logo

གནས་མདོ་བཀའ་བརྒྱུད་ཀྱི་ལོ་རྒྱུས་ཤིན་ཏུ་བསྡུས་པ་དཀར་ནག་འཕྲིན་བསྐུར་མ་བཞུགས་སོ། །

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-13 ཀློག་གྲངས།:
        དེ་ཡང་གནས་མདོའི་ཡབ་མེས་ནི་བོད་རྗེ་མེས་དབོན་རྣམ་གསུམ་གྱི་གདུང་བརྒྱུད་མ་ཆད་པ་དྲུང་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་ཡིན། དེའི་བླ་མ་ནི་རྙིང་མའི་རཏྣ་གླིང་པ་དང་། གསར་མའི་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པ། འབྲི་གུང་ཆོས་ཀྱི་རྒྱལ་པོ་སྟག་ལུང་ཡར་ཐང་གི་རཏྣ་ཀཱ་ར། ས་སྐྱའི་རོང་སྟོན་ཆོས་རྗེ། དགའ་ལྡན་བློ་བཟང་གྲགས་པ་སོགས་རིས་མེད་ཀྱི་བླ་མ་བརྒྱ་ལྷག་བསྟེན། ཆོས་ལུགས་ལ་ཡང་དེ་བཞིན་འདྲེས་པའི་གསུང་ཆོས་པོད་བཅུ་ཕྲག་བརྒལ་བ་བྱུང་། འདིའི་སྐྱེ་བ་གོང་མ་གུ་རུ་པདྨ་དང་། རྒ་ལོ་ཙཱ་ཡིན་པར་གསུངས། ཆོས་དང་འཇིག་རྟེན་གཉིས་ཀ་ནས་གྲགས་པ་ཤིན་ཏུ་ཆེ། མཐར་རྒྱ་ནག་གླང་ཆེན་འགྱིང་རིའི་རྩེར། བཟང་པོ་སྤྱོད་པའི་སྨོན་ལམ་ལྟར་ཞིང་ཁམས་རྒྱ་མཚོ་མཇལ་བའི་སྐབས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་སྤྲོས་ཏེ་ཕུལ་བར་སངས་རྒྱས་བྱང་སེམས་རྒྱ་མཚོས་མགྲིན་ཅིག་ཏུ། ཁྱོད་དང་གང་འབྲེལ་བའི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་ལུང་བསྟན་ཐོབ། སྐུ་ལུས་མ་སྤངས་པར་བྱ་འཕུར་བ་བཞིན་བདེ་བ་ཅན་དུ་བཞུད་ནས་ད་ལྟ་ཡང་དེར་བཞུགས་པར་གྲགས། དེ་ཡང་གུ་རུའི་ལུང་ལས་ཟིན་པ་ནི། བཀའ་ཐང་ལས། ཁམས་ཀྱི་ཕྱོགས་སུ་རྒྱལ་མཚན་མཐའ་ཅན་ཏེ། །རྒྱལ་ཕྲན་ཆོས་དང་མཐུན་པ་དུ་མ་འབྱུང་། །སངས་རྒྱས་བསྟན་ལ་ཕན་པ་དུ་མ་འབྱུང་། །ཞེས་གསུངས་པ་ལྟར། འདིའི་རིགས་བརྒྱུད་ལ་ཆོས་སྲིད་གཉིས་ཀ་ནས་ཆེ་བ་དུ་མ་བྱུང་། ལྷག་པར་ཉིད་ཀྱིས་ཆོས་བརྒྱུད་ཡོངས་རྫོགས་འཛིན་པ་པོ་ཆགས་མེད་ཨ་རཱ་ག་འདི་ཡིན། དེ་ཡང་མཁའ་སྤྱོད་པའི་སྲས་མཆོག་ཏུ་གྱུར་པ་སྒམ་པོ་པ་ཆོས་ཀྱི་རྒྱལ་མཚན། དེའི་སྲས་གུ་རུའི་ལུང་ལས་ཟིན་པ་བྱ་བྲལ་བ་ཀུན་དགའ་བཀྲ་ཤིས། དེའི་སྲས་ལྷ་རྒོད་རྒྱལ་གྱིས་གནས་མདོར་རྫོང་བཏབ་པ་ནས་བཟུང་མི་རབས་ལྔ་པ་ལ་རིགས་དང་གནས་དེར་སྐུ་འཁྲུངས། འདིའི་བླ་མ་དང་པོ་གནས་མདོའི་ཡབ་ཆོས་སུ་གྲགས་པ་རཏྣ་དང་མཁའ་སྤྱོད་པའི་གསུངས་སོགས་ཡབ་སྔགས་འཆང་ཨ་ནུ་པདྨ་དབང་དྲག་ལས་གསན། རིགས་ཀྱི་ངོས་འཛིན་ཞབས་དབང་དང་དབང་བསྐུར་སོགས་སྨད་འབྲུག་བསྟན་པའི་བདག་པོ་ཀརྨ་བསྟན་འཕེལ་ལས་ཐོབ། ཟུར་མང་དྲུང་སྐྱིད་ཀུན་དགའ་རྣམ་རྒྱལ་ལ་གཙུག་ཕུད་ཕུལ།  