གཉིད་དུ་ཡུར་བའི་འཁོར་ལོ་སྒྱུར་བའི་རྒྱལ་བོ།
རྩོམ་པ་པོ།:ཤེས་རབ་བསྟན་དར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-10
ཀློག་གྲངས།:
གཉིད་དུ་ཡུར་བའི་འཁོར་ལོ་སྒྱུར་བའི་རྒྱལ་བོ།
——འཕྱོངས་རྒྱས་བང་སོ།
འཕྱོངས་རྒྱས་བང་སོ་ནི་འཕྱོངས་རྒྱས་རྫོང་གི་ལྷོ་ངོས་སྤྱི་ལེ་གཉིས་ཙམ་གྱི་ས་ན་ཡོད། སྔོན་ཡུལ་དེའི་ལྷོ་ངོས་ཀྱི་ཆུ་འགོ་ནོར་བུ་རི་ནས་སྲོང་བཙན་གྱིས་ནོར་བུ་འཕྱོངས་ཕྲུ་གང་བ་ཞིག་གཏེར་ནས་བཞེས་པས་འཕྱོངས་རྒྱས་ཞེས་པ་དེ་ལྟར་ཐོགས། དེ་བས་བཙན་པོའི་བང་སོ་ས་འདིར་བསྐྲུན་པའི་དམིགས་ཡུལ་ཡང་ལམ་ཙམ་ཤེས་ཐུབ་པ་རེད།
བང་སོ་དེ་རྣམས་མུ་ར་རིའི་འདབས་སུ་ཡོད་ཅིང་། མུ་ར་རིའི་གཡས་ཀྱི་ལུང་བ་ལ་དོན་མཁར་ཟེར་ཞིང་གཡོན་དུ་འཕྱོངས་རྒྱས་ལུང་བ་ཡིན། དོན་མཁར་དང་མུ་ར་རིའི་འདབས་བཅས་སུ་བསྡོམས་པའི་རྒྱལ་བོ་དང་བཙུན་མོ་སྲས་བཅས་ཀྱི་བང་སོ་ཉེར་གསུམ་ཡོད་ཟེར།
སྲོང་བཙན་བང་སོའི་སྟེང་དུ་ལྷ་ཁང་ཞིག་བཞེངས་འདུག ཉང་སྨན་ལུང་བས་ཕྱག་བཏབ་གནང་བའི་ལྷ་ཁང་རིག་གསར་གྱིས་རྩ་མེད་དུ་བཏང་ན་ཡང་། ད་ལྟ་དེའི་ཚབ་བཞེངས་ནས་ཆོས་རྒྱལ་དང་། རྒྱ་བཟའ། བལ་བཟའ། མགར་བློན། ཐོན་མི་སོགས་ཀྱི་སྐུ་བརྙན་བཞེངས་ཡོད། སྲོང་བཙན་གྱི་བང་སོ་འདི་ལ་བང་སོ་དམར་བོ་ཞེས་ཀྱང་འབོད།
བང་སོ་འདི་དག་གི་སྐོར་སྔོན་གྱི་ཡིག་ཚང་དག་ལས་གསལ་བོར་བཤད་ཡོད་དེ། ངས་བཀླགས་མྱོང་བ་ནི《ལྡེའུ་ཆོས་འབྱུང》དུ་བཀོད་པའི་གསང་བ་ཡང་ཆུང་ལས་བྱུང་བའི་ཚིག་དེ་དག་དང་། འཇིགས་མེད་གླིང་བའི་གཏམ་ཚོགས་སུ་བཀོད་པའི《བློན་པོ་མགར་གྱི་ཡི་གེ》ཞེས་པ་དེ་གཉིས་ཡིན། ད་དུང་འཇིགས་མེད་གླིང་བའི《སྲོང་བཙན་བང་སོའི་དཀར་ཆག》《བཀའ་ཐང་ལྡེ་ལྔ》ལས་བྱུང་བའི་བང་སོའི་སྐོར་ཡིན། དེ་དག་ནི་ཤིན་ཏུ་གལ་ཆེ་སྟེ། བང་སོ་ལ་ཞིབ་འཇུག་བྱེད་མཁན་མཁས་པ་ཏུའུ་ཆི་སོགས་ལས་ཀྱང་དེ་ལས་བརྒལ་ཐུབ་མེད་པ་རེད།
