logo

བོད་མཛངས་བློན་བདུན་གྱི་མཛད་རྗེས་བརྗོད་པ།

རྩོམ་པ་པོ།:ལས་དབང་གི་སྦྲ་ནག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-11 ཀློག་གྲངས།:

         གངས་རི་ར་བས་ཡོངས་སུ་བསྐོར་བའི་བོད་ཀྱི་ལྗོངས་འདི་ནི་བསྐལ་བ་ཡ་ཐོག་ནས་བཟུང་ཕྱི་སྣོད་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་ཤིང་། ཤེས་རིག་གི་འཕེལ་ཁ་དར་བའི་ས་ཆ་ཞིག་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་ཡུལ་གྲུ་འདི་ལ་ཡང་ཆབ་དཔལ་རིག་གསུམ་དར་ཞིང་རྒྱས་ཏེ་རང་གཅུན་རང་བདག་གི་བཙན་པོ་རྒྱལ་རབས་བྱུང་ནས་རིམ་བཞིན་བོད་སྤྱི་ཚོགས་ཡོངས་འཕེལ་རྒྱས་ཀྱི་ལམ་བུར་གསར་བ་ཞིག་ཏུ་བསྐྱོད་པ་རེད།
         མཛངས་བློན་བདུན་ནི་བོད་ཀྱི་བཙན་པོ་སྤུ་དེ་གུང་རྒྱལ་ནས་བཟུང་རིམ་བཞིན་བྱུང་ཞིང་། ཁོ་ཚོས་དུས་རབས་མི་འདྲ་བའི་གནས་བབས་འོག་བོད་ཡུལ་གྱི་དཔལ་འབྱོར་དང་རིག་གནས། ཆབ་སྲིད་སོགས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཡོད་དགུ་བཏོན་པས་བོད་རིགས་མི་དམངས་ཀྱི་དེ་དག་ལ་དྲན་གསོའམ་ཡི་རངས་སམ། གོང་བཀུར་རམ་བསྟོད་བསྔགས་བྱེད་པའི་ཆེད་དུ་མཛངས་བློན་བདུན་ཞེས་འབོད་པ་རེད། ཡང་ལོ་རྒྱུས་ཀྱི་དེབ་ཐེར་འགའ་རེའི་ནང་དུ་འཕྲུལ་བློན་བདུན་ཞེས་པར་ཡང་འབོད་མོད། གང་ལྟར་ཡིན་ཡང་བློན་པོ་འདི་དག་ནི་མི་རིགས་ལ་དགའ་བ། མི་དམངས་ལ་སྙིང་ནས་བརྩེ་བ། རྒྱལ་བོ་ལ་གློ་བ་ཉེ་བ། མེས་རྒྱལ་ལ་དགའ་བ།  བོད་མི་ལ་དགའ་བ་ཅན་ཏག་ཏག་ཡིན་པས། དེང་གི་དུས་འདིར་ཡང་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པར་སེམས་ཀྱི་གཏིང་དུ་སིམ་ཏུ་བཅུག་ཡོད།
         ཇི་སྐད་དུ། མང་པོ་ཚོགས་ནས་གྲོས་བྱས་ན།། ཉམས་ཆུང་གིས་ཀྱང་དོན་ཆེན་འགྲུབ།། སྲོག་ཆགས་གྲོག་མའི་ཚོགས་འདུས་པས།། སེང་གེའི་ཕྲུ་གུ་བསད་ཅེས་གྲགས།།ཞེས་པའི་དཔེ་ལྟར་དུ་རྒྱལ་བོ་ཁོ་ནས་སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་བའི་ནུས་པ་ནི་དབེན་པ་རེད། དེ་བས་རྒྱལ་བོས་ཀྱང་ཐབས་དང་ཤེས་རབ་ལ་བརྟེན་ནས་བློ་དཀར་སེམས་དཀར་དང་ཁ་ཞེ་གཉིས་མེད་ཀྱི་བློན་པོ་དང་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་དུས་ཡུན་རིང་བོའི་ལོ་རྒྱུས་ཁྲོད་འོད་སྟོང་འབར་བའི་ཟིན་ཐོ་བཀོད་ཡོད་པ་རེད། རྒྱུ་མཚན་དེའི་རྐྱེན་གྱིས་ང་ཚོས་ཀྱང་ཁོ་ཚོར་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད་པ་ནི་འཕྲུལ་བློན་བདུན་ནམ་མཛངས་མི་བདུན་ཡིན་པས་དེ་དག་རེ་རེ་བཞིན་ངོ་སྤྲོད་ཙམ་བྱས་ན།