སྡོམ་གསུམ་ཡོངས་རྫོགས་གསན་པ་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གཙོས་དབང་ཁྲིད་སྣ་ཚོགས་གསན་ས་རྙིང་མའི་བདུད་ཀློང་གཉིས། ཐུན་མིན་བླ་སློབ་གནམ་ཆོས་མི་འགྱུར་རྡོ་རྗེ། གསར་མའི་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ། སྟག་ལུང་བཀྲ་ཤིས་དཔལ་གྲུབ། འབྲི་གུང་ལྷོ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། ས་སྐྱའི་འབུལ་སྡུད་བླ་མ། དགེ་ལྡན་འཕགས་པ་ལྷ་སོགས་རིས་མེད་ཀྱིས་བླ་མ་བཞི་བཅུ་ལྷག་བསྟེན། ཁོང་གི་གསུང་ཆོས་ཐམས་ཅད་ལ་ཡང་དེ་བཞིན་རྙིང་མ་བཀའ་བརྒྱུད་ས་དགེ་ནག་འགྱུར་གཏོ་རྩིས་སྐོར། བོད་ཆོས་སྲོང་བཙན་གསུངས་འཕགས་མཆོག་རྒྱལ་པོའི་ལུགས་རྒྱལ་རྒྱམ་སོགས་བཀའ་གཏེར་གཉིས་ཀ །མ་གཅིག་དགོངས་པ་ལས་འཁྲུངས་པ་ཞི་བྱེད་གཅོད་ཀྱི་སྐོར་སོགས་རྒྱལ་བསྟན་ཡོངས་རྫོགས་ཆ་ཚང་བ་ཞིག་ཡོད། དེ་ཡང་དག་སྣང་ཆེ་བ་ཁོ་ན་ཙམ་མ་ཡིན་པར་ཆོས་ཚན་རེ་རེ་བཞིན། རྩ་གསུམ་ལྷག་པའི་ལྷ་ཡིས་བྱིན་རླབས་དང་བཀའ་ཡིས་གནང་བ་ཐོབ་པ་ཁོ་ན་ཡིན་པས་བཀའ་བབས་ཀྱི་ལུགས་ཡིན། སྟོན་པ་ཐུབ་པས་ལུང་ལས་བསྔགས་པ་ནི། འཇམ་དཔལ་རྩ་རྒྱུད་ལས། དང་ཡིག་ཡི་གེ་ཨ་དགེ་སློང་། ། ལྷོ་ཡི་ཕྱོགས་སུ་འབྱུང་བར་འགྱུར། །བློ་ལྡན་ཚེ་ལོ་དྲུག་ཅུ་འཚོ། །ཀི་ཤྲི་ཞེས་བྱའི་གྲོང་དུ་གནས། །ཞེས་བསྟན་པ་ལྟར། མཚན་གྱི་དང་པོ་ཨ་རཱ་ག་ཞེས། ཁོང་འཁྲུངས་མ་ཐག་གནས་དེར་རྡོ་ལ་ཨ་ཡིག་རང་བྱུང་འཁྲུངས་བ་ད་ལྟ་མཆོད་རྟེན་ཆེན་པོའི་བྱང་དུ་བཞུགས་པ་འདིའོ། །རྗེས་སུ་བསྒྲུབ་པ་གནང་སྐབས་འགྲམ་དུ་བྲག་ལ་ཨ་ཡིག་གསུམ་རང་བྱོན་དུ་གསལ།དགེ་སློང་མཆོག་ཏུ་གྱུར་པ་ནི། ང་བན་རྒན་སྡོམ་པ་གཙང་བ་དེ། །གྲུབ་རྟགས་ནང་ནས་ཆེ་ཤོས་ཡིན། །གསུངས་པ་ལས་ཤེས། འབྱུང་བའི་གནས་བོད་ཡུལ་སྟོད་སྨད་བར་གསུམ་གྱི། སྨད་མདོ་ཁམས་སྒང་དྲུག་ལས། ལྷོ་ཟླ་སྒང་གི་ཕྱོགས་བློ་ལྡན། །ཞེས་བསྔགས་པའི་དོན། གསུང་ཆོས་པོད་དྲུག་ཅུ་སྐོར་ཡོད་པ་འདི་དག་ཐེངས་རེ་རེ་གསུངས་པ་ལས་གཟབ་ནན་དང་སླར་ཞུ་དག་སོགས་མི་དགོས་པ་འདི་ངོ་མཚར་དེ་ལས་ཆེ་བ་མེད་ཅེས་མཁས་གྲུབ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཚེ་ཚད་དྲུག་ཅུ་ཡིན་པ་ལྷག་ལྷས་ལུང་བསྟན་མང་ཕྱིར། སྐུ་མཚམས་ཡང་ཡང་གདམས་ནས་བསྲིང་ཀྱང་ལོ་ཧྲིལ་པོ་རེ་དགུ་དེ་དྲུག་ཅུའི་ནང་ཡིན། ཀི་ཤྲི་ཞེས་པའི་གྲོང་དུ་གནས། །གསུངས་དོན། བྲག་རས་གཤམ་གནས་མདོར་སྐུ་འཁྲུངས། དཔལ་རི་རྩེར་གཏན་དུ་གནས་པས། གྲགས་དཔལ་སོ་ནམ་གྲོང་དུ་གནས་པ་སོགས་གསལ་པོར་བསྟན། གནམ་ཆོས་གཏེར་ལུང་ལས་པདྨ་འབྱུང་དང་སྲོང་བཙན་སྒམ་པོའི་སྤྲུལ་པ་གསུངས། རཏྣའི་གཏེར་ལུང་ལས། འདི་ནས་ངོམ་དུ་རཱ་གའི་མཚན་འཛིན་པ། །སྤྱན་རས་གཟིགས་དབང་སྐྱེ་བ་བཅུ་གསུམ་འབྱུང་། ། དེ་མཐོང་འབྲེལ་ཚད་བདེ་ཆེན་ཞིང་དུ་སྐྱེ། །ཞེས་པ་རཱ་ག་ཉིད་དང་ཉིད་ཀྱི་སྤྲུལ་རབ་བཅས་ལུང་བསྟན། ཡི་དམ་བརྒྱ་ལྷག་ལ་བསྙེན་སྒྲུབ་ཐོན་པ་དང་། ཕྱག་རྫོགས་དབུ་གསུམ་གྱི་རྟོགས་པ་མཆོག་དང་ལྡན་པར་གྱུར། ཉིད་ཀྱིས་གསུངས་ལྟར་སྐུ་གདུང་ལ་སྐུ་གསུང་ཐུགས་རྟགས་སོགས་རང་བྱུང་ཤིན་ཏུ་མང་པོ་བྱོན། སྤྲུལ་པ་ནི་བདེ་བ་ཅན་དང་སྨན་ལྷའི་ཞིང་ཟངས་མདོག་དཔལ་རི་མ་འོངས་རྡོ་རྗེ་གདན་དུ་གནས་བསྟན་བཅུ་དྲུག་གི་འཁོར་དུ་དགེ་སློང་ཞིག་སོགས་བྱོན་པ་མ་ཚད། གནས་འདི་རྙིང་མའི་བསྟན་ལ་ཕན་པ་གཅིག་དང་། བདུད་རྒྱལ་མགོ་གསུམ་ནུས་མཐུས་བསྒྲལ་ནུས་པ་ཞིག་དང་བཅས་གཉིས་བྱོན་པར་ལུང་བསྟན། སྤྲུལ་པ་དེ་དག་རེ་རེ་ལས་ཡང་སྤྲུལ་མང་པོ་འབྱུང་བ་ནི་ཉི་མ་དང་འོད་ཟེར་གྱི་ཚུལ་ནི་ཆོས་ཉིད་དོ། །མཐར་སྤྲུལ་པ་དེ་དག་གཅིག་ཏུ་བསྡུས་ནས་བདེ་བ་ཅན་དུ་སངས་རྒྱས་པདྨ་ཆུ་སྐྱེས་ཞེས་སྐུ་མདོག་དཀར་པོ་ཕྱག་མཉམ་བཞག་ཅན་ཞིག་ཏུ་འགྱུར་བ་གནམ་ཆོས་ལ་ལྷག་ལྷས་ལུང་བསྟན་ཐོབ་པའོ།།
        འདིའི་གསུང་ཆོས་དག་ལ་གནས་ཀྱི་མིང་ལས་ཐོག་པ་གནས་མདོ་བཀའ་བརྒྱུད་ཅེས་ཐོག །དབང་ལུང་ཁྲིད་གསུམ་སོགས་བསྟན་པ་ཡོངས་རྫོགས་འཛིན་སྤེལ་གནང་བའི་བླ་མ་གཙོ་བོ་དག་ལ་གནས་མདོའི་གསེར་ཕྲེང་ཞེས་འབོད་པས་ན། ཨ་རཱ་ག་ཉིད་ཀྱིས་གསོ་སྐྱོང་གནང་བ་གསང་ཕུ་པདྨ་ཀུན་དགའ། དེ་ལས་ཆགས་མེད་མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་། དེ་ལས་གནས་མདོའི་གདུང་རིགས་དྲུང་ཀརྨ་སངས་རྒྱས་སམ་མཚན་གཞན་ཀུན་མཁྱེན་ཤེས་རབ་གྲགས་པ། དེ་ལས་ཁ་སྤྲུལ་གཉིས་པ་ཀརྨ་ཐུབ་བསྟན་རབ་འཕེལ། དེ་ལས་ཆགས་སྤྲུལ་བཞི་པ་ཁྱབ་བདག་བསྟན་འཛིན་འཕྲིན་ལས། དེ་ལས་ཁ་སྤྲུལ་གསུམ་པ་སྨོན་ལམ་ཡོངས་གྲུབ། དེ་ལས་ཆགས་སྤྲུལ་ལྔ་པ་གསང་སྔགས་བསྟན་འཛིན། དེ་ལས་སངས་སྤྲུལ་བཞི་པ་ཀརྨ་སངས་རྒྱས་བསྟན་འཛིན། འདིའི་ཡན་ཆད་བླ་མ་རྣམས་གྲུབ་ཐོབ་ཁོ་ན་བྱུང་། འདི་དག་གི་བཀའ་དྲིན་ལས་བདག་ཅག་སོགས་གནས་ལུགས་ཡོངས་རྫོགས་ལ་ལོངས་སྤྱོད་ཆོག་པ་དེ་བྱུང་ངོ་།།  །།ཆགས་མེད་ཨ་རཱ་གའི་སྤྲུལ་རབས་བར་མ་ཆད་པ་བྱུང་བ་ནི། སྐུ་ཕྲེང་གཉིས་པ་ཕྲིན་ལས་དབང་འབྱུང་ནི་ནང་ཆེན་ཆམ་གཤིས་ཡར་ནང་ཤོ་ལུང་དཔལ་མེ་མདོར་འཁྲུངས། །དེའི་ཞབས་རྗེས་གནས་མདོའི་མཆོད་རྟེན་ནུབ་ཕྱོགས་སུ་བཞུགས་པ་འདི་ཡིན། ཆགས་སྤྲུལ་གསུམ་པ་ཕྲིན་ལས་དབང་ཕྱུག་ནི། ངོམ་སྟོད་སྐྱོ་ཐུ་ལ་འཁྲུངས། འདི་གཤེགས་སར་ཕ་བོང་ལ་ཞབས་རྗེས་བཞག་པ་དཔལ་རི་རྩེའི་གཤམ་རྫིང་ཆུ་ཁ་འདི་ཡིན། ཆགས་སྤྲུལ་བཞི་པ་བསྟན་འཛིན་ཕྲིན་ལས་ནི་ལྷོ་རོང་ཨ་ནུ་ཚང་ལ་འཁྲུངས། རཱ་གའི་ཡང་གཏེར་དབྱུ་གུ་མཆེད་གསུམ་བཞེས། གུ་རུའི་སྐུ་ཕོར་གཏེར་ལས་བཞེས་པའི་ནང་སྐུ་སྤར་བ་རྣམས་བྱིན་རླབས་སྐུ་ཚབ་བྱེ་མ་ཨ་ཀྲུང་དང་མཉམ་པར་གསུངས་ཕྱིར་བདག་གི་རྫ་སྐུ་འབུམ་གཅིག་བསྐྲུན་ཏེ་གནས་མདོར་ཨ་ཡིག་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་བཞེངས་པ་འདིའི་ནང་དུ་བཞུགས་ཡོད། གསུང་ཆོས་པོད་བཞི་བྱུང་། དཔལ་རི་རྩེ་ལ་ཕོ་བྲང་ལྷ་སའི་པོ་ཏ་ལ་དང་མཉམ་ཟེར་དགོས་པའི་ཐོག་ཚད་བཅུ་གསུམ་བརྒལ་བ་སོགས་བསྟན་བཞེངས་རྒྱ་ཆེ། ཆགས་སྤྲུལ་ལྔ་པ་གསང་སྔགས་བསྟན་འཛིན་ནི་མཁའ་སྤྱོད་པའི་རྫོང་དང་རིགས་ཤུལ་ས་སྒང་སྡེ་བ་ལ་སྐུ་འཁྲུངས། དཔལ་རི་རྩེ་མེ་ལ་ཤོར་སྐབས་ངོམ་ཆུ་ཕར་ཚུར་དུས་གཅིག་ལ་ཞབས་རྗེས་བཞག །གནས་མདོ་བཀྲ་ཤིས་ཆོས་གླིང་དགོན་པ་གསར་དུ་བཏབ། གཏེར་ཆེན་མཛད་ཆོས་སྡོམ་པོད་ཆུང་ལྔ་བཞུགས། ཀརྨ་བཅོ་ལྔ་པ་གཏེར་ཆེན་མཆོག་གླིང་གཙོས་བཀའ་རྙིང་བླ་སྤྲུལ་སུམ་ཅུའི་སྐོར་བཀའ་བགྲོས་པའི་དོན། རྙིང་མ་སྤྱི་ཡི་ངོས་ནས་སློབ་དཔོན་པདྨའི་རྒྱལ་ཚབ་ཞིག་གཏན་འཁེལ་དགོས་འདུག་པ་དེ་སུ་བཟང་ཞེས་མཆོག་གླིང་གིས་བརྟགས་བབས་དོན། ངོམ་གནས་མདོ་བཀྲ་ཤིས་ཆོས་གླིང་ས་ཆ་དེ་ཟངས་མདོག་དཔལ་རིའི་གནས་སུ་འདུག །མ་འོངས་ཆགས་སྤྲུལ་སྐུ་ཕྲེང་རྣམས་སྲིན་རྒྱལ་རཀྴ་ཐོད་ཕྲེང་གི་སྤྲུལ་པ་ཁོ་ན་འབྱུང་བར་འདུག་པས་དེར་བཟང་ཞེས་གསུངས་པ་ལྟར་མངའ་གསོལ་སྐབས་པད་འབྱུང་དྷ་ན་ཀོ་ཤིའི་མཚོ་ལས་སྐུ་འཁྲུངས་སྐབས་ཡེ་ཤེས་མཁའ་འགྲོ་འབུམ་གྱི་དབུ་སྐྲ་ཉག་མ་རེ་རེ་ཕུལ་བ་དེ་རྫུ་འཕྲུལ་གྱིས་དབུ་ཞྭ་བཟོས་ཏེ་བོད་ལ་བསྣམས་ཡོང་བ་མཁའ་འགྲོ་འབུམ་ཞུ་གྲགས་པ་དེ་གཙོ་བོ་ཀརྨ་པའི་ཞྭ་ནག་ནང་ཞུགས་སུ་ཕུད་འཕྲོ་དུམ་བུ་ཞིག་དང་སངས་རྒྱས་ཐུབ་པའི་རིང་བསྲེལ་དང་མཐོང་གྲོལ་འཁོར་ལོ་སོགས་ནང་ཞུགས་ཕུལ་ཏེ་ཞྭ་ཁྲ་པདྨ་མཐོང་གྲོལ་