logo

བོད་ཁམས་སིལ་བུར་འཐོར་བའི་དུས་སྐབས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-03 ཀློག་གྲངས།:
ནང་གཉིས་སུ་གྱེས་པའི་བཙན་པོའི་གདུང་རྒྱུད་ཀྱི་སྐོར།
གཅིག འོད་སྲུངས་ཀྱི་གདུང་རྒྱུད་ཀྱི་སྐོར།
      དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་བཙན་པོ་དར་མ་བཀྲོངས་རྗེས་སུ་བཙུན་མོ་ཆེ་ཆུང་གཉིས་ལ་སྔ་རྗེས་སུ་སྲས་རེ་འཁྲུངས་པའི་ཆེ་བ་འོད་སྲུངས་ནི། སྤྱི་ལོ842པའི་ཆུ་ཁྱི་ལོར་ཡབ་དར་མ་ ་དུམ་བཙན་པོ་དང༌། ཡུམ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། སྐྱེས་མ་ཐག་པའི་བྱིས་པར་རྒྱལ་སྲིད་དབང་བསྐུར་ཡང༌། སྐབས་དེར་ནང་བློན་རྣམས་ཀྱི་དབང་ཤུགས་ཕྱོགས་གཉིས་སུ་གྱེས་ཡོད་སྟབས། ཡུན་རིང་མ་འགོར་བར་བཙུན་མོ་ཆེ་བའི་སྲས་ཡུམ་བརྟན་འཁྲུངས་པ་དང་ཁོང་གཉིས་རྒྱལ་སྲིད་ལ་གང་དགོད་ཁ་མ་འཆམས་པའི་རྩོད་པ་ཤོར་ཏེ་འོད་སྲུངས་ཕྱོགས་ཀྱིས་གཡོ་རུ་དང༌། ཡུམ་བརྟན་ཕྱོགས་ཀྱིས་དབུ་རུ་བཟུང་ནས་དབུ་གཡོ་འཁྲུག་པ་བྱས། དེའི་རྐྱེན་གྱིས་བོད་ཡུལ་ཕལ་ཆེ་བའི་ཡུལ་གྲུ་རེ་རེ་ལའང་ཆེ་སྲིད་དང༌། ཆུང་སྲིད། མང་ཚན་དང་ཉུང་ཚན། གསེར་པ་དང་གཡུ་པ། ཤ་ཟན་དང་རྩམ་ཟན་ཞེས་སྡེ་གཉིས་སུ་ཆད་དེ་འཁྲུག་རྩོད་ཀྱི་གཞི་ལངས། དགུང་ལོ་ཉེར་བརྒྱད་པའི་ས་གླང་སྤྱི་ལོ869ལོར་འབངས་གྱེན་ལོག་བྱས་པས་རིམ་བཞིན་བོད་ཀྱི་སྲིད་དབང་སིལ་བུར་འཐོར། དགུང་ལོ་ཞེ་བཞི་པའི་ཤིང་སྦྲུལ་ཏེ་སྤྱི་ལོ885ལོར་སྐུ་གཤེགས།
      འོད་སྲུངས་ཀྱི་སྲས་དཔལ་འཁོར་བཙན་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་ཤིང་བྱ་ལོར་འཁྲུངས་པར་གསལ་ཏེ། སྤྱི་ལོ865པའི་ཤིང་བྱ་ཡིན་དགོས་ཤིང༌། དེ་ལྟར་ན་ཡབ་མངའ་བདག་འོད་སྲུངས་དགུང་ལོ་ཉེར་བཞི་པའི་ཤིང་བྱ་ལོར་ཡབ་འོད་སྲུངས་དང༌། ཡུམ་ཅོག་རོ་བཟའ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཉེར་གཅིག་པའི་ཤིང་སྦྲུལ་ཏེ་སྤྱི་ལོ885ལོར་ཡབ་གཤེགས་པ་དང༌། བློན་པོ་འབྲོ་ཙུག་སྒྲ་དང༌། ཅང་འཕོ་གཉིས་ཀྱིས་བྱས་ཏེ་གཙང་དུ་བྱོན་ནས་གྲོམ་པ་ལྷ་རྩེའི་བྲག་ལ་ཕོ་བྲང་མཛད། སྨན་ལུང་ལ་སོགས་པ་ལྷ་ཁང་བརྒྱད་བཞེངས། དགུང་ལོ་སོ་གཅིག་པའི་ཤིང་ཡོས་ཏེ་སྤྱི་ལོ895ལོར་གྲོམ་པ་ལྷ་རྩེ་རུ་སྟག་རྩེ་སྙགས་ཀྱིས་བཀྲོངས།
