logo

གནམ་ནས་བབས་པའི་ས་ཡི་བཙན་པོ། བཙན་ཐང་དང་ཡུམ་བུ་བླ་སྒང་།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-10-31 ཀློག་གྲངས།:
     བོད་ཀྱིས་གཉའ་ཁྲི་བཙན་པོ་རྙེད་པ་ཡིན་ནམ། གཉའ་ཁྲི་བཙན་པོས་བོད་རྙེད་པ་ཡིན། དེ་ནི་ངས་ལན་འདེབས་མི་ཐུབ་པའི་གནད་དོན་ཞིག་རེད། བཙན་ཐང་ནི་གཉའ་ཁྲི་བཙན་པོ་རྙེད་ས་ཡིན་ལ། ཡུམ་བུ་བླ་སྒང་ནི་གཉའ་ཁྲི་བཙན་པོའི་ཕོ་བྲང་རེད།
     གཉའ་ཁྲི་མ་བྱོན་པའི་སྔོན་དུ་ཕྱོགས་བཞི་དགྲ་བོས་བོད་ལ་གཙེས་པས་སྤྲེའུ་ཚ་གདོང་དམར་དག་ལ་ཡང་ངར་ལངས་ནས་བུ་གང་བཟང་དང་དཔའ་གང་ངར་ལ་བལྟས་ནས་མངའ་མཛད་དེ་དཔོན་རབས་བཅུ་བྱུང་ན་ཡང་། ཕངས་པ་ཞིག་ལ་རྗེས་སུ་སླར་ཡང་ཐོར་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་དེ་ནས་རྒྱལ་ཕྲན་སིལ་མ་བཞི་བཅུར་གྱུར། སྐབས་དེར་གཉའ་ཁྲི་བཙན་པོ་བྱུང་ནས་པུར་རྒྱལ་རྒྱལ་རབས་བཙུགས་ཏེ་བོད་བཙན་པོའི་རྒྱལ་ཁམས་ཞེས་གླིང་ལ་གྲགས་མགོ་བརྩམས།
     ལྷོ་ཁ་ས་ཆ་ནི་གཉའ་ཁྲི་རྙེད་པའི་སའམ་གཉའ་ཁྲིས་བོད་རྙེད་པའི་ས་སྟེ་མདོར་ན་བོད་ཀྱིས་རང་ཉིད་རྙེད་པའི་ས་ཆ་ཡིན་པ་མ་ཟད། ཁོས་ཕྱོགས་བཞིའི་དགྲ་བཞི་བཏུལ་ནས་བོད་ཁམས་གཅིག་གྱུར་བྱས་པའི་ས་ཡང་རེད། དེ་རིང་བདག་ཡར་ལུང་ཀྱི་ས་ཆ་སླེབས་ཤིང་མགོན་པོའི་རི་སོགས་ལ་མཇལ་བ་མ་ཟད། གཉའ་ཁྲི་བྱོན་པའི་ས་སྟེ་བཙན་ཐང་སྒོ་བཞི་ཞེས་པའི་གནས་ཁྱད་པར་ཅན་དང་ཡུམ་བུ་བླ་སྒང་ལ་ཡང་མཇལ་བྱུང་།
     བཙན་ཐང་གི་རྒྱབ་རི་ལྷ་ཐོ་གྱང་རི་སྟེ་དེའི་འདབས་སུ་མཆོད་རྟེན་ཞིག་བཞེངས་འདུག་ཅིང་རི་དེའི་རྩེ་ནས་གཉའ་ཁྲིའི་བྱོན་ལམ་རང་བྱུང་གི་རྡོ་སྐས་ཀྱང་ཡོད་ཟེར། ཡིན་ན་ཡང་། དུས་ཚོད་ཀྱི་དབང་གིས་རིའི་སྟེང་དུ་འགོ་མ་ཐུབ་ལ། གཉའ་ཁྲི་བྱོན་ལམ་གྱི་རྡོ་སྐས་ཀྱང་འཚོལ་མ་ཐུབ། སྐད་ཆ་འདྲི་ས་ཡང་མ་རྙེད་པས་ལོ་རྒྱུས་ཡིག་ཚང་ལ་མི་བལྟ་ཀ་མེད་བྱུང་།