གཅིག  མཛངས་བློན་དང་པོ་རུ་ལས་སྐྱེས།

         དེ་ཡང《 ཆོས་འབྱུང་མཁས་པའི་དགའ་སྟོན》 ལས། བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། ། ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། ། མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་། ། དེ་ཡིས་རྡོ་བཞུས་གསེར་དངུལ་ཟངས་ལྕགས་བྱུང་། ། ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། ། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། ། རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། ། བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། ། རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང་། །[①]ཞེས་གསལ་བ་ལྟར་དུ། བློན་པོ་འདི་ནི་བཙན་པོ་གདུང་རབས་དགུ་བ་སྤུ་དེ་གུང་རྒྱལ་གྱི་དུས་སུ་བྱུང་བ་ཡིན།
         རུ་ལས་སྐྱེས་ནི་སྤྱི་ལོ་དུས་རབས་དང་པོ་ཙམ་ནས་བྱུང་བ་དང་། མིང་གཞན་ལ་ངར་སོས་པོ་ཡང་ཟེར། བཤད་རྒྱུན་ལ་བོད་རྒྱལ་སྤུ་དེ་གུང་རྒྱལ་དང་ཕ་མི་གཅིག་ལ་མ་གཅིག་པའི་སྤུན་ཡིན་པར་བཞེད་ཅིང་དེས་བོད་རྒྱལ་སྤུ་དེ་གུང་རྒྱལ་དང་མཉམ་དུ་སྤུ་རྒྱལ་རྒྱལ་སྲིད་ལོ་ངམ་གྱི་ལག་ནས་འཕྲོག་རྗེས་བློན་ཆེན་གྱི་འགན་བཞེས་ཤིང་བོད་ཁུལ་གྱི་དཔལ་འབྱོར་འཛུགས་བསྐྲུན་དང་ཆབ་སྲིད་བརྟན་འཇགས་ཡོང་བ་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། གྲོང་ལ་སྔ་བ་འཕྱིང་བ་སྟག་རྩེ་བཞེངས་ཤིང་གྲོང་དང་གྲོང་བརྡལ་ཆགས་པའི་རྣམ་པ་ཐོག་མ་བྱུང་། ཤིང་ལ་མིག་ཕུག་ནས་གཤོལ་དང་གཉའ་ཤིང་བཟོས་ཏེ་མཛོ་གླང་དོར་ལ་བསྡེབས་ནས་སྤང་ཐང་ཞིང་དུ་བསྒྱུར་ཞིང་ཡུར་ལས་ཆུ་དྲངས་ནས་ཞིང་ལས་ཐོན་སྐྱེས་རྒྱ་ཆེར་སྤེལ་བ། འབྲི་གཡག ར་ལུག  རྐྱང་རྒོད་སོགས་འདུལ་ནས་ཁྱིམ་ཕྱུགས་སུ་བསྒྱུར་ཅིང་ཕྱུགས་རིགས་འཕེལ་རྒྱས་དང་ཕྱུགས་ལས་ཀྱི་རྣམ་པ་ཐོག་མ་བྱུང་བ་མ་ཟད་རྒྱ་ཆེར་སྤེལ། ཤིང་བསྲེགས་ནས་སོལ་བ་རུ་བསྒྱུར། དེ་ནས་སླར་ཡང་སོལ་བའི་མེ་ཤུགས་ལ་བརྟེན་ནས་གཏེར་རྡོ་བཞུས་ཏེ་གསེར་དངུལ་ཟངས་ལྕགས་སོགས་བཏོན་ནས་བོད་དུ་གསེར་དང་དངུལ་དང་། ཟངས། ལྕགས་སོགས་ཀྱི་རྒྱན་ཆ་དང་ཉེར་མཁོའི་ཡོ་བྱད་སོགས་བཟོས་ཏེ་སྔོན་རྒྱལ་བོ་གོང་མ་རྣམས་ལས་ལྷག་པའི་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཆུ་བོ་ཆེན་པོའམ་བརྒལ་བར་དཀའ་བའི་གཙང་བོ་ལ་ཟམ་པ་བཙུགས་པ་དང་བགྲོད་དཀའ་བའི་ས་རུ་ལམ་བསྐྲུན་ཏེ་འགྲིམ་འགྲུལ་གྱི་སྟབས་ཇེ་བདེར་བཏང་བ་སོགས་སྐབས་དེའི་སྤྱི་ཚོགས་འཕེལ་རྒྱས་དང་ཆབ་སྲིད་བརྟན་པོ་ཡོང་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་བས་བོད་ཀྱི་མཛངས་མི་དང་པོའི་གྲས་སུ་བཞག་པ་རེད།