      དཔལ་འཁོར་བཙན་ལ་བཙུན་མོ་ཆེ་ཆུང་གཉིས་ཡོད་པའི་ཆུང་མ་མཆིམས་བཟའ་བཙུན་ནེ་ལ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་འཁྲུངས། ཆེན་མ་སྣ་ནམ་བཟའ་ལེགས་བཙུན་ལ་སྐྱིད་ལྡེའུ་ཉི་མ་མགོན་འཁྲུངས། གཅེན་བཀྲ་ཤིས་བརྩེགས་པའི་གདུང་རྒྱུད་སྐོར། འདི་ལ《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་གསུམ་བྱུང་སྟེ། དཔལ་ལྡེའུ་དང༌། འོད་ལྡེའུ། སྐྱིད་ལྡེའུ་སྟེ་སྨད་ཀྱི་ལྡེའུ་གསུམ་དུ་གྲགས།
གཅེན་དཔལ་ལྡེའུའི་རྒྱུད་སྔོན་པོ་ཚོན་པོར་ཐུག་སྟེ་ཁབ་གུང་ཐང་པ་དང་ཀླུ་རྒྱལ་པ། སྤྱི་པ་ལྷ་རྩེ་བ། གླང་ལུང་རྩད་སྐོར་བ་སོགས་ཡིན་ནོ།།
འབྲིང་པོ་འོད་ལྡེའུ་ལ་སྲས་བཞི་ལས་ཕ་བ་དེ་སེའི་རྒྱུད་གཙང་རོང་སྣུབས་ཡུལ་དང་ཉང་སྟོད་སོགས་ན་ཡོད། གཉིས་པ་ཁྲི་ལྡེའུ། མདོ་ཁམས་སུ་བྱོན་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལ་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས་ཤིང་སྤྱན་སྔ་དོན་ཆེན་ལ་སོགས་པའི་རྒྱལ་རྒྱུད་བྱུང༌། གསུམ་པ་ཉག་ལྡེའུའི་རྒྱུད། གཡས་རུའི་སྐྱིད་མཁར་བཙན་པོ་ལ་ཐུག། བཞི་པ་ཁྲི་ཆུང༌། ཡར་ཀླུངས་སུ་བྱོན། འབངས་ཀྱིས་ཕོ་བྲང་བརྩིགས་ནས་ཕུལ་བའི་འབངས་བརྩིགས་དང་སྐུ་མཁར་མཆིང་ང་སྟག་རྩེ་བཟུང༌། ཁྲི་ཆུང་གི་སྲས་འོད་སྐྱིད་འབར། འོད་སྐྱིད་འབར་ལ་སྲས་བདུན་ཡོད་པ་ནི། གཅེན་ཞང་རྗེ་ཚ་ཁྲི་ལྡེའུ་འབར། གཅུང་གཙང་ཚ་སྤུན་དྲུག་ཅེས་པ་ལྷ་སྤྱན་གཡུ་སྤྱན་གཉིས། ད་ར་ལྷུན་པོ་གཉིས། འོད་བཙན་གུང་བཙུན་གཉིས་ཏེ་དྲུག་གོ།
       གཅེན་ཞང་རྗེ་ཚ་གྲི་ལྡེའུ་འབར་ལ་སྲས་དྲུག་བྱུང་བ་ནི། གཡུ་ཐོག་པ། བྱེ་ཆུང་ལྷ་སྒོམ། གུང་ལྡེའུ། ཁྲི་ཐོག་ཐག