ཞྭ་མཇལ་ཆོག་པ་འདི་ཕུལ། དོན་དེ་དག་ལ་བརྟེན་ཨ་རཱ་གའི་སྤྲུལ་པ་རྙིང་མའི་བསྟན་ལ་ཕན་པ་འབྱུང་གསུངས་པ་དེ་འདི་ཡིན་པར་ངོས་འཛིན། གནས་མདོའི་ཕོ་བྲང་རྩིག་པ་ལ་ཕྱག་ཞབས་ཀྱི་རྗེས་སོགས་ད་ལྟ་ཡང་བཞུགས་སོ། །ཆགས་སྤྲུལ་དྲུག་པ་ནང་ཆེན་རྫ་ཉིན་ལ་འཁྲུངས། འབྲུག་ཡུལ་དུ་ཕེབས་པས་རྒྱལ་བློན་སོགས་ཀྱིས་བླ་མར་བཀུར། འཛམ་གླིང་དུ་མཚོན་གྱི་བསྐལ་ངན་འབྱུང་ལ་ཉེ་བས་འདི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པས་འདིའི་སྐུ་ལ་མཚོན་བཞེས་ཐུབ་ན་འཛམ་གླིང་མཚོན་གྱི་བསྐལ་ངན་སུམ་གཉིས་བཟློག་ཐུབ་ཅེས་སྔ་མོ་ནས་རི་ཆེ་རྗེ་དྲུང་བྱམས་པས་ལུང་བསྟན་གནང་བ་ལྟར། འབྲུག་ཡུལ་ནས་ཚུར་ཕེབས་སྐབས་གཙང་ར་ལུང་དུ་བཤས་ལུག་བདུན་ཅུ་ལྷག་ཚེ་ཐར་བཏང་འཕྲལ་ཆིབས་རྟ་འདྲོགས་ནས་མཚོན་སྐུ་ལ་ཕོག་ཏེ་གཤེགས། འདིའི་མཁའ་འགྲོ་གཡང་དགའ་སོགས་ལ། ཀརྨ་པ་བཅུ་དྲུག་པས། བླ་མ་གཤེགས་ན་དེ་ལྟར་གཤེགས་དགོས།  འཛམ་གླིང་མཚོན་གྱི་སྐལ་ངན་སུམ་གཉིས་བཟློག་བྱུང་ཞེས་གསུངས་སོ། །ཆགས་སྤྲུལ་བདུན་པ་ལྷ་ཐོག་ཏུ་སྐུ་འཁྲུངས། བོད་ཡུལ་དུས་འགྱུར་སྐབས་སུ་དུ་རུའི་གཤེད་མ་མང་པོས་རྩྭ་ཐག་གིས་བསྡམས་ནས་འཁྲིད་བཞིན་པའི་ལག་ནང་ནས་ཤོར་ཏེ་འཕགས་ཡུལ་དུ་ཕེབས། འཕགས་བལ་གནས་མདོའི་དགོན་གསར་དུ་བཏབ། རྒྱལ་བསྟན་ཡང་དར་སྐབས་རང་དགོན་ངོམ་གནས་མདོའི་བསྟན་དགོན་ཉམས་གསོ་གནང་། ད་ལྟ་སྐུ་འཚོ་བཞིན་པ་འདིའོ།། གནས་མདོའི་ཆོས་ལུགས་མ་བུ་ཞེས་པའི་བུ་ལུགས་བསྟན་བདག་མི་འགྱུར་རྡོ་རྗེ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་རྫུ་འཕྲུལ་གྱིས་ཕེབས་ནས་དངོས་སུ་དཔལ་རི་རྩེར་གསུངས་པའི་གནམ་ཆོས་པོ་ཏི་བཅུ་གསུམ་དང་། ཉིད་ཀྱི་དག་ སྣང་དང་དགོངས་གཏེར་མཛད་ཆོས་སོགས་སྡོམ་པོ་ཏི་བཅུ་བདུན་ཆོས་ཚན་གྲངས་བདུན་བརྒྱ་བརྒལ་བ་འདི་ཐམས་ཅད་ཀྱི་དབང་ལུང་ཁྲིད་གསུམ་མ་ཉམས་པ་གནས་དགོན་རང་དང་ཆོས་བདག་སྒ་རྗེ་ཀུན་བཟང་ཤེས་རབ་ཀྱིས་བཏབ་པ་དཔལ་ཡུལ་དགོན་མ་ལག་སྟོང་ཕྲག་སྐོར་ཡོད་ཟེར་བ་དེ་ཐམས་ཅད་ཀྱི་བཀའ་རྙིང་གཙོས་བླ་མ་མང་པོའི་འཛིན་སྤེལ་མཛད་པས་ན་དར་ཁྱབ་ཆེ་བ་འདི་བྱུང་། རྒྱལ་པོ་བཀའ་ཐང་ལས་གུ་རུའི་ལུང་བསྟན་པ་བཞིན་ཞིང་ཁམས་ཙན་དན་ནགས་སུ་སངས་རྒྱས་ཡེ་ཤེས་ཀུན་བཟང་ལ་གྱུར་ཀྱང་། རྗེས་སོར་སྤྲུལ་སྐུ་ཀུན་བཟང་ཡེ་ཤེས་ལྷ་ལྡན་དུ་སྐུ་འཁྲུངས། གནས་མདོར་ཁྲིར་བཀོད་རྗེས་དུས་དབང་གིས་བོད་ཀྱི་ས་དགེ་བཀའ་རྙིང