཞིན་དུ་གདུང་འབུམ་རྣམས་ཀྱང་གནས་འདིར་བཞེངས་ཞེས”དགོན་པའི་ཤར་ཕྱོགས་སུ་བལྟས་མ་ཐག་ས་ཐག་ཉེ་བར་འདོད་ཅིང་། སོང་ཚེ་རྒྱང་ཐག་རིང་བའི་བྲག་རིའི་སྐེད་དུ་གླིང་གི་དཔའ་རྟུལ་སུམ་ཅུའི་གདུང་འབུམ་བཞེངས་འདུག །དེར་རྡོ་དང་འཇིམ་པ་ལས་བརྩིགས་པའི་གདུང་འབུམ་བྲག་ཕུག་གཉིས་སུ་བཞུགས་ཡོད། རྡོ་རྗེ་ཚེ་འགྲུབ་ཀྱིས་མཚམས་སྦྱོར་ལྟར་ན། བྲག་ཕུག་གཡོན་མའི་ནང་དུ་གླིང་ཆེ་རྒྱུད་ཁྲོ་ཐུང་ཚང་གི་གདུང་འབུམ་དང་། བྲག་ཕུག་གཡས་མའི་ནང་དུ་གླིང་ཆུང་རྒྱུད་ཚང་གི་གདུང་འབུམ་ཡིན།

རྟ་རྣ་དགོན་པའི་གེ་སར་གར་འཆམ་ནི་གཞན་དང་མི་མཚུངས་པའི་ཐུན་མིན་གྱི་ཁྱད་ཆོས་ཡོད་པར་བཤད་དེ། “རྟ་རྣའི་གེ་སར་གར་འཆམ་གྱི་འཁྲབ་གཞུང་ཆ་ཚང་ལ་ལེའུ་ཆེན་པོ་གསུམ་ཡོད་པ་སྟེ། དྲག་པོའི་བདུད་དགྲ་འདུལ་བའི་ལེའུ་དང་། ཞི་བ་བྱང་ཆུབ་སྒྲུབ་པའི་ལེའུ། ཁམས་གསུམ་བདེ་བཀོད་བཀྲ་ཤིས་དགའ་འཁྱིལ་གྱི་ལེའུ་སྟེ་ལེའུ་གསུམ་ཡོད། དེ་ཡང་དྲག་པོའི་བདུད་དགྲ་འདུལ་བའི་ལེའུ་ལའང་། ནང་གསེས་ཧོར་གུར་དཀར་དང་། མོན་ཤིང་ཁྲི། འཇང་ས་དམ། བདུད་ཀླུ་བཙན་བཅས་ཕྱོགས་བཞིའི་དགྲ་བཞི་བཏུལ་བའི་ལེའུ་བཅས་དང་། ཞི་བ་བྱང་ཆུབ་སྒྲུབ་པའི་ལེའུ་ལའང་། ནང་གསེས་བླ་མ་བརྟེན་པའི་ལེའུ། གདམས་ངག་ཞུ་བའི་ལེའུ། ཞབས་ཏོག་ཕུལ་བའི་ལེའུ། སྒྲུབ་པ་མཛད་པའི་ལེའུ་བཅས་ལེའུ་བཞི་ཡོད་ཅིང་། ཐུན་མོང་མ་ཡིན་པའི་གེ་སར་གར་འཆམ་ཞིག་ཡིན་ཞེས་གསུངས”པ་བཞིན་ནོ། །