ཟླ་བ། བཞེངས་ཅན་འབར་བཅས་སོ། ། གཡུ་ཐོག་པའི་རྒྱུད་པ་སྣ་མོ་པ། མཆིང་ང་པ། དོན་མཁར་པ། ཐང་ཁོར་པ་རྣམས་སོ། ། བྱེ་ཆུང་ལྷ་སྒོམ། གུང་ལྡེའུ། ཁྲི་ཐོག་ཐག་གསུམ་གྱི་གདུང་རྒྱུད་ཆད། ཟླ་བའི་རྒྱུད་རྟ་ཤགས་པ་དང་པྲ་སྣ་པའོ།། བཞེངས་ཅན་འབར་གྱི་རྒྱུད་མོན་མཁར་པ། ཞང་མདའ་པ། སྤུན་བདུན་ཐང་པ། ལྷ་སྟོན་དཀར་མོའི་རྒྱུད་བྱི་ཆུང་བའོ།། གཙང་ཚ་དྲུག་གི་ཕྱི་མ་བཞི་ལས་ཁྲ་འབྲུག་བྱིང་བྱར་གྱི་བཙན་པོ་རྣམས་འཕེལ་ལོ། ། གཡུ་སྤྱན་གར་མི་ཡོན་ཏན་ལ་སྲས་ཇོ་དགའ་འཁྲུངས། ཇོ་དགའ་ལ་སྲས་གསུམ་བྱུང་སྟེ་བྱ་ས་ལྷ་ཆེན་དང༌། ཁྲི་དར་མ། ལྷ་ཞི་བ་བཅས་སོ། ། སྲས་ཆེ་བ་བྱ་ས་ལྷ་ཆེན་གྱིས་བྱ་སའི་ལྷ་ཁང་སོ་མ་བཞེངས། རྒྱ་མའི་དབོན་སྟོན་གྱིས་རབ་གནས་མཛད། དཔལ་ཕག་མོ་གྲུ་པ་བླ་མར་བསྟེན། སྲས་ཆུང་བ་ཞི་བ། རབ་ཏུ་བྱུང་ནས་ལོ་མོ་སྒོམ་ཁང་དུ་བཞུགས།
      སྲས་འབྲིང་བ་ཁྲི་དར་མ་ལ་སྲས་བཞི་བྱུང་སྟེ། གཙུག་ལྡེའུ། ཁྲི་གཙུག་ལྡེའུ། རྣལ་འབྱོར། སྨོན་ལམ་བཅས་བཞིའོ།། དེ་ལས་ཁྲི་གཙུག་ལྡེའུས་བྱ་ས་དང་དོ་སྔོན་སོགས་བཟུང་སྟེ་ཡར་མདའི་བཙན་པོ་རྣམས་བྱུང༌། སྲས་སྨོན་ལམ། རབ་ཏུ་བྱུང་སྟེ་པུ་གུ་དོའི་གཟིམ་ཁང་དཀར་པོ་བརྩིགས་ཏེ་ཆོས་ཁྲིམས་དང་བསྟན་པའི་བྱ་བ་དུ་མ་མཛད། སྲས་རྣལ་འབྱོར། འདིས་འབངས་བརྩིགས་སུ་རྒྱལ་ས་བསྐྱངས་ཏེ་མཆེད་འདི་རྣམས་ཀྱིས་རྗེ་སྤྱན་སྔ་པ་དང་རྒྱལ་བ་ཐོག་རྡུགས་པའི་སྦྱིན་བདག་བྱས། སྲས་ཡོ་འབག་དང༌། ལྷ་ཆེན་པོ། ལྷ་ངམ་ཤོད་པ་དང་གསུམ་བྱུང༌། འདི་དག་ལས་སྲས་འབྲིང་བ་ལྷ་ཆེན་པོའམ། ལྷ་ལུང་གི་དབང་ཕྱུག་ནི་རབ་ཏུ་བྱུང་ནས་ལྕིལ་བུའི་གདན་ས་མཛད།
      སྲས་ཆུང་བ་ལྷ་ངམ་ཤོད་པ་ནི་འབྲི་ཁུང་གཅུང་རིན་པོ་ཆེ་ལས་ལྷ་བཙུན་མཛད། སྲས་ཆེ་བ་ཇོ་འབག་གིས་རྒྱལ་ས་བཟུང༌། སྲས་ཤཱཀྱ་མགོན་དང༌། ལྷ་འགྲོ་མགོན། ལྡེའུ་བོ། ལྡེའུ་ཆུང༌། ཇོ་རྒྱལ་བཅས་ལྔ་བྱུང༌། དེ་ལས་སྲས་དང་པོ་ཤཱཀྱ་མགོན་གྱིས་ཕོ་བྲང་གནས་ཆུང་བཏབ། ས་སྐྱ་པཎྜི་ཏའི་སྦྱིན་བདག་བྱས། དེ་ལ་སྲས་ཤཱཀྱ་བཀྲ་ཤིས་འཁྲུངས། དེས་ཕོ་བྲང་རྙིང་མ་བཏབ། སྲས་ལྕིལ་བུའི་ལྷ་བྲག་ཁ་བ་དང༌། གྲགས་པ་རིན་ཆེན་གཉིས་འཁྲུངས། དེ་ལས་ཆུང་བ་གྲགས་པ་རིན་ཆེན་གྱིས་རྒྱལ་བ་ཐོག་རྡུགས་པའི་ཉེ་གནས་མཛད། ཕྱིས་བླ་མ་འཕགས་པའི་ཉེ་གནས་མཛད། སེ་ཆེན་གྱི་དམ་ཁ་བླངས་ཏེ་ཕོ་བྲང་བྲག་ཁ་སོགས་བཏབ། སྐུ་གསུང་ཐུགས་རྟེན་འགའ་བཞེངས། ཇོ་སྟོན་ཚོགས་པའི་ཆོས་བཞི་གཏན་དུ་འདེགས་པའི་སྲོལ་མཛད། སྲས་བཞི་འཁྲུངས་པའི་དང་པོ་ལྕིལ་བུ་བློ་གྲོས་འོད་ཡིན། གཉིས་པ་ཤཱཀྱ་མགོན་པོ་ལ་ཡབ་དགུང་ལོ་ང་གསུམ་པའི་སྐབས་སུ་སྲིད་སྐྱོང་དུ་བསྐོས། ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་བསྟེན། ཕོ་བྲང་ཡུམ་བུ་བླ་སྒང་ལ་གཙུག་ལག་ཁང་བཞེངས། ཆོས་འཁོར་དུ་མའི་སྦྱིན་བདག་མཛད་ནས་བསྟན་པ་ལ་ཕན་པར་མཛད། གསུམ་པ་ལྷ་བཙུན་ཚུལ་ཁྲིམས་བཟང་པོ་ནི། ཕག་མོ་གྲུ་པ་ལས་རབ་ཏུ་བྱུང༌། བཞི་པ་འབལ་ནི། སྐུ་གཞོན་ནུའི་དུས་སུ་འདས། ཇོ་འབག་གི་སྲས་གཉིས་པ་ལྷ་འགྲོ་མགོན་ནི། རབ་ཏུ་བྱུང་སྟེ་ལྕིལ་བུའི་གདན་ས་མཛད། ཇོ་འབག་གི་སྲས་གསུམ་པ་ལྡེའུ་བོས་འབངས་བརྩིགས་བཟུང༌། དེ་ལ་སྲས་ཤཱཀྱ་རྒྱལ་ཞེས་པ་འཁྲུངས་ནས་གཡེ་ཆེ་ཆུང་ལ་དབང་མཛད། ཇོ་འབག་གི་སྲས་བཞི་པ་ལྡེའུ་ཆུང་ནི། གཞོན་ནུའི་དུས་སུ་འདས།
གཅུང་སྐྱིད་ལྡེའུ་ནི། འཇད་རྟ་ནག་ཏུ་ཕོགསྲས་དྲུག་ལས་ལྔ་བྱང་དུ་གཤེགས་ཏེ་གཡས་རུ་དང་རུ་ལག་གི་བཙན་པོ་རྣམས་ཡིན་ནོ། །
      སྐྱིད་ལྡེའུ་ཉི་མགོན་གྱི་གདུང་རྒྱུད་སྐོར། འདི་ལ《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་གསལ་བ་ལྟར་བཀོད་ན། མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དང༌། སྐྱིད་ལྡེའུ་ཉི་མ་མགོན་གཉིས་ཀྱི་སྲིད་ཕལ་ཆེར་ཡུམ་བརྟན་ཕྱོགས་ཀྱིས་ཁྱེར་བས་སྟོད་དུ་བྱོན། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་སྟོད་དུ་བཞུགས། ཉི་མ་མགོན་མངའ་རིས་སུ་བྱོན་པ་ན། བློན་པོ་ཞང་པ་ཚབ་རིན་ཆེན་སྡེ་དང༌། ཅོག་རོ་ལེགས་སྒྲ་ལྷ་ལེགས་གཉིས་ཀྱིས་བྱེ་མ་གཡུང་དྲུང་དུ་བསྐྱལ་ནས་པ་ཚབ་ཀྱིས་སྤྱང་ཐུལ་གྱི་ན་བཟའ་དང་ཅོག་རོས་དྲེ ་གཅིག་ཕུལ་ནས་ངུས། རྗེ་ཡིས་ངས་མངའ་རིས་སུ་རྒྱས་སྲིད་འདྲ་ཟིན་སྲིད་ན་ཁྱེད་གཉིས་ཀྱི་བུ་མོ་རེ་བརྫང་བར་ཞུ་ཟེར་ནས་བྱོན། པུ་རངས་སུ་སྐུ་མཁར་ཉི་བཟུང་བརྩིགས། བློན་པོ་གཉིས་ཀྱིས་བུ་མོ་རེ་བཙུན་མོར་ཕུལ། ཅོག་རོ་བཟའ་ལ་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་ཆེ་པ་རིག་པ་མགོན། འབྲིང་བ་བཀྲ་ཤིས་མགོན། ཆུང་བ་ལྡེའུ་གཙུག་དགོན་བཅས་གསུམ་འཁྲུངས། སྲས་གསུམ་པོ་དུས་ནམ་ཙམ་ཞིག་ལ་འཁྲུངས་ཡོད་པ་ལོ་རྒྱུས་དེབ་ཐེར་རྣམས་སུ་མི་གསལ་ཡང༌། མངའ་བདག་དཔལ་འཁོར་བཙན་སྐུ་གཤེགས་པའི་དུས་སུ་སྐྱིད་ལྡེའུ་ཉི་མ་མགོན་སྐུ་གཞོན་པ་ཞིག་མངའ་རིས་སུ་བྱོན་པའི་ཚེ། བློན་པོ་ཞང་པ་ཚབ་རིན་ཆེན་སྡེ་དང༌། ཅོག་རོ་ལེགས་སྒྲ་ལྷ་ལེགས་གཉིས་ལ། རྗེས་སུ་ངས་མངའ་རིས་སུ་རྒྱལ་སྲིད་འདྲ་ཟིན་པ་བྱུང་ན་ཁྱེད་གཉིས་ཀྱི་བུ་མོ་རེ་བརྫང་དགོས་ཚུལ་གསུངས་པ་དང༌། དེ་ནས་མངའ་རིས་སུ་བྱོན་ཏེ་འབངས་ཀྱིས་བསྙེན་བཀུར་ཐོབ་སྟེ་མངའ་རིས་སྐོར་གསུམ་ལ་དབང་སྒྱུར་བྱེད་ཐུབ་པ་བྱུང་བ་དང་བློན་པོ་གཉིས་ཀྱིས་བཙུན་མོ་ཕུལ་ཚུལ་སོགས་གསལ་བ་ལ་བརྟགས་ན། དགུང་ལོ་ཅུང་ཟད་ཆེན་པོ་ཞིག་ཏུ་སླེབས་པ་དང་སྲས་འཁྲུངས་ཡོད་པ་གསལ། དེས་ན་མངའ་བདག་དཔལ་འཁོར་བཙན་དེ《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་གསལ་བ་ལྟར་སྤྱི་ལོ895པའི་ཤིང་ཡོས་ལོར་གཤེགས་པར་འདོད་པ་ལྟར་ན། སྐྱིད་ལྡེའུ་ཉི་མ་མགོན་ལ་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་དེ་དག་སྤྱི་ལོ920ནས940བར་གྱི་དུས་མཚམས་དེར་སྲས་གསུམ་པོ་རིམ་བཞིན་དུ་འཁྲུངས་ཡོད་པར་ངེས།
ཆེ་བ་རིག་པ་མགོན་གྱིས་མངའ་རིས་མར་ཡུལ་དང༌། འབངས་གཞུ་ནག་བཙན། ཤར་རུ་ཐོག གསེར་ཁ་གོག་ལད་ཀྱི་བདེ་མཆོག་དཀར་པོ། མཚམས་ཀྱི་ར་བ་དམར་པོ། ཝམ་ལེ་ཡི་མིག་གི་ཕ་བོང་གཡག་ལྡེའུར་རྡོ་བུག་པ་ཅན་ཡན་ཆད། བྱང་གསེར་ཁ་འགོག་པོ། ནུབ་ཁ་ཆེའི་ལ་བཙས་ལ་གཏོགས་པ་རྣམས་ཡིན་ནོ། ། རིག་པ་མགོན་ལ་སྲས་འགྲོ་མགོན་དང༌། ཆོས་དགོན་གཉིས་བྱུང༌། འགྲོ་མགོན་གྱི་སྲས་བླ་ཆེན་གྲགས་པ་ལྡེའུ། བླ་ཆེན་གྲགས་པ་ལྡེའུ་ལ་སྲས་བླ་ཆེན་བྱང་ཆུབ་སེམས་དཔའ་བྱུང༌། བླ་ཆེན་བྱང་ཆུབ་སེམས་དཔའ་ལ་སྲས་བླ་ཆེན་རྒྱལ་པོ་བྱུང༌། འདིའི་དུས་སུ་ཀླུ་དཀྱིལ་དགོན་པ་བཏབ་ནས་དགེ་འདུན་གྱི་སྡེ་བཙུགས། གངས་རི་མཚོ་གསུམ་དུ་མང་དུས་སྒྲུབ་པ་པོ་ལྔ་བརྒྱ་ཙམ་དང༌། ཉུང་དུས་བརྒྱ་ཙམ་རེ་བཞུགས་པ་ལ་འཚོ་བའི་ཡོ་བྱད་སྦྱར། བླ་ཆེན་རྒྱལ་པོ་ལ་སྲས་བླ་ཆེན་ཨུཏ་པ་ལ་བྱུང༌། དེའི་སྐབས་ལ་དྭགས་སྟོད་གཤམ་གཉིས་ཀྱི་དམག་དྲངས་ནས་ཉུང་ཏི་ལ་གཡུལ་བཤམས་པས་ཉུང་ཏི་རྒྱལ་པོ་ཕམ་ནས་གངས་ཏི་སེ་ནམ་ཞུ་དང༌། མཚོ་མ་ཕམ་ནམ་སྐམ་བར་ཏེ་ཇི་སྲིད་བར་མཛོ་དང་ལྕགས་ལ་སོགས་པའི་དཔྱ་དང་ཁྲལ་འབུལ་བའི་མནའ་བསྒགས་ཚུལ་བཅས་དང༌། གཞན་ཡང་འདི་ཡི་གདུང་རྒྱུད་ཞིབ་མོ་ནི་ལ་དྭགས་རྒྱལ་རབས་ལས་ཤེས་པར་བྱའོ།།
བར་པ་བཀྲ་ཤིས་མགོན་གྱིས་པུ་རངས་ཀྱི་ཕྱོགས་བཟུང༌།
ཆུང་བ་ལྡེའུ་གཙུག་མགོན་གྱིས་ཞང་ཞུང་བཟུང་ཞེས་པ་སྒར་དང་གུ་གེའི་ཕྱོགས་རྣམས་བཟུང༌། དེ་ལ་སྲས་སྲོང་ངེ་དང་ཁོ་རེ་གཉིས་བྱུང༌། སྲོང་ངེ་ནི་སྤྱི་ལོ965པའི་ཤིང་གླང་ལོར་འཁྲུངས། སྤྱི་ལོ996པའི་མེ་སྤྲེལ་ལོར་མངའ་རིས་གུ་གེ་མཐོ་ལྡེའུང་གསེར་གྱི་ལྷ་ཁང་བཞེངས། སྲས་ན་ག་རཱ་ཛ་དང༌། དེ་བ་རཱ་ཛ་གཉིས་འཁྲུངས། ཕྱིས་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ཐུགས་སྐྱོ་ནས་རབ་བྱུང་མཛད་པས་མཚན་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། ཁྱེ ་བློ་རྣོ་བ་ཉེར་གཅིག་རྒྱ་གར་དུ་བརྫངས་པས་ལོ་ཆེན་རིན་ཆེན་བཟང་པོ་དང༌། ལོ་ཆུང་གྲགས་འབྱོར་ཤེས་རབ་གཉིས་ཕྱིར་འཁོར་ཏེ་བསྟན་པ་ལ་ཤིན་ཏུ་ཕན་པ་བྱུང༌། པཎྜི་ཏ་མང་པོ་སྤྱན་དྲངས་ནས་འདུལ་བའི་སྐོར་འཆད་ཉན་གྱིས་སྤེལ་བ་ལ་སྟོད་འདུལ་དུ་གྲགས། དེའི་སྐབས་སུ་བོད་ཡུལ་སྟོད་སྨད་གཉིས་ནས་འདུལ་བའི་བསྟན་པ་དར་ཏེ་དབུས་གཙང་དུའང་དགེ་འདུན་གྱི་སྡེ་ཚུགས་པ་སོགས་བྱུང་ཡང༌། བར་སྐབས་ཡུན་རིང་ཙམ་ལ་བསྟན་པ་ཉམས་པའི་རྐྱེན་གྱིས་ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་ཞིང༌། ཆོས་ལོག་སྤྱོད་པ་མང་པོ་བྱུང་བར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཆོས་ལོག་སུན་འབྱིན་པའི་ཆེད་དུ་རྒྱལ་བརྩོན་འགྲུས་སེང་གེ་ལ་གསེར་མང་པོ་བསྐུར་ནས་ཇོ་བོ་རྗེ་བོད་དུ་གདན་དྲངས་དུ་བཏང་ཡང་རེ་ཞིག་མ་འདྲོངས། དེའི་རྗེས་སུ་ཡང་མུ་མཐུད་ནས་ཇོ་བོ་གདན་དྲངས་ཞུ་རྒྱུ་ལ་འབད་བརྩོན་གནང་བཞིན་པའི་སྐབས་དེར། གར་ལོག་དང༌། གུ་གེ་གཉིས་གཡུལ་འཁྲུག་པས་ཁོང་གིས་དམག་སྣེ་ཁྲིད་དེ་འཐབ་ཀྱང་མཐར་གར་ལོག་གིས་བཟུང་ནས་བཙོན་ཁང་དུ་འདས་སོ།།