     སྔོན་གྱི་རྡོ་རིང་ལས་གཉའ་ཁྲི་བཙན་པོ་བྱུང་ཚུལ་ལ་བཤད་ནས་མི་ཚར་ཞིང་བརྗོད་ནས་མི་ལོངས་པའི་གཏམ་རྒྱུད་ཡོད་ཟེར། འོན་ཀྱང་ད་ལྟ་བསྒྲགས་པ་བོན་ལུགས་དང་།གསང་བ་ཆོས་ལུགས། ཡང་གསང་མི་མིན་ལུགས་ཏེ་ལུགས་གསུམ་ལས་མེད།
     གཉའ་ཁྲི་རྒྱ་གར་གྱི་རིགས་ལས་མཆེད་པར་འདོད་པ་ལ་གསང་བ་ཆོས་ལུགས་ཀྱི་འདོད་ཚུལ་དང་། སྤོ་བོའི་ཡུལ་ནས་ཐེའུ་རང་གི་རྒྱུད་པ་མཐུ་ཆེས་པས་བན་བོན་གཉིས་ཀྱི་བསྐྲད་པར་འདོད་པ་ནི་ཡང་གསང་མི་མིན་ལུགས་ཏེ་གཉའ་ཁྲི་ལ་ངན་བཤད་མཁན་དག་གིས་འདོད་པ་ཡིན། བསྒྲགས་པ་བོན་ལུགས་ནི་ཡོངས་གྲགས་ཀྱི་བཤད་སྟངས་ཡིན་ཏེ་ཏུང་ཧོང་གཏེར་ཡིག་དང་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་ལས་ཀྱང་འདི་ཁོ་ན་འབྱུང་བས་ཚད་མར་འཛིན་རིགས་ཏེ་མི་རྗེ་ལྷ་ཡིས་མཛད་པའི་ལོ་རྒྱུས་ངོ་མཚར་བ་ཕྲ་ཞིང་ཞིབ་པ་ཡོད།
     དེ་ཡང་རྗེ་གཅིག་ཡབ་ལ་བརྡལ་དྲུག་ལ་སྲས་སྤུན་བདུན་འཁྲུངས་པ་ལས། ཁྲི་བར་གྱི་བདུན་ཚིགས་ཡབ་ཡུམ་མཆེད་ལ་གནོད་པས་ཞང་བོ་རྨུ་རྗེ་བཙན་པོའི་ཡུལ་ངམ་འབྲང་ལྕང་བྲང་ལ་སྤྱུགས། དེ་དམུ་བཟའ་ལྡེ་མེ་བཙུན་དང་ཁབ་ཏུ་བཞེས་པའི་སྲས་གཉའ་ཁྲི་བཙན་པོ་འཁྲུངས། དེའི་དུས་བོད་ཁམས་རྒྱལ་ཕྲན་བཅུ་གཉིས་ལ་རྗེ་མེད་པས་ཕྱི་དགྲ་མ་ཐུབ་ནས་ཚོགས་འདུ་ཚོགས་ནས་རྗེ་བདེན་པ་དང་རྫུ་འཕྲུལ་ཆེ་བ་ཞིག་འཚོལ་དགོས་ཞེས་གྲོས་བྱས་ཏེ་སྐར་མ་ཡོལ་སྡེས་གསུངས་པ་བཞིན་ལྷའི་གདུང་རྨུའི་ཚ་ལྷ་རྗེ་གཉའ་ཁྲི་བཙན་པོ་སྤྱན་འདྲེན་པར་མཐུན་ནས་རྩིབས་ཀྱི་སྐར་མ་ཡོལ་སྡེ་རྗེ་གཉའ་ཁྲི་བཙན་པོ་ལ། བོད་ལ་རྗེ་མེད་པས་ཁ་ཐོགས་ཀུན་ཀྱང་རྗེ། གནམ་ལ་གཡག་མ་མཆིས་པས་རུ་རིང་ཀུན་ཀྱང་གཡག་ཅེས་སོགས་ཞུས་ཏེ་མི་རྗེ་མེད་རྗེར་གཤེགས་ཞེས་ཞུས་པ་ལ། གཉའ་ཁྲིས་མ་ཀི་ན་རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་སྟེམས་ཡོད་གསུངས་པའི་ལན་དུ་སྐར་མ་ཨོལ་སྡེས། བོད་འདིར་རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་བཀྲོལ་ཐབས་ཡོད། ཅེས་སྨྲས། ཡབ་དང་ཞང་བོ་བཅས་ཀྱིས་མཚོན་དང་ནོར་གྱི་རྫོངས་པ་བྱས། ལྷ་རི་གྱང་དོར་གཤེགས།
     དེའི་དུས་སུ་སྲིན་གྱི་དགྲ་མདོས་བྱུང་སྟེ། ལྗང་སྲིན་དང་གོང་སྲིན་ཁ་གཡེལ་ནས་སྲིན་གཡབ་དམར་བོ་གཅིག་དབྱུགས་ནས་བྱུང་བ་ལ། སྐྱེས་བློའུ་རིན་ཆེན་བདུན་མཆེད་ཀྱི་སྐུ་སྲུང་སྟེ་གླང་རུ་དཀར་གྱིས་རུའི་དབལ་བརྡར་ནས་བརྡུངས། དུང་འཕར་ཆུང་རང་འབུད། ཁྲབ་རང་གོན། ཕུབ་རང་འགོག རལ་གྲི་དང་ཆུ་གྲི་རང་བཏབ། མདུང་རང་དྲངས། གཞུ་རང་བདུངས། དཔལ་གྱི་མདའ་རང་འཕེན། དེ་རྣམས་ཀྱིས་ལྗང་སྲིན་དང་གོང་སྲིན་བསད་དེ། ཤ་བོར་བས་རི་དམར། ཁྲག་བསྒྱིངས་པས་མཚོ་སྨུག་པོར་གྱུར།
     ལྷ་རི་གྱང་དོར་བབས་པའི་ཚེ་བཙན་པ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབས། གཉན་པ་སེ་དང་སྦོ་སྟེ་ཡབ་འབངས་རུས་དྲུག་དང་། ལྷ་བོ་ལྷ་སྲས་དང་། སེ་བོན་རྨ་བོན།ཅོག་ལ་བོན། ཞང་ཞུང་བོན། ཚེ་མི་བོན་སོགས་ཤེས་པ་ཅན་བཅུ་གཉིས་ཀྱི་གཉའ་ཡི་ཁྲི་ལ་བཏགས་ནས་སྤྱན་དྲངས་པས། མཚན་ཡང་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས།
     ང་ཚོས་བཙན་པོ་ཞེས་པའི་ཐ་སྙད་འདི་ལས་གཉའ་ཁྲིའི་དཔའ་དང་སྤོབས་པ་ཤེས་ཐུབ་ལ། ཁོང་གིས་དཔའ་སྟོབས་དེ་ལས་བསམ་ན་དགྲ་བཏུལ་ཏེ་ཤ་བོར་བས་རི་དམར་བོ་བསྒྱུར་བ་དང་ཁྲག་བསྐྱིལ་བས་མཚོ་སྨུག་པོར་བསྒྱུར་བ་ལྟ་བུའི་ལོ་རྒྱུས་ཤིག་ཡོད་པ་ཡང་ངང་གིས་ཤེས་ཐུབ། སྟབས་ལེགས་པ་ཞིག་ལ་སྔོན་གྱི་ལོ་རྒྱུས་སུ་ཡང་དེ་ལྟ་བུ་འཁོད་འདུག
     བཙན་ཐང་དུ་ད་དུང་སྔོན་གྱི་ལོ་རྒྱུས་སྟོན་པའི་ཆེད་དུ་རང་ཚུགས་བཟུང་ཡོད་པ་ནི་བཙན་ཐང་གཡུ་ཡི་ལྷ་ཁང་ཡིན། གཉའ་ཁྲི་བཙན་པོ་བོད་ཀྱི་བཙན་པོར་གྱུར་པས་དེ་ནས་བཟུང་གནས་འདི་ཡང་བོད་ཀྱི་ལོ་རྒྱུས་དང་འབྲེལ་ཞིང་། བོད་མི་རིགས་དང་འབྲེལ་བ་ཡོད་པའི་གནས་འགངས་ཆེན་ཞིག་ཏུ་གྱུར་སོང་།
     རྩེད་ཐང་ནས་ཐད་ཀར་དེར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ཡོད་པས་བཙན་ཐང་གི་འདབས་ཀྱི་གྲོང་ཚོའི་ནང་དུ་ལྷ་ཁང་དེར་མཇལ་བྱུང་། དེ་ནི་སྤྱི་ལོའི་དུས་རབས་དགུ་བར་བོད་རྒྱལ་ཁྲི་རལ་བ་ཅན་གྱི་བཙུན་མོ་དཔལ་གྱི་ངང་ཚུལ་གྱིས་ཕྱག་བཏབ་པ་དང་ཕྱིས་རིམ་བཞིན་རྒྱ་བསྐྱེད་བྱུང་ཡོད། ལྷ་ཁང་འདིའི་གཡུ་ཡི་རྒྱ་ཕིབས་ཡིད་དུ་འོང་བ་མཚན་ལ་གཡུ་ཡི་ལྷ་ཁང་ཞེས་ཟེར།
     ལྷ་ཁང་འདིའི་རྟེན་གཙོ་སངས་རྒྱས་རྣམ་པར་སྣང་མཛད་དང་ད་དུང་མཁན་སློབ་ཆོས་གསུམ་སོགས་མང་དུ་ཡོད་པ་དང་། ཡར་ལུང་གནས་གསུམ་གྱི་རྟེན་གཙོ་སངས་རྒྱས་རྣམ་པར་སྣང་མཛད་ཡིན་ནའང་། བྱ་ས་ལྷ་ཁང་གི་རྟེན་གཙོ་སངས་རྒྱས་རྣམ་པར་སྣང་མཛད་ནི་ལི་མའི་སྐུ་ཡིན་པ་དང་། ཁྲ་འབྲུག་ལྷ་ཁང་གི་རྟེན་གཙོ་རྣམ་པར་སྣང་མཛད་ནི་རྡོ་སྐུ་ཡིན་པ། བཙན་ཐང་གཡུ་ཡི་ལྷ་ཁང་གི་རྟེན་གཙོ་རྣམ་པར་སྣང་མཛད་ནི་འཇིམ་སྐུ་ཡིན་ནོ། །
     གཞན་ཡང་བཙན་ཐང་གཡུ་ཡི་ལྷ་ཁང་གི་མཚན་གཞན་ལ་སྒོ་བཞི་ལྷ་ཁང་ཡང་ཟེར་ཞིང་། དེའི་དོན་ནི་ལྷ་ཁང་གི་ཕྱོགས་བཞིར་སྒོ་བཞི་ཡོད་པས་དེ་ནི་བཙན་ཐང་སྒོ་བཞི་ཞེས་པ་དང་འབྲེལ་བ་ཡོད་པ་ཞིག་ཏུ་མཐོང་།
     བོད་ཀྱི་ལྷ་ཁང་དག་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ལོ་རྒྱུས་ཀྱི་དོན་དངོས་དེ་དངོས་དང་ཟུར་གང་རུང་ནས་ཐོན་ཡོད་པ་དེ་རེད། བཙན་ཐང་གཡུ་ཡི་ལྷ་ཁང་ནས་ཀྱང་དེ་མཐོང་ཐུབ། གལ་ཏེ་ཁྱོད་ཀྱིས་ཁྱད་ཆོས་དེ་མ་ཤེས་ན་བོད་ཀྱི་ལྷ་ཁང་ནི་མི་རིགས་ཀྱི་ཁུར་བོ་ཡིན་པར་བསམ་ངེས།
     གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་བོར་བཞུགས་པའི་རྟགས་མཚན་གལ་ཆེ་བ་ཞིག་ནི་ཡུམ་བུ་བླ་སྒང་རེད། གཉའ་ཁྲི་བྱོན་པའི་སྐབས་དེ་ནི། ལོ་རྒྱུས་ལས། རྒྱ་ནག་རྒྱལ་བོ་ཤིང་ལ་སྦྲུལ་ལྟར་འཁྲི། །རྒྱ་གར་རྒྱལ་བོ་ལུག་ལ་སྤྱང་ལྟར་འཇབ། །སྟག་གཟིག་རྒྱལ་བོ་བྱ་ཁྱུར་ཁྲ་ལྟར་རྒྱུག། གེ་སར་རྒྱལ་བོ་ཤིང་ལ་སྟ་ལྟར་འཚབ། །འཐབ་ཏུ་མི་ཐུབ་བོད་ལ་དམག་གྲངས་ཉུང་། །ཡུལ་གཞན་འགྲོ་བར་རྒྱལ་ཕྲན་གྱིས་མི་སྟེར། །ཐང་ལ་མི་ཆགས་བྲག་རི་བཙན་པོ་འཛིན། །བཟའ་བཏུང་མི་རྙེད་བཀྲེས་སྐོམ་སྡུག་བསྔལ་ཆེ། །བོད་ཡུལ་མི་རྣམས་སྡུག་གིས་མནར་བའི་ཚེ། །མི་ཡི་རྗེ་བོ་གཉའ་ཁྲི་བཙན་པོ་བྱུང་། །ཞེས་བྱུང་བ་ལྟར་བོད་ལ་དཀའ་ངལ་འཕྲད་པའི་དུས་ཤིག་རེད།
     སྐབས་དེར་ཁོང་ལ་དགོས་པ་ནི་མཁར་བཙན་པོ་ཞིག་དང་དཔུང་རྟུལ་བོ་ཞིག་རེད། དེ་བས་མཁར་ལ་སྔ་བ་ཡུམ་བུ་བླ་སྒང་ཞེས་པ་འདི་བརྩིགས། དེ་ལ་ཡུམ་བུ་བརླ་མཁར་ཞེས་ཀྱང་བྱ་སྟེ་རི་ཤྭ་བ་ཡུ་མོའི་བརླ་འདྲ་བའི་སྟེང་དུ་ཆགས་པས་བརླ་མཁར་ཞེས་དང་། བརླ་སྒང་ཞེས་པ་ནི་རི་དེ་སྟེང་སྨན་བརླ་སྒང་ཞེས་པ་སྐྱེས་པས་བརླ་སྒང་ཞེས་པ་དེ་ལྟར་ཐོགས་ཟེར།
     མཁར་འདི་ནི་སྨོན་འགྲོ་གྲོང་གི་རྒྱབ་རིའི་སྟེང་མཁར་དེ་མཇལ་རྒྱུ་ཡོད། སྨོན་འགྲོ་ཞེས་པ་ནི་ས་པཎ་གྱིས་འདི་ཁུལ་དུ་ཆོས་མང་བོ་གསུངས་པས་སྨོན་འགྲུབ་ཅེས་པའི་སྒྲ་ལས་ཟུར་ཆགས། སྨོན་འགྲོ་གྲོང་གི་ལྟག་ཏུ་གཏམ་སྙན་བཞུགས་ཁྲི་ཡོད། སྔོན་ས་པཎ་གྱིས་བཞུགས་ཁྲི་དེའི་སྟེང་དུ་ཆོས་གསུང་དུས་འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས་པའི་གཏམ་གསན་པས་གཏམ་སྙན་བཞུགས་ཁྲིར་གྲགས་སྐད།
     གཉའ་ཁྲི་བཙན་པོས་བོད་ཁམས་དབང་དུ་བསྒྱུར་དུས་ཐོག་མར་ཕོ་བྲང་ནི་ས་དང་རྡོ་ལ་མ་བརྩིགས། རི་དྭགས་ཤ་བ་དང་འབྲོང་། གཅན་གཟན་སྟག་གཟིག་པགས་པ་ལ་གུར་ཕུབ་ནས་བྱས་ཏེ་རྗེས་སུ་ཡུམ་བུ་བླ་སྒང་བརྩིགས་པས། ཡུལ་ལ་སྔ་བ་ཡར་ལུང་སོག་ཀ  རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། མཁར་ལ་སྔ་བ་ཡུམ་བུ་བརླ་མཁར། ཞེས་པའི་གཏམ་དེ་བྱུང་།གཉའ་ཁྲི་རྗེ་ལ་བཞུགས་ནས་ལམ་ལུགས་མང་བོ་བཙུགས། སྔོན་གྱི་ལོ་རྒྱུས་སུ་དེའི་སྐོར་གསལ་བོར་བཤད་ཡོད། ར་སང་དར་བ་དང་། ཁུང་བོ་གཉིས་ཀྱིས་ཁོད་པ་བྱས། མི་ཉག་གི་བཤེས་གཉེན་བློན་པོར་གསོལ། རིན་པོ་ཆེའི་རྒྱན་དམ་པ་སྐུ་ལ་བརྒྱན་ཞིང་། བཀའ་ཁྲིམས་བཟོས་ཏེ་མངའ་ཐང་བསྐྱེད། འཇིག་རྟེན་ཆོས་བཞིན་དུ་བསྐྱངས་པས་རྒྱལ་ཁམས་བདེ་ཞིང་སྐྱིད། སྲིད་ཀྱི་སྒྲིག་གཞི་མང་བོ་གསར་དུ་བཙུགས།
     རྒྱལ་བོའི་སྐུ་སྲུང་སྡེ་བཞི་བཙུགས་ཏེ་རྒྱལ་བོའི་སྐུ་སྲུང་། རྒོད་ལྡོང་མི་སྡེ་བཞི་བཅུ་རྩ་བཞིས་ཕྱིའི་དགྲ་འདུལ། གཡུང་ལྡོང་མི་སྡེ་བཞི་བཅུའི་རྩ་བཞིའི་ནི་ནང་གི་ཆ་ཁ་སྙོམས། མཐའ་མཚམས་སུ་སོ་ཁ་བཞིས་སོ་བ་བཙུགས་ཏེ་ཕྱི་དགྲའི་ཚུལ་ལ་རྟོག ཁྲོམ་ཁ་བརྒྱད་ཀྱིས་ནི་སོ་ཁའི་བྱུང་བའི་དགྲ་བོ་འདུལ། རོང་དོར་ཁབ་སོ་ཉི་ཤུ་རྩ་གཉིས་ཀྱིས་བང་མཛོད་འགེངས། ཚོང་འདུས་བཅུ་གཉིས་ཀྱིས་ནོར་གྱི་དབྱིག་འབུལ། ལེགས་པ་ལ་བྱ་དགའ་དང་ཉེས་པ་ལ་ཆད་པ་བཅད་ནས་ངན་དང་གཡོའི་ཁུངས་བསྣུབས་པར་མཛད། དཔའ་དང་མཛངས་པའི་ཤན་ཕྱེས། མཛད་པ་སྣ་ལྔའི་གསེར་གཡུ་དང་ཡིག་ཚང་གིས་བསྟོད། དཔའ་སྡེ་རྣམ་ལྔས་ཆིབས་མཛད་ནས་རྒྱུགས་སུ་སྤྲོ། རྗེའི་བཀའ་ཁྲིམས་གངས་ལ་ཉི་མ་ཤར་བ་འདྲ་ཞེས་སྔོན་གྱི་ཡིག་ཚང་ལས་འབྱུང་།
     རྒྱལ་ཕྲན་བཅུ་གཉིས་ཀྱི་རྗེ་བོར་བཞུགས་ཏེ་རྒྱལ་བོའི་སྐུ་རིམ་གྲོ་བ་ནི་བོན་པོ་ཅོ་ན་གཤེན་གར་ཚ་དང་། འཚེ་མི་གཤེན་བུ་རྒྱལ་ཚ་གཉིས་ཀྱིས་བྱས། སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ་ཅིང་སྣུབས་ཀྱི་སྲིད་པ་རྒྱལ་ཕྲན་ཞེས་པ་འབངས་སུ་བསྡུས། དེའི་སྐུ་རིང་ལ། གཏམ་རྒྱུད་དང་། སྒྲུང་རྒྱུད་དང་། སྡེབ་སྦྱོར་དང་། བཀའི་གུགས་དང་། བྲོ་གར། གླུ་གཞས་དང་། ཤོན་རྩེ་དང་། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ། །