གཉིས་པ། མཛངས་བློན་གཉིས་པ་ལྷ་བུ་མགོ་དཀར།

         《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། ལེགས་དྲུག་ཐོག་མ་ཨེ་ཤོ་ལེགས་ཞེས་བྱ། །དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། །མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས། །མདའ་རུ་ཆུ་མ་རྨོ་བ་འདི་ནས་དར།།[②]ཞེས་པ་ལྟར་དུ། སྤུ་དེ་གུང་རྒྱལ་གྱི་བློན་པོ་རུ་ལས་སྐྱེས་ཀྱི་བུ་ལྷ་བུ་མགོ་དཀར་ཞེས་པ་ནི་སྤུ་རྒྱལ་གདུང་རབས་བར་གྱི་ལེགས་དྲུག་ལས་ཐོག་མ་ཨེ་ཤོ་ལེགས་ཀྱི་དུས་ཡིན་ཞིང་། ཁོས་ཡབ་ཀྱི་བློན་པོའི་གོ་གནས་རྒྱུད་འཛིན་བྱས་ཏེ་དཔལ་འབྱོར་གོང་འཕེལ་དང་ཆབ་སྲིད་བརྟན་འཇགས། དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་ཆེད་དུ་ཞིང་ལ་དོར་ཁ་བརྩི་བ་དང་འབྲོག་ལ་ཐུལ་བརྩིས་ཞེས་པ་བཞིན་དུ་བཞོན་མའི་གྲངས་ཀ་བསྟུན་ཤེས་ཀྱི་བརྩི་བའི་སྲོལ་བཙུགས་ནས་ཞིང་ལས་དོ་དམ་གྱི་སྒྲིག་གཞིའི་ལམ་ལུགས་ཐོག་མ་ཆགས་ཤིང་། ཕུ་ཆུ་ཡུར་བ་ལ་དྲངས་ནས་མདའ་ལ་ཆུ་མའི་ཞིང་བཟོས་ནས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཆེན་པོ་བྱུང་ཞིང་དེ་ཡི་གོང་ལ་ཞིང་རྣམས་ཆར་མར་འདེབས་པ་དང་།[③]བོད་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བ་ལ་བྱས་རྗེས་རླབས་པོ་ཆེ་བཞག་ཡོད་པས་བོད་ཀྱི་མཛངས་མི་བདུན་ལས་གཉིས་པ་ཡིན།

གསུམ། མཛངས་བློན་གསུམ་པ་ཁྲི་ངོར་སྣང་བཙུན་མོང་གི་བུ།

         《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།འདི་དུས་ཁྲི་ངོར་སྣང་བཙུན་མོང་གིས་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། །དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས། །དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད། །དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས། །[④]ཞེས་གསུང་པ་ལྟར་དུ། སྤུ་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བློན་པོ་མོང་གི་བུ་ཁྲི་དོར་སྣང་གི་བུ་སྟེ་ཡབ་ཀྱི་བློན་པོའི་གོ་གནས་རྒྱུད་འཛིན་བྱས་ནས་ཞིང་ཕྱུགས་དང་གསེར་དངུལ་ཟངས་ལྕགས་ལ་སོགས་བཟོ་གཏེར་ལས་རིགས་ཀྱི་འཕེལ་ཕྱོགས་སུ་དང་བསྟུན་ནས་ཚོང་ལས་རིག་གནས་དར་དུ་བཅུག་ཅིང་། དངོས་ཟོག་བརྗེ་རེས་བྱེད་པར་དངོས་པོའི་ཚད་གཞི་ལ་གྲངས་དང་ལྕི་ཚད་མང་ཉུང་སོགས་ཕྱེས་ནས་བྲེ་ཕུད་སྲང་གསུམ་གྱི་ཚད་གཞི་གཏན་འབེབས་བཟོས་པ་དང་། ཚོང་རྫས་ལ་འབྲུ་མར་སོགས་གཙོ་བྱས་ནས་འཚོ་བར་མཁོ་བའི་དངོས་པོ་མཐའ་དག་བྱས་པས་ཉོང་འཚོང་བྱས་པས་རང་རང་གི་དགོས་མཁོ་ལྟར་དུ་ཕན་ཚུན་མཐུན་པའི་སྒོ་ནས་ཚོང་ལས་སྤེལ་བ་དང་དེ་ཡི་གོང་ན་བོད་ལ་བོད་ན་སྒབ་དང་རིན་མེད་པར་བཤད་ཅིང་།དེ་ལས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་རྩ་བའི་སྒྲིག་གཞི་དེ་ཡང་ཐོག་མར་ཆགས་པའི་རྣམ་པ་མངོན་པས་དཔལ་འབྱོར་གྱི་ཐོན་སྒོ་འབྱེད་པའི་ཁོ་ནི་བོད་ཀྱི་འཕྲུལ་བློན་གསུམ་པ་རུ་གྲགས་པ་ཡིན།