བང་སོ་ཇི་ལྟར་བྱུང་བའི་སྐོར་ལ། གནམ་གྱི་ཁྲི་བདུན་ནི《གསང་བ་ཡང་ཆུང》ལས། དེ་ཡང་ཁྲི་བདུན་བང་སོ་གནམ་ལ་བཏབ། །ལྷའི་ལུས་ལ་རོ་མེད་འཇའ་ལྟར་ཡལ། །ཞེས་དོན་ལ་རྨུ་ཐག་ལ་འཇུ་ནས་ལྷར་གཤེགས་པའི་བང་སོ་མེད་ཟེར། གྲི་གུམ་བཙན་པོས་བློན་པོ་ལ་འཐབ་ནས་བགྲོངས་པས་བང་སོ་བྱུང་སྟེ། སྟེངས་གཉིས་བང་སོ་རྫ་དང་གཡའ་ལ་བཏབ། །ཅེས་རི་མཐོ་སར་བཏབ་པར་མངོན་ཞིང་བང་སོ་བརྩིགས་པའི་ལས་དཔོན་རུ་ལས་སྐྱེས་ཡིན། འདི་ནི་རྒྱལ་བོའི་བང་སོ་ཐོག་མ་ཡིག་ཚང་ལས་དངོས་སུ་ཐོན་པ་ལས་དེའི་སྔ་རོལ་ཏུ་བོད་ལ་བང་སོ་བརྩིགས་པའི་སྲོལ་མེད་པའི་དོན་གཏན་ནས་མ་ཡིན་ཏེ་ཉིང་ཁྲིའི་བང་སོ་དང་ཆུ་གོང་གི་བང་སོ།། ཁ་རུབ་ཀྱི་བང་སོ་སོགས་གཉའ་ཁྲིའི་སྔོན་གྱི་བང་སོ་ཡིན་པ་བསྙོན་དུ་མེད་པས་སོ།།
དེ་ནས་རིམ་བཞིན་ལེགས་དྲུག་བང་སོ་སྤང་ཐང་མཚམས་སུ་བཏབ། །ཅེས་དང་། ལྡེ་བདུན་དུར་ས་ཆུ་བོའི་གཞུང་ལ་བཏབ། །བཙན་བདུན་བང་སོ་ངར་མ་ཐང་དུ་བཏབ། །ཡུལ་གྱི་མིང་ནི་ཡར་ཀླུང་ངར་མ་ཐང་། །དེ་ཡང་ཕུལ་མེད་ས་ཕུང་བཏབ་པ་འདྲ། །ཞེས་གསུངས་ཤིང་ཆུ་བོ་གཞུང་ལ་བཏབ་ཅེས་པ་ནི་ཆུ་བཀྲམ་སར་བརྩིགས་པའི་དོན་དུ་གོ་དགོས་ཏེ་མགར་གྱི་དཀར་ཆག་ལས། ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བརྩིགས། །དེ་ད་མཚོ་ལ་ཁ་བ་བབས་པ་ལྟར། །ཞེས་བརྩིགས་པར་གསུངས་ཡོད་པས་དེང་གི་མཁས་པ་ལ་ལས་ཚོད་དཔག་གིས་མེ་བསྲེགས་པའི་ཐལ་བ་ཆུ་བོའི་གཞུང་ལ་བཏབ་ཟེར་བ་ལྟར་མིན་པ་ཤེས། འཕུལ་མེད་ཅེས་པའི་དོན་ནི་ས་སྤུངས་བཞིན་དུ་བརྡལ་ཡོད་པའི་དོན་དུ་གོ་དགོས་ཤིང་། འདེབས་པའི་ཡུལ་ཀྱང་ཡར་ལུང་ཡིན་གསུངས། འོན་ཀྱང་མགར་གྱི་ཡི་གེ་བང་སོ་འདེབས་པའི་ས་ནི་རྗེ་འབངས་གཉིས་འཐབ་པའི་འཕྱོང་ཡུལ་དར་མོ་ཐང་ཞེས་པ་དེ་ཡིན་པར་གསུངས་ཡོད།