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རིག་དངོས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་སྟེ། རིག་དངོས་ཀྱིས་འོད་སྟོང་འཕྲོ་བའི་ཤེས་དཔལ་མཚོན་པ་དང་། ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་མ་ཟད། རིག་དངོས་ནི་མེས་པོ་གོང་མས་ང་ཚོར་བཞག་པའི་རྩ་ཆེའི་ཤུལ་བཞག་ཅིག་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཚོ་བཅུད་ཟབ་མོ་ཞིག་རེད། རིག་དངོས་སྲུང་སྐྱོབ་བྱ་རྒྱུ་ནི་གནས་སྐབས་དང་མཐར་ཐུག་གང་ལ་མཚོན་ནའང་ཕན་འབྲས་ཆེ་བའི་བྱ་གཞག་ཅིག་རེད་ཅེས་གསུངས་པ་བཞིན། མིག་སྔར་རྟ་རྣ་དགོན་པའི་གེ་སར་རིག་དངོས་དག་སྲུང་སྐྱོབ་ལེགས་པོ་བྱས་ཡོད་ལ། སྔར་ལས་ལྷག་པར“སྲུང་སྐྱོབ་གཙོ་བོ། མྱུར་སྐྱོབ་དང་པོ། བེད་སྤྱོད་ལུགས་མཐུན། དོ་དམ་ཤུགས་སྣོན”ཞེས་རིག་དངོས་ཆེད་ལས་ཀྱི་འབྲེལ་ཡོད་མི་སྣ་གདན་འདྲེན་བྱས་ཏེ། རིག་དངོས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་བརྒྱུད། ཚན་རིག་དང་མཐུན་པའི་སྒོ་ནས་ཆེད་ལས་དང་མ་ལག་ལྡན་པའི་རིགས་དབྱེ་བགར་ནས། ཚད་ལྡན་གྱི་མཚན་བྱང་འབྲི་བ་དང་སྒྲོམ་སྟེགས་སུ་ཉར་ཚགས་བྱས་ཤིང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་བྱེད་པར་དངོས་གནས་གལ་ཆེ་བར་བསམས་སོ། །
མཆན།
1. འདི་ནི་སྤྱི་ལོ2026ལོའི་ཟླ8པའི་ཚེས8ཉིན་ཡུལ་དངོས་ནས་བཅར་འདྲི་བྱས་པའི་གནས་ཚུལ་ཡིན།
2. རྟ་རྣ་དགོན་པའི་བྱུང་རབས་ཚངས་པ་ལྷའི་རྔ་སྒྲ། བླ་བཙུན་རྣམས་ཀྱི་བྱངརྟ་རྣ་དགོན་གྱི་སྔོན་བྱུང་གི་ལོ་རྒྱུས་ཡིག་རྙིང་ལག་བྲིས་མ་དག་མཉམ་གཅིག་ཏུ་བསྡུས་པའི་ཡིག་རྙིང་ཞིག་ཡིན།
3. འཇམ་དབྱངས་ཆོས་སྒྲོན། ནང་ཆེན་རྟ་རྣའི་གེ་སར་རིག་གནས་སྐོར་གྱི་དཔྱད་གླེང་། [J] རྩེར་སྙེག །2023(2):52
4. 习近平:切实加大文物保护力度 推进文物合理适度利用努力走出一条符合国情的文物保护利用之路[OL].中华人民共和国中央人民政府
5. 习近平:切实加大文物保护力度 推进文物合理适度利用努力走出一条符合国情的文物保护利用之路[OL].中华人民共和国中央人民政府
མཆན།
1. འདི་ནི་སྤྱི་ལོ2026ལོའི་ཟླ8པའི་ཚེས8ཉིན་ཡུལ་དངོས་ནས་བཅར་འདྲི་བྱས་པའི་གནས་ཚུལ་ཡིན།
2. རྟ་རྣ་དགོན་པའི་བྱུང་རབས་ཚངས་པ་ལྷའི་རྔ་སྒྲ། བླ་བཙུན་རྣམས་ཀྱི་བྱངརྟ་རྣ་དགོན་གྱི་སྔོན་བྱུང་གི་ལོ་རྒྱུས་ཡིག་རྙིང་ལག་བྲིས་མ་དག་མཉམ་གཅིག་ཏུ་བསྡུས་པའི་ཡིག་རྙིང་ཞིག་ཡིན།
3. འཇམ་དབྱངས་ཆོས་སྒྲོན། ནང་ཆེན་རྟ་རྣའི་གེ་སར་རིག་གནས་སྐོར་གྱི་དཔྱད་གླེང་། [J] རྩེར་སྙེག །2023(2):52
4. 习近平:切实加大文物保护力度 推进文物合理适度利用努力走出一条符合国情的文物保护利用之路[OL].中华人民共和国中央人民政府
5. 习近平:切实加大文物保护力度 推进文物合理适度利用努力走出一条符合国情的文物保护利用之路[OL].中华人民共和国中央人民政府

དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་དང2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