བཞི་བ། མཛངས་བློན་བཞི་བ་ཐོན་མི།

         《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། བོད་ཕྲུག་མཛངས་པའི་མི་བདུན་གྱི། །བཞི་བར་ཐོན་མི་བགྲངས་མོད་ཀྱང་། །དེ་ཀུན་མཚུངས་པ་མ་ཡིན་ཏེ། །མཁན་པོ་ལོ་ཙཱའི་ཐོག་མ་འདིའི། །[⑤]ཞེས་པ་ལྟར་དང་། ཡང་།《བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག》སོགས་ལས། འཇམདབྱངས་རྣམ་སྤྲུལ་ཐོན་མི་སམ་བྷོ་ཊས། །འཕགས་ཡུལ་པཎ་ཆེན་བྲམ་ཟེ་ལི་སྦྱིན་དྲུང་། །བསྐྱོད་ནས་ལཉྩ་ཝརྟུར་དཔེ་མཛད་དེ་གངས་ཅན་བོད་ཡིག་གསར་བཅོས་ལེགས་པར་མཛད། །ཅེས་གསལ་པ་ལྟར་དུ།སློབ་དཔོན་ཐོན་མི་ནི་ཐོན་མི་ཨ་ནུ་བྱ་བའི་སྲས་སུ་འཁྲུངས་ཤིང་། དགུང་ལོ་བཅུ་གསུམ་གྱི་སྟེང་ཡབ་ཀྱི་ཚབ་ཏུ་སྲོང་བཙན་གྱི་བློན་པོ་བྱས་ཤིང་།སྤྱི་ལོ༦༣༣པའི་ཆུ་སྦྲུལ་ལོ་ལ་རྒྱ་གར་དུ་རྒྱལ་བོའི་བཀའ་བཞིན་ཡི་གེ་སློབ་ཏུ་ཕྱིན། ཐོན་མིས་རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེར་ལི་བྱིན་ལ་བསྟེན་ནས་ཡིག་རིགས་དུ་མ་བསླབས་པ་དང་། ལྷ་རིག་པའི་སེང་གེ་ལ་བསྟེན་ནས་སྒྲ་པཱ་ཎི་བ་དང་། ཀ་ལཱ་བ། ཙནྡྲ་བ།རྟོགས་སླ་བ་རྒྱལ་བོ་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྡི་ཏའི་ལུགས་ཀྱི་བསྟན་བཅོས། དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བློ་རིག་རྩེ་གཅིག་ཏུ་བསླབས་ནས་མཁས་པའི་རྩེ་མོར་སོན་པས་རྒྱ་གར་གྱི་མཁས་པ་དག་གི་བསྟོད་པའི་ཡུལ་དུ་གྱུར་ནས་མཚན་ལའང་ཀུན་ཏུ་བཟང་བོ་ཞེས་པར་ཡང་འབོད། དེ་ནས་ལོ་བདུན་གྱི་རྗེས་སུ་ཕྱིར་བོད་ཡུལ་དུ་ཕེབས་ནས་ཕ་བོང་སྐུ་མཁར་མ་རུ་དེང་སྐབས་སྤྱོད་ཀྱིན་པའི་བོད་ཡིག་འདི་ཉིད་རྒྱ་གར་གྱི་ལཉྩ་ཝརྟུར་དཔེ་མཛད་དེ་རྒྱ་ཡིག་ལྔ་བཅུ་ཐམ་པ་ལས་བོད་ཡིག་སུམ་ཅུ་གཏན་ལ་ཕབ་སྟེ་བོད་རང་ལ་མཁོ་བའི་དབྱངས་དང་གསལ་བཤད་གཏན་འབེབས་མཛད་པ་དང་། དེ་ལས་རྒྱ་གར་གྱི་གསལ་བཤད་ལས་མེད་པ་སྟོད་དུ་ཅ་ཆ་ཇ་གསུམ་དང་སྨད་དུ་ཞ་ཟ་འ་གསུམ་བཅས་གསར་དུ་བསྣན་ནས་གསལ་བཤད་སུམ་ཅུ་དང་དབྱངས་བཞི་བཅས་གཏན་ཁེལ་བྱས།ཐོ ག་མར་རྒྱལ་བོས་སློབ་དཔོན་དུ་བསྟེན་ནས་བོད་ཀྱི་སྐད་ཡིག་སློབ་དཔོན་ཐོག་མ་བྱུང་། དེ་ནས་བཙན་པོ་དང་བཀའ་གྲོས་བྱས་ཏེ་བོད་ཡིག་གི་དབུ་ཅན་དང་དབུ་མེད་བཟོས་པ་མ་ཟད། བརྡ་སྤྲོད་ཀྱི་གཞུང་སོགས་མང་དུ་བྲིས་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་སྐུལ་མ་ཆེན་པོ་ཐེབས་ཤིང་། རྒྱལ་བོའི་རོགས་སྐྱོར་ལ་བརྟེན་ནས་རྒྱ་གར་གྱི་ཆོས་དཔེ་མང་པོ་བོད་དུ་བསྒྱུར་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་པས་བོད་ཡུལ་མུན་པའི་གླིང་དུ་ཤེས་རིག་བཀྲ་བའི་སྔོན་ཐོན་གྱི་མི་རིགས་ཤིག་འབྱུང་བར་བྱེད་དེད་དཔོན་ཁོ་ནི་མཛངས་བློན་བཞི་བ་སློབ་དཔོན་ཐོན་མི་ཡིན།