ཁྲི་སྙན་བཟུང་ནས་དོན་མཁར་མདའ་རུ་བརྩིགས་པའི་སྲོལ་བྱུང་ཏེ། ཁྲི་སྙན་གཟུང་བཙན་དོན་མཁར་མདའ་རུ་བརྩིགས། །དེ་ཡང་ཕུལ་མེད་གྲུ་བཞི་མི་ཤེས་སྐད། །ཁྲི་གཉན་ལྡེ་རུ་བང་སོ་དོན་མཁར་མདའ། །རྗེ་འབངས་གསུམ་ཁ་གསོན་པོར་བང་སོར་གཤེགས། །སྟག་གུ་སྙན་གཟིགས་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་ཁྲི་སྙན་གོང་ངོས་པོ་གཡོན་ན་ཡོད། །དེ་ཡན་ཕུལ་མེད་ས་ཕུང་བརྡལ་བ་འདྲ། །དེ་ནས་ཕུལ་སྐྱེད་རྩིག་པ་སོག་ཁར་ཡོད། །དེའི་མིང་ནི་གུང་རི་སོག་ཁ་ཡིན། །གནམ་རི་སྲོང་བཙན་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་ཁྲི་སྙན་གཟུང་བཙན་གཡོན་ན་ཡོད། །ཅེས་གསུངས།
ལོ་རྒྱུས་ལས། སྲོང་བཙན་སྒམ་པོ་འཕྱོང་བོའི་མདའ་རུ་བརྩིགས། །ཞེས་གསུངས་པ་ལྟར་འཕྱོང་བོའི་མདའ་རུ་བརྩིགས་པའི་བང་སོ་ལས་སྔ་བ་དང་ཆེ་བ་སྲོང་བཙན་གྱི་བང་སོ་ཡིན་ཏེ། དེའི་ཟུར་བཞི་ན་ནི་ལྷ་ཁང་བཞི་ཡོད་ཅིང་མིང་ལ་སྨུག་རི་སྨུག་པོ་ཟེར། ཆེ་ཆུང་ཚད་ནི་དཔག་ཚད་མདའ་རྒྱང་གང་དང་ཞེང་ཚད་ནི་ཉང་གི་རྡོ་རྒྱང་གང་ཡོད་གསུངས། དེ་ནས་བཟུང་ནང་བའི་ལུགས་ཀྱི་བང་སོ་གྲུ་བཞིར་བརྩིགས་པའི་སྲོལ་བྱུང་། དེ་ཡན་གྱི་བང་སོ་ནི་བོན་ལུགས་དང་འབྲེལ་བའི་བང་སོ་ཡིན་པར་གསུངས་ཤིང་སྲོང་བཙན་གྱི་བང་སོ་རྒྱལ་བའི་ལུགས་ཀྱི་བང་སོ་ཡིན་པར་གསུངས་པས་ན་སྲོང་བཙན་གྱི་བང་སོ་རྩིག་སྟངས་འདི་རྒྱ་གར་དང་འབྲེལ་བ་ཡོད་པར་མངོན།
ཡང་ལོ་རྒྱུས་ལས། གུང་སྲོང་གུང་བཙན་དོན་མཁར་མདའ་ན་ཡོད། །གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད། །མིང་ནི་གུང་རི་གུང་ཆེ་ལགས་སོ་སྐད། །ཅེས་གསུངས་པ་ལྟར་དེང་སང་ཡང་ངོས་འཛིན་ས་ཡོད། མང་སྲོང་གྲལ་ནི་སྲོང་བཙན་གཡོན་ན་ཡོད། །དེའི་མིང་ནི་སྔོ་བཞེར་ཧལ་པོ་ལགས། །འདུས་སྲོང་འཕྲུལ་རྒྱལ་མང་སྲོང་གཡོན་ན་ཡོད། །དེའི་མིང་ནི་སེང་གེ་བརྩེགས་པ་ཅན། །ཞེས་གསུངས།