་བླ་ཆེན་བཞི་འདེམ་དགོས་བྱུང་སྐབས་བཀའ་བརྒྱུད་བླ་ཆེན་ཀརྨ་པ་བཅུ་དྲུག་པའི་རྒྱལ་ཚབ་ཏུ་ལྷ་སར་གཏན་བཞུགས་དགོས་པ་བྱུང་། བསྟན་པ་ཡང་དར་སྐབས་བདག་གིས་ལྷ་ལྡན་བོང་རི་ཕོ་བྲང་དམར་སེར་བཞེངས་པའི་རོགས་གནང་། ལྷ་སར་སྐུ་གཤེགས་རྗེས་གདུང་འབུམ་རོ་ལོའི་ཞབས་རྗེས་ལྷ་ཁང་དུ་བཞེངས་སོ། ། གནམ་ཆོས་སྤྲུལ་སྐུ་གསུམ་པ། ཨ་འཛོམ་འབྲུག་པ་ལ་བརྟགས་པ་ཞུས་པ་ངོམ་འདམ་རྒྱལ་གནས་མདུན་རྨོ་སྟོད་ཨ་ནུ་ནང་ལ་སྐུ་འཁྲུངས། མཚན་ཐུབ་བསྟན་ཉིན་བྱེད་ད་ལྟ་གནས་དགོན་ལ་གཟིགས་སྐྱོང་གནང་བཞིན་པ་འདིའོ། །ཨ་རཱ་གའི་དངོས་སློབ་ནས་ཁྱད་འཕགས་མི་འགྱུར་རྡོ་རྗེ། འཇའ་ལུས་པ་རྫོགས་ཆེན་པདྨ་རིག་འཛིན། རིག་འཛིན་ཀུན་བཟང་ཤེས་རབ། བརྒྱུད་འཛིན་པདྨ་ཀུན་དགའ། ཞུ་བ་པོ་བརྩོན་འགྲུས་རྒྱ་མཚོ། སྐུ་མཆེད་ཆོས་དབང་ཀུན་བཟང་སོགས་ཀྱི་གཙོས་ཤིན་ཏུ་མང་། ཆོས་བརྒྱུད་ནི་གྲུབ་དབང་པདྨ་ཀུན་དགའ་ནས་ཆགས་མེད་མཆོག་སྤྲུལ་ལ་བརྒྱུད་པ། བརྩོན་འགྲུས་རྒྱ་མཚོ་ནས་བརྒྱུད་ཆགས་མེད་གསུང་སྤྲུལ་ཀརྨ་བདེ་ཆེན་ལས་འཕེལ་བ་ལ་གནས་མདོ་སྟོད་བརྒྱུད་ཅེས་ཡུལ་གྱིས་དབང་ལས་སྟོད་སྨད་ཞེས་འབོད། རཱ་གའི་དངོས་སློབ་དག་གིས་བཏབ་པའི་དགོན་པ་མདོ་གཞུང་དང་གདུང་ཁ་གོ་ཆེ་འབང་སྒང་ཚོན་རིག་བདག་པོ་སྨྱོ་ལོ་སོགས་གནས་མདོ་དགོན་པའི་མཚན་འཆང་བ་མང་། སླར་དེ་དག་ལས་འཕེལ་བའི་རབ་འབྱོར། དགའ་སར། ཁང་ནེ་ལྟ་བུ་མང་པོ་བྱུང་། དེ་ཡང་ཀོང་སྤྲུལ་གྱིས་ཨ་རཱ་གའི་ཐུགས་བསྐྱེད་ཁྱད་པར་ཅན་གྱི་དྲིན་ལས་གནས་ལུགས་རྙིང་ལུགས་དག་སྣང་དཔལ་ཡུལ་དགོན་མ་ལག་དང་བཅས་པས་འཛིན་ནས་མདོ་སྨད་ཕལ་ཆེ་ཁྱབ། སྟོད་ཕྱོགས་གནས་དགོན་རྣམས་ཀྱིས་ཀར་ལུགས་འཛིན་པར་མཛད་གསུངས་པ་ལྟར་བྱུང་། གནས་ལུགས་བསྟན་པ་འདི་ལ་སྟོན་པ་ཐུབ་པའི་གསུངས་བཀའ་འགྱུར་ཆེན་མོ། པཎ་གྲུབ་རྣམས་ཀྱི་གསུངས་བསྟན་འགྱུར་བཅས་དེ་གཉིས་ཀའི་ནང་དུ་བཞུགས་རིགས་ཀྱི་རྒྱུད་སྡེའི་དབང་བསྐུར་མཐའ་དག་ཚང་བ་དཀྱིལ་འཁོར་ལྔ་སྟོང་གི་སྤྲོ་གཞི་རྩ་བ་ཆེན་པོ་རྡོ་རྗེ་ཕྲེང་བ་དང་། དེར་མ་འདུས་པ་ལྷ་ཡན་གར་བ་ལྷ་ཉིས་བརྒྱ་བརྒལ་བའི་དཀྱིལ་འཁོར་སྒྲུབ་ཐབས་ རྒྱ་མཚོ་སོགས་ཀྱིས་གཙོས་ཟུར་ཕྱུང་གསར་མའི་དཀྱིལ་འཁོར་མང་པོའི་དབང་ཁྲིད་བཅས་འདུས་པ་མ་ཚད། ཐུབ་པའི་བསྟན་ལ་ཞལ་ནས་གསུངས་དང་། བྱིན་གྱིས་བརླབས་པ། རྗེས་སུ་གནང་བ། ལུང་ནས་བསྟན་པ་བཞི་ཀར་བཀའ་ལ་གཏོགས་དགོས་པས་ན་བསྟན་པའི་སྙིང་པོ་དམ་པ་ཞེས་ལུང་ལས་བསྔགས་པ་སྔ་འགྱུར་མདོ་རྒྱུད་སེམས་གསུམ་སྒྲུབ་སྡེ་བརྒྱད་པོ་བཅས་ཆ་ཚང་གི་དབང་ཁྲིད་སྒྲུབ་ཐབས་བཅས་བཞུགས་པ་དང་། ཐུབ་པས་ལུང་ལས་གསལ་བའི་ནག་འགྱུར་གཏོ་རྩིས་བོད་ཆོས་སྲོང་བཙན་གསུངས་འཕགས་མཆོག་རྒྱལ་པོ་ལུགས་རྒྱལ་རྒྱམ་སོགས་བཀའ་གཏེར་གཉིས་ཀ་མ་གཅིག་དགོངས་པ་ལས་འཁྲུངས་པའི་ཞི་གཅོད་ལུགས་ཆ་ཚང་དང་བཅས་པ་ཡོད་ཕྱིར། རྒྱལ་བསྟན་ཡོངས་འདུས་གནས་མདོ་བཀའ་བརྒྱུད་ཅེས་འབོད་རུང་བ་མ་ཚད་དགོས་པ་འདི་བྱུང་ངོ་། །དེ་ལྟ་བུའི་གནས་ལུགས་ཀྱི་ཆོས་ཚན་རེ་རེའི་མིང་དང་དོན་སོགས་འཕྲལ་དུ་བལྟ་བདེ་ཞིག་འདོད་ན་བདག་གིས་སྔ་ནས་བྲིས་པ་གནས་ལུགས་ལེགས་བཤད་ལས་གསལ། རྒྱས་པ་ནི་ཆགས་མེད་བཀའ་འབུམ་ལས་ཤེས་སོ། །བྱེ་བྲག་གནས་མདོ་མ་དགོན་དཔལ་རི་རྩེ་གདན་འཛིན་ཁ་སྤྲུལ་སྐུ་ཕྲེང་ནི། སྔ་འགྱུར་རྙིང་མ་བཀའ་མའི་བཀའ་བསྡུ་དང་པོ་མཛད་མཁན་དང་།  དེང་རྙིང་མ་བ་ཡོངས་ཀྱི་བསྟན་རྩ་ཆོས་གོས་རྣམ་གསུམ་གནང་བའི་སོ་ཐར་མཁན་པོ་གཅིག་སྡུད་གསང་བདག་སྤྲུལ་པ་གཡུ་སྒྲའི་རྣམ་འཕྲུལ་སྨིན་གླིང་ལོ་ཆེན་རཏྣ་ཤྲཱིས་སྤྲུལ་སྐུ་བར་མ་ཆད་པ་བསྐོལ་བ་ཞིག་རེད། དེ་ཡང་འཕགས་ལྷ་རྒྱལ་བ་རྒྱ་མཚོའི་རྩ་བའི་བླ་མ་ལོ་ཆེན་དྷརྨ་ཤྲཱི་ཆབ་མདོར་སྤྱན་དྲངས་དེར་སྤྲུལ་སྐུ་འབྱུང་བའི་རྟེན་འབྲེལ་བཟང་པོ་ཡོངས་གྲགས་སུ་བྱུང་། དེའི་ཡང་སྲིད་ཆབ་མདོའི་དགོན་ས་ཕུལ་བའི་སྦྱིན་བདག་གསར་ཐང་ཁ་བ་ཚང་ལ་སྐུ་འཁྲུངས། མཁས་པ་ཆེན་པོར་གྱུར་ཕྱིར་དགེ་བཤེས་ཁ་བ་བསྟན་འཛིན་ཞེས་གྲགས། འདི་རཏ་གནས་གཉིས་ཀའི་ཆོས་རྗེ་ལ་ཕེབས་པ་ཕན་ཚུན་ཐུགས་མཐུན་བྱུང་། དེའི་ཡང་སྲིད་རིམ་འབྱུང་གནས་དགོན་འདིར་གཏན་འཁེལ་བྱ་རྒྱུ་ཆབ་གནས་དགོན་གཉིས་གྲོས་མཐུན། དེའི་ཡང་སྲིད་གནས་ཆབ་ཟུང་གི་བསྐོས་པ་ཁ་བ་སྐུ་སྐྱེ་གནས་མདོ་སྡེ་བར་འཁྲུངས། ངོམ་སྨད་འོད་དཔག་ལྷ་ཁང་བཞེངས། །དེའི་ཡང་སྲིད་ཁ་བ་སྤྲུལ་སྐུ་གསུམ་པ་སྨོན་ལམ་ཡོངས་གྲུབ་ངོམ་སྨད་དབུ་ཁམས་རྟགས་བརྒྱད་ཚང་ལ་འཁྲུངས། ཁ་བ་སྤྲུལ་སྐུ་བཞི་པ་ངོམ་སྟོད་ཧ་ཏན་ཚང་ལ་འཁྲུངས་མཚན་རྒྱལ་སྲས་ཕྲིན་ལས་རྣམ་རྒྱལ། འདི་ལ་སྒྲོལ་མ་ཁྲོ་གཉེར་ཅན་ཞལ་གཟིགས་དཔལ་རི་རྩེ་མེ་ཤོར་ཉམས་པ་གསོ་དགོས་པ་སྒྲོལ་མའི་ལུང་བསྟན་བཞིན་གྲུབ། ཨ་རཱ་གའི་བཀའ་འབུམ་བཀའ་བསྡུས། ཨ་རཱ་གའི་བཀའ་འབུམ་གསར་བྲིས་པོད་དྲུག་བཅུའི་སྐོར་བྱུང་། འབུམ་རྒྱས་འབྲིང་བསྡུས་གསུམ་རྡོ་ལ་བརྐོས། མཆོག་གི་དངོས་གྲུབ་ཐོབ་འདུག །དེའི་ཡང་སྲིད་དུ་བདག་ལ་མཚན་གནང་བྱུང་། གནས་མདོའི་ངོས་ནས་ཁ་སྤྲུལ་དེ་གུ་དྲག་སྤྲུལ་པ་ཆོས་དབང་ཀུན་བཟང་གི་ཡང་སྲིད་ཡིན་ཚུལ་ལུང་བསྟན་གནང་། གནས་མདོའི་བླ་མ་དྲུང་ཀརྨ་སངས་རྒྱས་གཤེགས་པའི་ཡང་སྲིད་ལ། སངས་རྒྱས་སྤྲུལ་སྐུ་ཞེས་པའི་སྐུ་ཕྲེང་གཉིས་པ་དེ་ངོམ་སྨད་གཤམ་ཐང་འབོ་ལུང་ཚང་ལ་འཁྲུངས་པའི་མཚན་ཀརྨ་སངས་རྒྱས་ཟེར། སངས་རྒྱས་སྤྲུལ་སྐུ་གསུམ་པ་གནས་མདོ་སྡེ་བ་ཚང་ལ་འཁྲུངས། མཚན་ཀུན་བཟང་པདྨ་རྣམ་རྒྱལ་ཟེར། སྔགས་འཆང་ནུས་པ་ཅན་ཞིག་བྱུང་། སངས་རྒྱས་སྤྲུལ་སྐུ་བཞི་པ་ངོམ་སྟོད་ལྕགས་ཟླའི་མི་རྒྱུད་གླ་ཚང་ལ་འཁྲུངས། མཚན་ཀརྨ་སངས་རྒྱས་བསྟན་འཛིན་ཟེར། ཕྱོགས་འདིར་སོ་ཐར་མཁན་པོ་གནང་། གནས་མདོ་མཁན་པོ་ཟེར་བའི་ཤེས་རབ་ཤིན་ཏུ་ཆེ། གནས་མདོ་ཡ་དགོན་གྱི་རྒྱབ་རིའི་བསྐོར་ལམ་ཕྱིན་སྐབས་རི་རྩེའི་བྲག་ལ་ཞབས་རྗེས་བཞག་པ་འདི་བྱུང་། དེའི་ཡང་སྲིད་ཆགས་སྤྲུལ་བདུན་པའི་སྲས་འཇིགས་མེད་ཀྱིས་ད་ལྟ་འཕགས་བལ་ཡུལ་གནས་དགོན་བསྟན་པ་སྐྱོང་བཞིན་པ་འདིའོ། །དྲུང་ཀརྨ་སངས་རྒྱས་ཀྱི་གོང་མ་ཡིག་དྲུག་དུང་བདུན་ཐོན་པ་རྗེ་དབོན་བླ་མ་དོན་གྲུབ་ཡིན་པ་ཉིད་ཀྱི་རྣམ་ཐར་ལས་གསལ། དེ་ཤྭ་བ་རི་པའི་སློབ་མ་གུཔྟ་ཡི་སྤྲུལ་པར་གསུངས་ཀྱང་ཡོངས་གྲགས་ལྟར་ན་སངས་རྒྱས་ནི་གྲུབ་ཆེན་ཤྭ་བ་རི་པའི་སྒྲུབ་ཕུག་འདིར་ཡང་ཡོད་པ་རེད། གཞན་ཡང་གནས་དགོན་འདིར་སྒྲུབ་བླ་དང་རྡོ་རྗེ་སློབ་དཔོན་བཅས་མིང་ཡོད་མེད་ཀྱིས་བསྟན་པ་ལ་ཕན་པའི་བླ་མ་མང་པོ་བྱུང་ངོ་། །ཞེས་དཔལ་རི་རྩེའི་ནུབ་བྱང་ལོགས་སུ་ཤྭ་བ་རི་པའི་སྒྲུབ་ཕུག་དང་ཁྱུང་ཆེན་ཕུག་བཅས་ལ་རྡོར་འཆང་དང་ཀུན་བཟང་ཡབ་ཡུམ་སོགས་རིན་པོ་ཆེ་གསུམ་པ་ལས་གྲུབ་པའི་མི་ཚད་གཉིས་ཙམ་རེ་བཞེངས་བཞིན་པའི་སྐབས་འཕགས་བལ་ཡུལ་རང་རེ་གནས་དགོན་མཁན་པདྨ་ཚེ་དབང་ནས་འཕྲུལ་འཕྲིན་བརྒྱུད་རྒྱ་ཙི་ནའི་ཡུལ་སྔོན་དད་ལྡན་པའི་གྲོང་ཁྱེར་དུ་གནམ་ཆོས་གསུམ་པའི་ཆགས་མེད་བཀའ་འབུམ་གསར་བསྒྲིགས་དཔར་སྐྲུན་གནང་བའི་རོགས་གྲྭ་པ་སྡེ་ཚ་འབུམ་དགའ་ནས་འཕྲུལ་འཕྲིན་འབྱོར་བའི་དོན་གནས་མདོའི་ལོ་རྒྱུས་ཡོངས་འདུས་རགས་བསྡུས་ཞིག་འབྲི་དགོས་འདུག་ཞུས་པ་བཞིན་ཆུ་འབྲུག་ལོའི་བོད་ཟླ་དགུ་པའི་ཚེས་བཞི་ཉིན་དཔལ་རི་རྩེའི་ཡང་རྩེར་གུ་རུ་མི་ཚད་བཅུ་ལྷག་ཟིན་བཞེངས་བཞིན་པའི་སྐབས་དེར་ཆུ་ཚོད་གཉིས་ལ་ཁ་བ་སྤྲུལ་སྐུའི་མཚན་འཛིན་ཉི་མ་སེར་པོས་སྦྱར་བའོ།།

yalongཟིན་བྲིས་ལས་བཏུས།


འབྲེལ་ཡོད་འོས་སྦྱོར།