     ཡུམ་བུ་བླ་སྒང་ཐོག་མར་བཞེངས་དུས་མཁར་གྲུ་བཞི་མ་དེ་ཁོ་ན་ལས་མེད་ལ། དེའི་སྟེང་དུ་དར་ལྕོག་བཞི་བཙུགས་པ་རྣམས་རླུང་གི་དེད་ཕྱོགས་ཁོ་ནར་མི་འགྲོ་བར་དར་ལྕེ་ཚང་མ་ནང་དུ་གཡུགས་པ་ནི་མཐའ་བཞིའི་རྒྱལ་ཁག་དབང་དུ་བསྡུ་བའི་རྟགས་ཡིན་གསུངས། བོད་བཙན་པོའི་འདུན་པ་དེ་དག་ད་དུང་དར་ལྕོག་བཞི་ཡིས་སྟོན་བཞིན་ཡོད་པས་དགའ་ཞིང་མགུ་ལ་སྐྱོ་ཡང་སྐྱོ།
     རྒྱལ་རབས་ཉི་ཤུ་རྩ་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་ཤལ་དགུང་ལོ་དྲུག་ཅུའི་སྟེང་ཉིན་ཞིག་ཉི་མ་རི་རྩེར་ཤར་སྐབས་ནམ་མཁའ་ནས་འཇའ་ཚོན་སྣ་ལྔ་དང་། མེ་ཏོག་གི་ཆར་བབས། སྤང་སྐོང་ཕྱག་བརྒྱ། མདོ་སྡེ་ཟ་མ་ཏོག་སོགས་གནམ་ནས་བབས། དོན་མ་ཤེས་ཀྱང་མཆོད་པས། ཕྱི་ལོར་གསེར་གྱི་མཆོད་རྟེན་ཁྲུ་གང་བ། མུ་ཌའི་ཕྱག་རྒྱ་ཙིན་ཏ་མ་ཎིའི་བརྐོས་ཕོར། བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་བརྐོས་ཕོར། ཙན་དན་ནོར་བུའི་རིགས་ལ་མ་ཎིའི་རང་བྱོན་བཅས་བྱོན་ཞེས་ལོ་རྒྱུས་ཡིག་ཚང་རྙིང་བ་ལས་བྱུང་། རྒྱལ་བོས་རྟེན་དེ་རྣམས་ཀྱི་དོན་མ་མཁྱེན་ཀྱང་ཕྱག་མཆོད་གནང་བས་རྒྱལ་བོའི་དགུང་གྲངས་སླར་ཡང་དྲུག་ཅུ་བསྲིངས་ཏེ་ཁྱོན་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་པས་གཉན་པོ་གསང་བ་ཞེས་པའང་དེ་ནས་བྱུང་།
     དེ་ནས་བཟུང་བོད་ལ་བསྟན་པའི་དབུ་བརྙེས་པར་བཤད། དགའ་ལྡན་ཕོ་བྲང་གི་སྐབས་ཀྱི་སྒོར་མོའི་སྟེང་དུ་ཆོས་སྲིད་གཉིས་ལྡན་གྱི་ཆབ་སྲིད་དབུ་བརྙེས་ནས་ལོ་ཞེས་པའི་ལོ་དེ་ཡང་འདི་ནས་བརྩི་དགོས། གཉན་པོ་གསང་བ་ལ་བརྟེན་ནས་བོད་དུ་དམ་པའི་ཆོས་དབུ་བརྙེས་ཤིང་། མཐའི་རིག་གནས་བོད་དུ་འདུ་བའི་དབུ་བརྩམས།
     ད་ལྟ་ཡུམ་བུ་བླ་མཁར་བཙན་རྫོང་ཞིག་མ་ཡིན་པར་ལྷ་ཁང་ཞིག་ཏུ་གྱུར་ཡོད། ལ་ལས་བཙན་རྫོང་ལྷ་ཁང་དུ་གྱུར་པ་འདི་ལ་སྙིང་ན་ངེས་མོད། ལྷ་ཁང་འདི་ནི་བཙན་རྫོང་འདིའི་རྣམ་ཤེས་ཏེ་རྣམ་ཤེས་ཡལ་བའི་བཙན་རྫོང་དེ་དག་ད་ལྟ་བཙལ་ཀྱང་མི་རྙེད། ཆོས་དང་འབྲེལ་བས་གནའ་བོའི་ལོ་རྒྱུས་ཀྱི་ཤུལ་དེ་སྲུང་ཐུབ་པ་བྱུང་བ་མ་ཟད། བོད་མི་རིགས་ཀྱི་སྙིང་གི་མཐོ་ས་ཞིག་ཏུ་གནས་བཅའ་ཐུབ་སོང་བ་མིན་ནམ།
     ལྷ་ཁང་དེ་ནི་མངའ་བདག་ཤཱཀྱ་མགོན་གྱིས་ཕྱག་བཏབ། ཁོང་གིས་ལྷ་ཁང་འདི་བཞེངས་དུས་བཙན་པོའི་མཁར་དེ་མི་རྣམས་ཀྱིས་རྗེད་བཞིན་པའི་དུས་སུ་སླེབས་འདུག དེ་དུས་གཉན་པོ་གསང་བ་བསམ་ཡས་ཀྱི་མཆོད་རྟེན་དཀར་བོའི་རྟེན་དུ་ཕུལ་ཟིན་ན་ཡང་ཁོང་གིས་ལྷ་ཁང་ཞིག་བཞེངས་ཏེ་གཉའ་ཁྲི་དང་སྲོང་བཙན་སོགས་བཞེངས་པ་འདི་ལོ་རྒྱུས་ཀྱི་བློ་གྲོས་དང་སྤོབས་པ་དེ་སྟོན་པའི་ཆེད་དུ་ཡིན་འདུག དེ་བས་རྒྱལ་བ་ལྔ་བས་ཀྱང་རྒྱ་ཕིབས་བསྒྲོན་པ་དེས་ལོ་རྒྱུས་ཀྱི་རྗེས་དྲན་དེ་གཟི་མདངས་དང་ལྡན་པར་བསྒྱུར་བ་རེད།
     རིག་གནས་གསར་བརྗེའི་མེ་དཔུང་དེས་རྫོང་བཙན་པོ་འདི་ཡང་རྨང་ནས་བསྒྱེལ་ནས་རླུང་ལ་གཏོར་མོད། བོད་མི་རིགས་ཀྱི་སེམས་ནས་གཏོར་མ་ཐུབ་པས་ད་ལྟ་ལྷ་ཁང་བསྐྱར་བཞེངས་བྱས་ཤིང་། ནང་དུ་འཕགས་པ་ལོ་ཀེ་ཤྭ་རའི་སྐུའི་གཟུགས་སུ་སྔོན་ཙན་དན་གྱི་ལོ་ཀེ་ཤྭ་རའི་ཚལ་བུ་བཞུགས། སྔོན་ཙན་དན་གྱི་ཀ་བའི་ཚབ་ཏུ་ད་ལྟའི་ཤུག་པའི་ཀ་བ་ལ་སྔོན་གྱི་ཀ་བའི་ཚལ་བུ་ཕུལ་བ། གཞན་ཡང་གསར་བཞེངས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། བློན་ཐོན་མི། མགར་སྟོང་བཙན་གྱི་སྐུ་བརྙན། ལྷ་རི་དགོན་གྱི་རྟེན་གཙོ་ལྷ་རི་སྨན་པའི་རྒྱལ་བོ་སོགས་མཇལ་རྒྱུ་ཡོད།
     བདག་གིས་ཡུམ་བུ་བླ་སྒང་གི་སྒོ་ནས་ཡར་ལུང་ཁོག་ལ་རྒྱང་ལྟ་བྱེད་དུས་སྟོད་ན་ཡར་ལྷ་ཤམ་པོ་བཞུགས་ཤིང་། ཕ་གིར་བཙན་ཐང་སྒོ་བཞི་ཡོད། སྨད་ན་ཟོ་ཐང་མགོན་པོ་རི་ཡོད་པ་མཐོང་བྱུང་། གནས་འདི་ནས་བཟུང་བོད་བཙན་པོའི་མངའ་ཐང་བསྐྱེད་པའི་དབུ་ཚུགས་བྱུང་།


འབྲེལ་ཡོད་འོས་སྦྱོར།