མེས་ཨག་ཚོམ་གྱི་བང་སོ་ནི། ལོ་རྒྱུས་ལས། ཨག་ཚོམ་བང་སོ་མུ་ར་རི་ལ་བརྩིགས། །གྲལ་ནི་འཕྲུལ་གྱི་རྒྱལ་བོའི་གཡོན་ན་ཡོད། །དེའི་མིང་ནི་ལྷ་རི་གཙུག་ནམ་ལགས་སོ་སྐད། །ཞེས་གསུངས་ཤིང་མུ་ར་རིའི་མདུན་གྱི་ཆེས་མཐོ་ས་ན་ཡོད་དེ། བང་སོ་དག་ལས་ཤིན་ཏུ་ཆེ་བ་ཞིག་ཏུ་མངོན། ཁྲི་སྲོང་ལྡེ་བཙན་མུ་ར་རི་ལ་བརྩིགས། །གྲལ་ནི་ཡབ་ཀྱི་ལྟག་ན་འོད་པ་སྲུང་། །མ་གྲོངས་གོང་དུ་ཉིད་ཀྱིས་བརྩིགས་པའོ། །མིང་ནི་འཕྲུལ་རི་གཙུག་ནམ་བྱ་བ་ལགས། །ཞེས་གསུངས་ཀྱང་མུ་ར་རི་ན་མེད་པར་མུ་ལ་རི་རྒྱུད་དོན་མཁར་གྱི་མདའ་བྱེས་ཀྱི་གཡོན་ཟུར་ན་ཡོད།འཇིགས་མེད་གླིང་བས་རྡོ་རིངས་དེང་སང་མི་སྣང་བ་ཞིང་བའི་སྙག་གིས་ནོན་ནས་ཆེར་མ་སོང་། གཏན་ཚིགས་སུ་མུ་ལ་རི་ཞེས་བྲིས་པ་ནི་རི་རྒྱུད་དེ་ཀ་ཡིན་པས་དོན་གྱིས་ཐོབ་པ་ལ་བཏགས་པ་སྟེ། དོན་ལ་མི་འགྱུར་བའི་གཟེར་རྡོ་རིངས་པོ། ཞེས་གསུངས། འོན་ཀྱང་དོན་མཁར་མདའ་ནི་མིག་གིས་བལྟས་ན་མཐོང་ས་ཞིག་ཏུ་ཡོད་མོད་དུས་ཚོད་ཀྱི་དབང་གིས་དེ་ལ་འགྲོ་མ་ཐུབ།
བང་སོའི་ལོ་རྒྱུས་ལས། ཁྲི་ལྡེ་སྲོང་བཙན་འཕྲུལ་རྒྱལ་མདུན་ན་ཡོད། །ཡུམ་གྱིས་ཆབ་གང་དགོངས་པས་ནང་གི་མཐོ། །མིང་ནི་འཕྲུལ་ཆེན་བཞེར་བྱ་བ་ལགས། །ཞེས་གསུངས་པ་ལྟར་ཁྲི་སྲོང་གི་བང་སོའི་མདུན་དུ་རྡོ་རིང་ཡོད་ཅིང་དེའི་ཡི་གེ་ད་ལྟ་ཆ་ཚང་ཀློག་མི་ཐུབ་མོད། ཏུའུ་ཆི་སོགས་ཀྱིས་ཕབ་པའི་ཡི་གེ་ཡོད་པས་གསལ་བོར་ཤེས་སོ། །དར་མའི་གྲལ་ནི་འཕྲུལ་དང་རྒྱལ་ཆེན་བར། །དེའི་མིང་ནི་བང་རིམ་འཁོར་ལོ་ཅན། །འོད་སྲུང་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད། །མིང་ནི་སྐྱེས་བུ་ལྷ་བསྟེན་བྱ་བ་ལགས། མུ་ནེ་བཙན་པོ་ཨག་ཚོམ་གཡས་ངོས་མདུན། །མིང་ནི་ལྷ་རི་ལྡིང་བུ་བྱ་བ་ལགས། །རལ་པ་ཅན་ནི་དོན་མདའི་གཡོན་ན་བཞུགས། །མིང་ནི་ཁྲི་སྟག་སྨང་རི་ལགས་སོ་སྐད། །ཅེས་བང་སོ་དག་གི་ངོས་འཛིན་གསུངས་ཡོད་མོད། ད་ལྟ་མང་བོ་ཞིག་ངོས་འཛིན་མི་ཐུབ།