ལྔ་བ། མཛངས་བློན་ལྔ་བ་ཉང་ཁྲི་བཟང་ཡང་སྟོན།

         ཉང་ཁྲི་བཟང་ཡང་སྟོན་གྱི་སྐོར་ལ།《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། གཞན་ཡང་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས། ། མཛངས་པའི་ལས་སུ་རི་ཁྱིམ་ཀླུང་དུ་ཕབ། ། སྤོ་ཐོ་མཁར་རུ་བརྩིགས་ནས་གྲོང་ཁྱེར་བཅོས། ། འདིའི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད། །དེ་ཕྱིར་བོད་ཀྱི་མཛངས་མི་ལྔ་བ་ཡིན། ། [⑥]ཅེས་པ་དང་། 《དུང་དཀར་ཚིག་མཛོད་ཆེན་མོ》ལས། ཁྲི་བཟང་ཡང་སྟོན་ནི་སྲོང་བཙན་སྒམ་པོའི་བློན་ཆེན་བཞིའི་ནང་གི་གཅིག་ཡིན་ཅིང་། བོད་ཀྱི་བློན་པོ་མཛངས་མི་བདུན་གྱི་ནང་གསེས་ལྔ་བ་ཡིན། སྐྱེས་ཡུལ་ལྷ་སའི་ཉེ་འདབས་ཉང་སེར་ནས་ཡིན་པ་དང་། རི་ཁྱིམ་རྣམས་ཀླུང་ཐང་དུ་སྤོས་ནས་གྲོང་ཁྱེར་དུ་བསྒྱུར་བའི་ཐབས་ཤེས་གསར་བ་བཏོད་པ་དེས་ཞིང་འབྲོག་གི་ཐོན་རྫས་བརྗེ་འཚོང་དང་གོང་འཕེལ་འགྲོ་རྒྱུར་ནུས་པ་ཆེན་པོ་ཡོད།[⑦] ཅེས་པ་ལྟར་དུ། དེ་ནི་སྤྱི་ལོ་དུས་རབས་བརྒྱད་པའི་བོད་བཙན་པོའི་དུས་སྐབས་ཀྱི་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན། ཁོའི་མཛད་རྗེས་ལ་དེ་སྔའི་རི་མགོ་རུ་ཡོད་པའི་ཁྱིམ་ཚང་རྣམས་ཆུ་བོའི་འགྲམ་དུ་སྤོར་དུ་བཅུག་ཅིང་། བཙན་རྫོང་དང་། གྲོང་དང་གྲོང་གསེབ་འཛུགས་པ། དུད་ཁྱིམ་སོ་སོའི་ཕྱོགས་བཞི་ནས་ཞིང་ས་བརྐོས་ནས་ཞིང་ལ་ཆུ་དྲངས་ནས་ཞིང་མའི་ཆུ་རྒྱ་ཆེར་སྤེལ་བ་རེད། འདི་ལས་ང་ཚོས་ཤེས་ཐུབ་པ་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་སྒྲིག་གཞི་ནི་བྲན་གཡོག་སྤྱི་ཚོགས་ནས་བཀས་བཀོད་རྒྱུད་སྤྱི་ཚོགས་སུ་བར་བརྒལ་བྱེད་བཞིན་པའི་དུས་རབས་ཤིག་ཏུ་སླེབས་ཟིན་པ་མ་ཟད། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་མྱུ་གུ་དེའང་འབུས་པ་ཤེས་ཐུབ།