       གཅུང་ཁོ་རེ་ལ་སྲས་ལྷ་ལྡེའུ་འཁྲུངས། ཁ་ཆར་གྱི་ལྷ་ཁང་བཞེངས། ལྷ་ལྡེའུ་ལ་སྲས་གསུམ་སྟེ་འོད་ལྡེའུ་དང༌། ཕོ་བྲང་ཞི་བ་འོད། བཙུན་པ་བྱང་ཆུབ་འོད་བཅས་སོ། འོད་ལྡེའུ་ལ་སྲས་རྩེ་ལྡེའུ་འཁྲུངས། རྩེ་ལྡེའུ་ལ་སྲས་འབར་ལྡེའུ་དང༌། བཀྲ་ཤིས་ལྡེའུ། ལྷ་ལྡེའུ། ན་ག་དེ་བ་བཅས་བཞི་འཁྲུངས། ན་ག་དེ་བ་ལ་སྲས་བཙན་ཕྱུག་ལྡེའུ་འཁྲུངས། བཙན་ཕྱུག་ལྡེའུས་ཡ་ཙེའི་མངའ་བདག་མཛད། སྲས་བཀྲ་ཤིས་ལྡེའུ་འཁྲུངས། བཀྲ་ཤིས་ལྡེའུ་ལ་སྲས་གྲགས་བཙན་ལྡེའུ་འཁྲུངས། གྲགས་བཙན་ལྡེའུ་ལ་སྲས་གྲགས་པ་ལྡེའུ་འཁྲུངས། གྲགས་པ་ལྡེའུས་གསེར་བྲེ་བདུན་ཅུ་ལ་འཇམ་དབྱངས་ཀྱི་སྐུ་དང༌། དངུལ་བྲེ་སྟོང་ཕྲག་བཅུ་གཉིས་ཀྱིས་བྱམས་པ་སོགས་དང༌། གསེར་དངུལ་གར་བླུགས་དང་ལྗང་བརྡུངས་ཀྱི་ལྷ་ཆེན་དང་མཆོད་རྟེན་དུ་མ་བཞེངས། སྲས་ཨ་སོག་ལྡེའུ་འཁྲུངས། ཨ་སོག་ལྡེའུས་རྒྱ་གར་རྡོ་རྗེ་གདན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཕུལ་བའི་གྲོང་བཞི་བཅུ་ཞེ་གཉིས་བར་སྐབས་སོག་པོས་བཟུང་བ་རྣམས་བླུས་ནས་རྡོ་རྗེ་གདན་རང་ལ་ཕུལ། སྲས་འཛི་ཐར་སྨལ་དང༌། ཨ་ནན་སྨལ་གཉིས་འཁྲུངས། འཛི་ཐང་སྨལ་གྱིས་དངུལ་གྱི་དགྱེས་རྡོར་བཞེངས། ཨ་ནན་སྨལ་གྱིས་རྡོ་རྗེ་གདན་གསོས། འདི་ཡན་འབྲི་གུང་པའི་སྦྱིན་བདག་ཡིན། འཛི་ཐར་སྨལ་ལ་སྲས་ཨ་འཛིད་སྨལ་འཁྲུངས། ཨ་འཛིད་སྨལ་གྱིས་ས་སྐྱར་ལྷ་བཙུན་བྱས། ཕྱིས་རྒྱལ་སར་འཁོད་ཅིང་གདུང་རབས་གཉིས་ནས་ཡ་ཙེའི་རྒྱལ་རྒྱུད་ཆད། པུ་རངས་ནས་བསོད་ནམས་ལྡེའུ་སྤྱན་དྲངས། དེ་ལ་པུ་ཎ་སྨལ་དུ་གྲགས། དེའི་སྲས་པྲི་ཏི་སྨལ་དང༌། བློན་པོ་དཔལ་ལྡན་གྲགས་པས་ས་སྐྱའི་ཆོས་ཁྲི་དང༌། ལྷ་སར་བཅུ་གཅིག་ཞལ་ལ་གསེར་ཐོག་ཕུལ། ཨ་སོག་ལྡེའུའི་སྲས་ཆུང་བ་ཨ་ནན་སྨལ་ལ་སྲས་རེ་སྨལ་འཁྲུངས། རེ་སྨལ་གྱིས་རྒྱ་གར་གྱི་རྒྱལ་ཁམས་མང་པོ་བདག་པོར་བྱས། དངུལ་ལས་བདེ་གཤེགས་བརྒྱད་བཞེངས། ལྷ་སར་གཙང་ཁང་དབུས་མའི་གསེར་ཐོག་བྱས། འདི་ཡན་འོད་སྲུངས་ཀྱི་གདུང་རྒྱུད་འཐོར་ཞིག་སོང་བའི་སྐོར་རགས་རིམ་ཙམ་བཤད་ཟིན་ཏོ།།