དེ་ལས་གཞན་ད་དུང་བཙུན་མོའི་སྐོར་ཞིག་གི་བང་སོ་ཡང་གནས་དེར་ཡོད་པར་བཤད་དེ། ལོ་རྒྱུས་ལས། སྲིད་ཀྱིས་མ་ཟིན་ཇོ་མོའི་བང་སོ་ནི། །ཨོང་ཅོང་བང་སོ་དོན་མདའི་གཡོན་ན་ཡོད། །དེའི་རྩ་ན་མོང་བཟའ་ཁྲི་མོ་འབྲོང་སྙོད་ཡོད། །དེའི་རྩ་ན་རུ་ཨོང་བཙན་མོ་མཚོ་ཡང་ཡོད། །དེའི་རྩ་ན་མནོ་བཟའ་མར་དཀར་ཡོད། །ཚེ་སྤོང་འབྲི་མ་ཐོད་ཀར་ཡབ་ཀྱི་གཡས་ན་ཡོད། །མིང་ནི་བང་སོ་གཡུལ་མོའི་བང་ཞེས་བྱ། །འདོས་བཟའ་སྟོང་བཙུན་འབྲོ་དཀར་ཡབ་ཀྱི་གཡོན། ཚེ་སྤོང་དམར་རྒྱལ་དོན་མཁང་ཤུ་དྲ་རི། །སྣ་ནམ་དབྱིབས་སྟེང་པ་ཡབ་སྲས་གཡོན་ཟུར་ན། །འབྲོ་བཟའ་སྟོང་དཀར་ཕྱི་མོ་ལོད་ནི་སྲས་ཀྱི་གཡོན་ཟུར་ཕར་ཚད་ན། ཕྱི་མ་བཅུ་གཅིག་ལྡེའུ་སྲས་སོ་སྐད། །སྲིད་མ་ཟིན་པའི་ཇོ་མོ་བརྒྱད་ལ། །ལྗང་མོ་ཁྲི་བཙུན་སྙེན་སྟེངས་སྙེན་མ་ལོད། །འབྲོ་བཟའ་མ་ཁང་གསིང་མ་ལོད། །ཚེ་སྤོང་བཟའ་ཁྲི་མ་གུང་རྒྱལ། འབྲོ་བཙུན་ཁྲི་མོ་ལེགས། མཁར་ཆེན་བཟའ་མཚོ་རྒྱལ། ཞང་ཞུང་བཟའ་སྔོ་བཞེར་ལིག་ཏི་སྨན། མཆིམས་བཟའ་དང་བརྒྱད་བང་སོ་བརྩིགས་སོ། །ཞེས་གསུངས་ཤིང་གང་དང་གང་ཡིན་པ་ངོས་མི་ཟིན་ཟེར།
སྔོན་གྱི་བང་སོ་དེ་དག་ཇི་ལྟར་བརྩིགས་ཤིང་ནང་དུ་གང་འདྲ་བཞུགས་མིན་ཚོད་དཔག་བྱ་དཀའ་མོད། འོན་ཀྱང་ལོ་རྒྱུས་སུ་བསྟན་ཡོད་པ་ནི་པུ་དེ་གུང་རྒྱལ་ནས་གླང་དར་མའི་བར་གྱི་རྒྱལ་ཐོག་རིམ་པའི་པུར་ལ་གསེར་གྱིས་བྱུགས་ཏེ། དངུལ་ལམ། རྡོ། རྫའི་སྒམ་མམ། གའུར་བཅུག བང་སོའི་ནང་དུ་རེའུ་མིག་དགུ་བའི་དབུས་ཀྱི་ཁྲི་ལ་བཞག་སྟེ། མཐའ་སྐོར་དུ་རྒྱལ་བོའི་དཀོར་ནོར་བཀང་ནས་བང་སོར་བཞུགས་པར་བཤད།
སྲོང་བཙན་གྱི་བང་སོ་སྐོར་ཞིབ་ཏུ་བཤད་པ་དཔྱད་གཞིའི་ཡིག་ཆ་རིན་ཐང་བྲལ་བ་ཞིག་རེད། དེ་ནི་མགར་གྱིས་བྲིས་པར་གྲགས་པའི་བང་སོའི་དཀར་ཆག་དང་རྒྱལ་བོའི་བཀའ་ཐང་ལས་ཀྱང་འབྱུང་སྟེ། སྲོང་བཙན་བང་སོ་དེའི་ནང་གི་ཆར་རྣམ་པ་ལྔ་རུ་བཀོད། སྒོ་ནུབ་ཕྱོགས་བལ་ཡུལ་དུ་བསྟན། པུར་གསེར་གྱིས་བྱུགས་ནས་དངུལ་གྱི་གའུར་བཅུག་ནས་རེའུ་མིག་དབུས་མར་ཁྲི་ལ་བཞུགས་ཤིང་། རྒྱལ་བོའི་དཀོར་ནོར་གང་ཡིན་སྤྱན་སྔར་སྤུངས། དར་ཟབ་བླ་བྲེས་གདུགས་དང་རྒྱལ་མཚན་བྲེས། རྒྱ་རིམ་པ་བདུན་འདེབས། དབུས་སུ་དམ་སྲི་མནན་ཏེ་དེ་སྟེང་ཐུགས་རྗེ་ཆེན་པོའི་སྐུ་དང་། ཤར་ན་སྒྲོལ་མ། ལྷོ་ན་སྨན་བླ། ནུབ་ན་སངས་རྒྱས་དགའ་བོ། བྱང་ན་ཛམ་བྷ་ལ་བཅས་དེ་དག་སོ་སོར་ཡང་རང་རང་གི་འཁོར་གྱིས་བསྐོར་ཅིང་ཙན་དན་སྦྲུལ་སྙིང་གི་གདུགས་ཀྱིས་ཀུན་ལ་ཁྱབ་པར་བྱས། ནོར་གྱི་ཆ་ལ་རྒྱལ་བོ་རང་གི་བང་མཛོད་ནས་བླངས་པའི་བྱུ་རུའི་རྒྱལ་བོ་ཞེས་པ་ཁྲུ་བརྒྱད་ཡོད་པ་ཞིག་དང་། གསེར་གྱི་མི་རྟའི་གཟུགས། ཨུ་ཊ་ཡ་ནའི་ཁྲབ་བྱང་བུ་གསེར་ལས་གྲུབ་པ། ཆུ་འགོ་ནོར་བུ་རི་ནས་གཏེར་དུ་བཞེས་པའི་ནོར་བུ་འཕྱོངས་ཁྲུ་གང་བ་སོགས་མདོར་ན་ལྷ་ཀླུ་མི་ཡི་རིན་ཆེན་སྣ་ལྔ་དང་། འཛམ་གླིང་གི་ནོར་རྫས་ཐེངས་གསུམ་བསྡུས་ཞེས་ནོར་གྱིས་གཏམས། དེ་དུས་འདི་ཡི་སྟེང་ཁ་གཅོད་པའི་ཚེ་སྒོ་ཡི་ཐད་དུ་འཕྲུལ་གྱི་མི་ཆེན་བཞི་དང་། དེ་ཡི་གཡས་གཡོན་འཕྲུལ་འཁོར་དཔག་ཆེན་བཞི་དང་གཞན་ཡང་འཇིགས་པའི་རྣམ་གྲངས་དུ་མ་ཡོད་པར་འཁོད། འདི་ནི་བང་སོ་སྲུང་བའི་འཕྲུལ་གྱི་ཐབས་ཤིག་ཡིན་པས་ད་བར་དུ་སུས་ཀྱང་གསལ་བོར་བཤད་མི་འདུག
བོད་བཙན་པོའི་བང་སོ་ནང་དུ་རིན་པོ་ཆེ་མང་དུ་བཞུགས་པས་མཐའི་རྐུན་མས་རྐུ་བ་སྲུང་བར་ནང་བློན་བསྐོས་ཡོད། ནང་བློན་དེ་དག་གིས་རྒྱལ་བོ་དང་ཤི་ན་མཉམ་ཤིའི་དམ་བཅའ་བྱས་ཡོད་པས་བཙན་པོ་འདས་རྗེས་གསོན་གྲས་ནས་བུད་དེ་བང་སོ་སྲུང་བར་འགྲོ་དགོས། རྒྱའི་ཐང་ཡིག་ཏུ་གསོན་པོར་དུར་དུ་བཅུག་ཟེར་བ་ནི་ཕལ་ཆེ་བས་གསོན་པོར་དུར་དུ་སྦས་ཏེ་བསད་པ་ལྟ་བུར་བསམ་པ་ཡང་བོད་ཀྱི་བང་སོ་སྲུང་བའི་སྲོལ་དེ་མ་ཤེས་པའི་རྟགས་ཡིན་ནོ། །ནང་བློན་དེ་དག་གིས་གཤིན་པོའི་ཚུལ་བཟུང་སྟེ་པུར་གྱི་འབངས་བྱེད། རྒྱལ་རྒྱུད་གསོན་པོ་རྣམས་དང་མི་འཕྲད་ཅིང་། བང་སོ་མཆོད་པའི་དུས་མིན་པར་བང་སོའི་ཐོ་ཕྱི་རུ་འཁྱམས་ན་དུར་སྲུང་གཤིན་པོས་བཟུང་སྟེ། དུར་སྲུང་གིས་རེག་ཚེ་མི་ཁྱུར་མི་ཚུད་ཅིང་། གཤིན་པོའི་རྟགས་བཟུང་ནས་དུར་སྲུང་གི་བྲན་གཡོག་བྱེད། དམག་དང་ལས་ཀ་གང་ཡང་མི་འབབ་ཅིང་བང་སོ་ཁོ་ན་སྲུང་། སྒོ་ཕྱུགས་སོགས་དུར་སར་སླེབས་ཏེ་གཤིན་པོའི་མིང་ཅན་ཚོས་བཟུང་སྟེ་ཤི་བའི་མཚན་མ་བཏབ་ན་དེ་དག་དུར་ས་རང་དུ་བསྐྱེལ་བ་ལས་སུས་ཀྱང་བདག་འཛིན་བྱེད་སྲོལ་མེད། གལ་ཏེ་སྐབས་དེར་ཡིན་ན་ཁྱོད་བང་སོ་མཆོད་དུ་འགྲོ་འོས་པ་ལས་ལྟ་སྐོར་བྱེད་དུ་སོང་ན་ཚེ་གང་བོར་གསོན་གྲས་སུ་སླེབས་ཐབས་མེད། ཁོ་ཚོས་མཆོད་པའི་དར་ཟབ་དང་གནག་ཕྱུགས་སོགས་ལ་སྤྱོད་ཅིང་འཚོ་བའི་ཐབས་སུ་ལོ་ཏོག་ཀྱང་འདེབས།
བཙན་པོ་སྐུ་གདུང་བང་སོར་སྐྱེལ་བའི་ཚེ་ན་རོལ་མོ་སྦྲེངས་ཏེ་ཤིང་རྟར་དྲངས་ཏེ་བང་སོ་ནང་དུ་བཞུགས་སུ་གསོལ། རྒྱས་བཏབ་རྗེས་ནང་བློན་དག་ལ་སྲུང་དུ་འཇུག དེ་ཡང་མཐའི་རྒྱལ་བོས་བཙན་པོའི་བང་སོ་ལ་རྐུ་བྱེད་པ་འགོག་པའི་ཆེད་ཡིན་པར་གསུངས།
སྔོན་ཆད་བང་སོ་མཆོད་པའི་སྲོལ་རྒྱ་ཆེན་པོ་ཡོད་དེ་མཆོད་པའི་དུས་ནི་བཙན་པོ་གཤེགས་པའི་རྒྱལ་གྱི་ཉི་མ་སྟེ། རྒྱལ་བོ་འདས་པའི་དུས་དེར་རྒྱལ་འབངས་རྗེ་བློན་འཁོར་དང་བཅས་པ་ཡིས་མཆོད་པའི་ལོངས་སྤྱོད་སྤྱན་གཟིགས་སྣ་ཚོགས་བཏེགས་ནས་ལྷ་ཁང་ནང་དུ་བྱོན། མི་ཞིག་མངགས་ནས་སང་གི་ཉི་མར་བང་སོ་མཆོད་རྒྱུ་ཡིན་པས་ཁྱེད་གཤིན་པོ་དག་བྱེས་ཀྱི་ལུང་བར་སོང་ཞེས་བརྡ་གཏོང་། ཁོ་རྣམས་སོང་རྗེས་ཕུད་དང་ནོར། གོས་ལ་སོགས་པས་བང་སོ་རྒྱས་པར་མཆོད། མཆོད་པ་ཚར་ནས་ལྷག་མ་ཤུལ་དུ་སྤུངས། གཤིན་པོ་ཤོག་ལ་དེ་ཟོ་ཞིག་ཅེས་བསྔོས་ནས་ཕྱི་མིག་ཀྱང་མི་བལྟ་བར་རང་གི་གནས་སུ་འགྲོ། བྱེས་ཀྱི་ལུང་བར་ཡོད་པའི་དུར་སྲུང་དག་ཡོང་ནས་ཕུད་དང་ལྷག་མའི་ཁ་ཟས་དག་ལ་རོལ། གོས་དང་ཕྱུགས་སོགས་ལ་སྤྱོད། བཟའ་བཏུང་མང་བོ་འབྱུང་བས་ནོར་གྱིས་མི་ཕོངས་ལ་འཚེ་བའི་དོགས་པ་ཡང་མེད་སྐད།