དྲུག་པ། མཛངས་བློན་དྲུག་པ་ཉང་ཁྲི་བཟང་ཡབ་ལྷག

         《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། མགོས་ཀྱི་བློན་ཆེན་ཁྲི་བཟང་ཡབ་ལྷག་གིས། ། མཛངས་པའི་ལས་སུ་གསེས་ཐང་སྟོང་ཐག་བཅད། ། ཕྱི་རབས་བློན་པོ་གཡར་ཁྲལ་ཆུང་བར་བྱས། །[⑧] མཛངས་བློན་དྲུག་པ་ཉང་ཁྲི་བཟང་ཡང་སྟོན་གྱི་སྐོར་ལ། འདི་ནི་སྤྱི་ལོ་དུས་རབས་བརྒྱད་པར་བོད་ཀྱི་རྒྱལ་བོ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན་ཅིང་།མཛངས་བློན་འདི་བའི་མཛད་རྗེས་གཙོ་བོ་ལ་མཇལ་བྱེད་ཀྱི་ཚད་གཞི་གཏན་འབེབས་བྱས་ཏེ། དངུལ་ལོར་འཇལ་བྱེད་ཀྱི་ཚད་གཞི་བྱས་ཏེ་ཚོང་ཟོག་བརྗེས་རེས་བྱེད་པའི་སྲོལ་བཙུགས་པས། བོད་ཁུལ་དཔལ་འབྱོར་འཕེལ་རྒྱས་དང་ཚོང་ལས་དར་རྒྱས་ཐད་ལ་སྔར་མེད་ཀྱི་བྱས་རྗེས་བཞག་ཡོད་པས་བོད་ཀྱི་འཕྲུལ་བློན་དྲུག་པའི་གྲས་སུ་བཞག་པ་རེད།

