སྐོར་གསུམ་སྤྱི་ཁྱབ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-10-10
ཀློག་གྲངས།:
རབ་བྱུང་བཅུ་གཅིག་པའི་མེ་འབྲུག(1664)ལོར་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ནས་ཆོས་ལུགས་གྲུབ་མཐའི་ཕྱོགས་ལྷུང་གིས་ཕྱོགས་དེའི་དགེ་ལྡན་རིང་ལུགས་འཛིན་པ་རུ་ཐོག་མཐོ་ལྡིང་དགོན་དང༌། པུ་ཧྲེངས་ཤེས་འཕེལ་གླིང་སོགས་ལ་བསམ་སྦྱོར་ངན་གཤོམས་ཀྱིས་ཆོས་བྱེད་དགེ་འདུན་པ་རྣམས་བཞུགས་བཟོད་མི་བདེ་བའི་ཐོག མི་སྡེ་རྣམས་ལའང་ཁྲལ་དམག་གི་མནར་གཅོད་ཇི་སྙེད་བཏང་བར་བརྟེན་ཁུལ་དེའི་ཡུལ་དགོན་སེར་སྐྱ་སྤྱི་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོར་སྐྱབས་བཅོལ་རེ་འབོད་ཞུ་བཅར་སྐབས་ཏཱ་ལའི་བླ་མ་ལྔ་པ་ཆེན་པོས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཆོས་ཁྲིམས་པ་དགའ་ལྡན་ཚེ་དབང་གཙོ་བོར་གྱུར་པའི་བོད་སོག་འགོ་དམག་གཏོས་ཆེ་དང་བཅས་མངའ་རིས་སུ་མངགས་རྫོང་གནང་བས་ལ་དྭགས་རྒྱལ་པོ་དཔུང་བཅས་ཆམ་ལ་ཕབ་་ནས་མངའ་རིས་སྐོར་གསུམ་དབང་འོག་ཏུ་བསྡུས་པ་དེ་ནས་བཟུང་ཐོག་མར་རྒྱལ་པོ་དགའ་ལྡན་ཚེ་དབང་རང་ཉིད་ནས་སྐོར་གསུམ་སྤྱི་ལ་དབང་སྒྱུར་གྱིས་ལྷོ་ཧིན་རྡུ། ནུབ་ལ་དྭགས། བྱང་ཤིན་ཅང་བཅས་ས་མཚམས་ཁག་ལ་སོ་མི་འཛུགས་རྒྱུ་དང༌། ནང་ཁུལ་རུ་ཐོག་རྫོང༌། མདའ་པ་ཁ། རྩ་ཧྲེང་རྫོང༌། པུ་ཧྲེངས་རྫོང༌། དགེ་རྩེ་ཤར་ནུབ། འབྲོང་པ་ལྷོ་བྱང་སོགས་སྐོར་གསུམ་ལྷོ་བྱང་ཡུལ་འབྲོག་སོ་སོའི་ཐོན་ཁུངས་ལ་ཞིབ་ཚགས་ཀྱི་ཁྲལ་རིགས་འབབ་དེབ་གཏན་འབེབས་དང༌། གསེར་ཁ། ཚྭ་ཁ། ཚོང་འདུས་ཁག་བཅས་ལ་དོ་དམ་བྱ་རྒྱུ་སོགས་ཀྱི་སྲོལ་བཏོད། ལྷག་པར་སྒར་ཁོངས་རྫོང་འགོ་སོ་སོར་སྤུས་འབོར་མང་ཉུང་ལ་མ་ལྟོས་པར་གསེར་ཁ་ཁག་མང་ཡོད་སྟབས་རྩེ་འཕྲལ་བདེ་ལས་ཁུངས་ནས་ལོ་ལྟར་གསེར་དཔོན་གཞུང་ཚོང་པ་ཞེས་གཏོང་ལམ་ཡོད་པ་ལྟར་རྫོང་འགོ་སོ་སོའི་ཐོན་འབོར་ལ་གཞིགས་པའི《འབབ་དེབ་དབྱིག་མཛོད་ཆེན་མོ》ནང༌གསལ་གྱི་གསེར་ཁྲལ་འཇལ་དགོས་པ་དང༌། དེ་རྗེས་སྐོར་གསུམ་སྤྱི་ཁྱབ་ཤོད་སྐོར་རིམ་བཞི་རེ་གཏོང་ལམ་བྱུང་འདུག རབ་བྱུང་བཅུ་བཞི་པའི་ཤིང་ལུག(1835)ལོ་ཙམ་ནས། གནས་ལྔ་པའི་ཏོག་འཛིན་ཤོད་དྲུང་གཉིས་ལ་ཕྱིའི་ཐའི་ཇིའི་གོ་གནས་བསྩལ་ཏེ་སྒར་དཔོན་ཤར་ནུབ་ཅེས་གཏོང་སྲོལ་ཡོད། མངའ་རིས་ནི་བོད་ཀྱི་མཐའ་མཚམས་ཀྱི་ས་ཁུལ་ལ་བརྟེན་ལྷོ་ནུབ་བྱང་བཅས་ཀྱི་ས་མཚམས་སོ་སོར་དོགས་ཅན་ཕྱིའི་མི་རིགས་གསེང་ཤོར་མི་འབྱུང་བའི་འབྲེལ་ཡོད་རྫོང་འགོ་སོ་སོས་བཀག་འདོམས་ཐོག་བློ་དོགས་ཆོད་མིན་རིགས་སྐོར་གསུམ་སྤྱི་ཁྱབ་པར་སྙན་སེང་ཞུ་དགོས་པ་དང༌། ས་མཚམས་སྐོར་སོགས་གལ་ཆེའི་དོན་གནད་ཐག་གཅོད་མི་ཐུབ་པའི་རིགས་བཀའ་ཤག་ལ་དགོངས་སྐོར་ཞུ་དགོས་པ། དེ་མིན་ཁྲལ་བསྡུ་ཁྲིམས་སྣོན་དང༌། གསེར་ཁ། ཚྭ་ཁ། ཚོང་འདུས་ཁག་བཅས་ལ་དོ་དམ་དང༌། རྟ་ལོ་ནམ་ཤར་ལ་རྟ་ལོ་སྐོར་ཆེན་ཞེས་བོད་དབུས་གཙང་ཁམས་གསུམ་དང༌། ཧིན་རྡུ། ལ་དྭགས་ཁུལ་བཅས་ནས་གངས་ཏི་སི་དང་མ་ཕམ་གཡུ་མཚོར་གནས་སྐོར་དད་འདུས་མི་ཚོགས་ཆེ་ཞིང༌། ས་ཟླའི་ཡར་ཚེས15ཉིན་སྒར་དཔོན་ཤར་ནུབ་དང་སྐོར་གསུམ་ཁུལ་གྱི་རྫོང་སྡོད། དགོན་སྡེ་ཁག་གི་བླ་མ་ལས་སྣེ། དམག་དཔོན་ཞེས་རྫོང་འགོ་སོ་སོའི་ཁོངས་ཀྱི་མི་དྲག་དཔོན་རྒྱུད་ཁག་བཅས་ནས་ཏི་སིའི་སྐོར་ལམ་དུ་ལོ་ལྟར་དར་ཆེན་སྐུ་བཞེངས་ཞུ་རྒྱུ་སོགས་དེ་སྔ་རྒྱལ་པོ་དགའ་ལྡན་ཚེ་དབང་གི་ལམ་ལྟར་བྱེད་སྲོལ་ཡོད། ཤིངཡོས(1915)ལོར་ཇ་ཚྭ་ལས་ཁུངས་བཙུགས་ཏེ་དབུས་གཙང་རྒྱ་ཁྱབ་ཏུ་ཚྭ་བལ་ཤོ་ཁྲལ་བསྡུ་དམ་གཏོང་ལམ་བཞིན་སྐོར་གསུམ་ཁུལ་རུ་ཐོག་དང༌། མདའ་པ་ཁ། སྤུ་ཧྲེང༌། རྒྱ་ཉི་མ། ཡན་ཆོད་སྟེང་ཁ་བཅས་ལ་ཚྭ་བལ་ཤོ་ཁྲལ་བསྡུ་དམ་རྩེ་དྲུང་རེ་གཏོང་བ་བཅས་སོ། །
འབྲེལ་ཡོད་འོས་སྦྱོར།