རྒྱལ་བོ་གླང་དར་མ་འུ་དུམ་བཙན་བཀྲོངས་རྗེས་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་ནང་མ་མཐུན་པར་དབུ་རུ་དང་གཡོ་རུ་བཟུང་སྟེ་འཁྲུག རྒྱལ་བློན་གྱི་སྲིད་ཐབས་ལ་མ་དགའ་བས་བོད་ཡུལ་ཕལ་མོ་ཆེར་ནང་འཁྲུག་བྱུང་ཞིང་དབས་ཁོ་བཞེར་ལེགས་སྟེང་གིས་སྣེ་ཁྲིད་དེ་མདོ་སྨད་ནས་ཁེང་ལོག་བྱུང་ཞིང་། རིམ་གྱིས་དབུ་རུ་སོགས་ནས་ཁེང་ལོག་བྱུང་སྟེ་མཐོ་རིམ་མི་སྣ་མང་བོ་བསད། 937ལོར་ཤུད་བུ་སྟག་རྩེ་སོགས་མི་བཞིས་སྣེ་ཁྲིད་དེ་དོན་མཁར་མདའ་ཡི་བང་སོ་དང་། སེང་གེ་ཅན་གྱི་བང་སོ། འཕྲུལ་རྒྱལ་བང་སོ་སོགས་ཕལ་ཆེར་གཏིང་ནས་བྲུས་ཏེ་བགོ་བཤའ་བྱས། གཉགས་ཀྱིས་དོན་མཁར་མདའ་དང་ཚེ་སྤོང་ཞང་གིས་རྒྱལ་ཆེན། ཤུད་པུས་སེང་གེ་ཅན། འཕྲུལ་རྒྱལ་གྲོང་འཕྱོས་རྣམས་ཀྱིས་བྲུས་ཤིང་། མདོ་ཞེར་སྙི་བས་འདྲུ་འཕྲོ་ལུས། སྲོང་བཙན་འགྲོ་ལྡོག་ཟུང་གིས་ཐོབ་སྟེ་ལུས་པར་བཤད།
འོན་ཀྱང་། རྙིང་མའི་མཁས་པ་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་བས་བང་སོའི་དབྱིངས་ལ་ཆུ་བུར་གྱི་མིག་ལ་བལྟར་མི་མངོན་པའི་རླུང་སྤུ་གྲི་རེག་གཅོད་འཕྲུལ་གྱི་འཁོར་ལོའི་རྣོ་དབལ་དང་། གནོད་སྦྱིན་དཀར་བོའི་ཕྱོགས་ལ་དགའ་བ། མི་མ་ཡིན་ཚོགས་ཀྱིས་རྟག་ཏུ་སྲི་ཞུ་དང་སྲུང་བར་བྱེད་པས་ནག་པོའི་རྩ་ལག་གླང་དར་མ་འུ་དུམ་བཙན་གྱིས་ཀྱང་བང་སོ་གཞན་རྣམས་ཉམས་དམས་པར་བྱས་པའི་ཚེ་འདི་ལ་རྨ་དབབ་པར་མི་ནུས་པ་ནི་ཁྱད་གཞི་ཚད་མར་གྱུར་པའོ་གསུངས་པ་ལྟར་ན་སྲོང་བཙན་བང་སོ་ད་དུང་ཉམས་མེད་པར་མངོན།
བང་སོ་འདི་དག་ལ་ཉམས་ཆག་ཆེན་པོ་འོང་ལ་གནའ་དེང་གི་རྐུན་མ་མང་བོའི་མིག་ཟུང་ནམ་ཡང་འདི་ལ་འཁོར་གྱིན་ཡོད། འོན་ཀྱང་ས་ཆེན་དབང་དུ་བསྒྱུར་བའི་བཙན་པོ་དག་གནས་འདིར་གཟིམ་པའི་གནས་འདིར་ཁོང་ཚོའི་བུ་རབས་ཚ་རྒྱུད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་དམ། ཕ་བཟང་བོའི་རུས་པ་དུང་གིས་བརྒྱན་པ་ཕར་ཞོག མགོའི་སྐྲ་ལོ་སྤྱི་བསེར་རླུང་ལ་སྐུར་བཞིན་ལྷོད་དུ་གཟིམ་དུ་འཇུག་གིན་མི་འདུག
འབྲེལ་ཡོད་འོས་སྦྱོར།