གཉིས། ཁྲི་ལྡེའུ་ཡུམ་བརྟན་གྱི་གདུང་རྒྱུད་སྐོར།

      རྒྱལ་པོ་དར་མའི་གདུང་སྲས་ཁྲི་ལྡེའུ་ཡུམ་བརྟན་ནི་ཡབ་འདས་པའི་རྗེས་སུ་སྤྱི་ལོ842པའི་ཆུ་ཁྱི་ལོར་གཅེན་འོད་སྲུངས་འཁྲུངས་རྗེས་སུ་སྐུ་བལྟམས། རྒྱལ་སྲིད་ལ་རྩོད་ཅིང་དབུ་གཡོ་འཁྲུག་པ་སོགས་མི་འདོད་པ་མང་པོ་བྱུང་བའི་ཚུལ་རྣམས་གོང་དུ་སོང་མ་ཁད་པ་ལྟར་ཡིན་ལ། བཙན་པོ་འདི་ཡིས་སྤ་ཚབ་བཟའ་བཀྲ་ཤིས་མཚོ་ཁབ་ཏུ་བཞེས་པ་ལ་སྲས་ཁྲི་ལྡེའུ་མགོན་གཉེན་འཁྲུངས། སྤྱི་ལོ882པའི་ཆུ་ཡོས་ལོར་གཤེགས་སོ།། ཁྲི་ལྡེའུ་མགོན་གཉེན་ལ་སྲས་ཁྲི་ལྡེའུ་རིག་པ་མགོན་དང༌། ཉི་མ་མགོན་གཉིས་འཁྲུངས། ཁྲི་ལྡེའུ་རིག་པ་མགོན་གྱི་རྒྱུད། རིག་པ་མགོན་ལ་སྲས་ལྡེའུ་བོ་དང༌། རྡོ་རྗེ་འབར་གཉིས་འཁྲུངས། ལྡེའུ་བོ་ལ་སྲས་ལྷ་བུག་པ་ཅན་དང༌། ཐང་བྲག་པ་གཉིས་འཁྲུངས། རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན། ཁྲི་དབང་ཕྱུག་བཙན་ལ་སྲས་ཚ་ན་ཡེ་ཤེས་རྒྱལ་མཚན་འཁྲུངས། ཚ་ན་ལ་སྲས་མངའ་བདག་ཁྲི་པ་འཁྲུངས། འདི་ཡབ་སྲས་གཉིས་ཀྱིས་བསམ་ཡས་ཀྱི་ཞབས་ཏོག་མཛད། དེའི་དུས་དབུས་གཙང་གི་མི་བཅུ་མདོ་ཁམས་ནས་བྱོན་ནོ། ། ཁྲི་པ་ལ་སྲས་ཨ་ཙ་ར་དང༌། དགེ་སློང༌། བླ་མ་བོ་དྷི་རཱ་ཛ་གསུམ་འཁྲུངས། ཨ་ཙ་རའི་རྒྱུད་པ་ཕྲེང་པོ་པ་དང༌། ལྕང་རྒྱབ་པ། གླག་པ་ལམ་པ། འབྲོང་པ། སྙེ་ཐང་པ། ལུམ་པ་བཙད་པོ་བཅས་སུ་གྲགས། དགེ་སློང་གི་རྒྱུད་པ་སྤེལ་བཞི་པ། བོ་དྷི་རཱ་ཛའི་རྒྱུད་ཉགས་ལམ་པ། འབྲི་གུང་པ། འོན། དོ། ཆབ་ཐང༌། བསམ་ཡས་བཙད་པོ་སོགས་མང་དུ་འཕེལ་བ་བཅས་སོ། །
      ཉི་མ་མགོན་ལ་སྲས་ཉི་འོད་དཔལ་མགོན་འཁྲུངས། དེའི་རྒྱུད་ཀླུང་ཤོད་འཕན་ཡུལ་མདོ་སྟོད་ན་མང་ངོ། ། ཞེས་པ་འདི་དག་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་གསལ་བ་བཞིན་བཀོད་ཅི། ལོ་རྒྱུས་ཡིག་ཚང་གཞན་དུ་འདི་དག་མི་འདྲ་བ་འདུག་པས་དཔྱད་པར་འོས།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།