བདུན་པ། མཛངས་བློན་བདུན་པ་སྟག་ཚབ་སྡོང་གཟིགས།

         མཛངས་བློན་བདུན་པ་སྟག་ཚབ་སྡོང་གཟིགས་ཀྱི་སྐོར་ལ།《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། སྟག་བཙན་སྡོང་གཟིགས་གཉེར་གྱི་བུས། ། མཛངས་པའི་ལས་ལ་དབྱར་རྩྭ་དགུན་དུ་བསྐམས། །[⑨]ཞེས་པ་ལྟར་དུ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན་ལ་འདིས་མཛད་རྗེས་ལ་མཐའ་མཚམས་ས་ཁུལ་དུ་དམག་མངགས་པའི་སྲོལ་བཙུགས་ཤིང་། འབངས་མི་ཁྱིམ་རེ་རེ་ལ་རྟ་གཅིག་རེ་དང་། མཛོ་གཅིག བཞོ་མ་གཅིག  གླང་བོ་གཅིག་རེ་བཅས་གསོ་དགོས་པ་གཏན་འབེབས་བཟོས་ཤིང་། དབྱར་གྱི་དུས་སུ་རྩྭ་སྔོན་མོ་བརྔས་ཏེ་བསྐམས་རྗེས་གསོག་འཇོག་བྱས་པ་དང་དེ་ནས་དགུན་གྱི་དུས་སུ་གཟན་རྩྭ་བྱས་ཆོག་པའི་སྲོལ་བཙུགས་ནས་འབྲོག་ལས་ཐོན་སྤེལ་གྱི་བྱ་བར་དམིག་བསལ་གྱི་བྱས་རྗེས་ཡོད་པ་མ་ཟད། ད་དུང་། བན་བོན་གཉིས་བར་གྱི་གྲུབ་མཐའི་རྩོད་གླེང་ཛ་དྲག་ཆེན་པོ་དེར་བར་འདུམ་མཛད་ནས་བདེན་རྫུན་གྱི་ཕུ་ཐག་གཅོད་པར་བྱེད་པའི་བན་དེ་ཀུན་གྱི་ཁ་འཛིན་དཔང་པོར་བཞག་ཅེས་ལོ་རྒྱུས་ཡིག་ཚང་དུ་ཡོད[⑩]པར《དུང་དཀར་ཚིག་མཛོད》དུ་གསལ།
         མདོར་ན།  མཛངས་བློན་བདུན་ནམ་འཕྲུལ་བློན་བདུན་གྱི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་། དཔལ་འབྱོར་གོང་འཕེལ། རིག་གནས་དར་རྒྱས་ཕྱོགས་སུ་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད་པས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཡིད་ཀྱི་གཏིང་ནས་བརྗེད་མི་རུང་བ་ནི་ལོ་རྒྱུས་ཀྱི་ང་ཚོར་བཞག་པའི་འོས་འགན་ཡིན་ལ། སྒང་བ་བོད་མིའི་དྲིན་བྱས་དྲིན་དུ་གོ་བའི་སྲོལ་བཟང་རྒྱུན་བསྲིངས་བྱེད་སྤྱད་ཀྱང་ཡིན་པས། དུས་རབས་ཉེར་གཅིག་གི་ང་ཚོས་གནའ་མིའི་མཛད་རྗེས་ལ་ཕྱིར་མིག་གི་ལྟ་བཞིན་དུ་མདུན་བསྐྱོད་ཀྱི་གོམ་པ་དེ་གསར་གཏོད་ཀྱི་ལམ་ལ་ཞུགས་དགོས།།

དཔྱད་གཞི་ཡིག་ཆ།

1 《དུང་དཀར་ཚིག་མཛོད་ཆེན་མོ།》 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།
2 《ཆོས་འབྱུང་མཁས་པའི་དགའ་སྟོན།》དཔའ་བོ་གཙུག་ལག་ཕྲེང་བའི་བརྩམས། མི་རིགས་དཔེ་སྐྲུན་ཁང་།
3  《རྒྱ་བོད་ཡིག་ཚང་ཆེན་མོ》 དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
[①] 《ཆོས་འབྱུང་མཁས་པའི་དགའ་སྟོན》  དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 2006ལོའི་ཟླ་དང་པོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།ཤ89
[②] 《ཆོས་འབྱུང་མཁས་པའི་དགའ་སྟོན》  དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 2006ལོའི་ཟླ་དང་པོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།ཤ89
[③] 《རྒྱ་བོད་ཡིག་ཚང་ཆེན་མོ》 དཔལ་འབྱོར་བཟང་བོ། 1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤ230
[④] 《ཆོས་འབྱུང་མཁས་པའི་དགའ་སྟོན》  དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 2006ལོའི་ཟླ་དང་པོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།ཤ98
[⑤] 《ཆོས་འབྱུང་མཁས་པའི་དགའ་སྟོན》  དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 2006ལོའི་ཟླ་དང་པོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།ཤ98
[⑥] 《ཆོས་འབྱུང་མཁས་པའི་དགའ་སྟོན》  དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།  2006ལོའི་ཟླ་དང་པོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།ཤ100
[⑦] 《དུང་དཀར་ཚིག་མཛོད་ཆེན་མོ》 དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བརྩམས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས2002ལོའི་ཟླ4བར་པར་དུ་བསྐྲུན། ཤ241
[⑧] 《ཆོས་འབྱུང་མཁས་པའི་དགའ་སྟོན》  དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།  2006ལོའི་ཟླ་དང་པོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།ཤ198
[⑨] 《ཆོས་འབྱུང་མཁས་པའི་དགའ་སྟོན》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།  2006ལོའི་ཟླ་དང་པོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།ཤ198
[⑩] 《དུང་དཀར་ཚིག་མཛོད་ཆེན་མོ》 དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བརྩམས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས2002ལོའི་ཟླ4བར་པར་དུ་བསྐྲུན། ཤ1002

མཚོ་སྔོན་པོ་ཟིན་བྲིས་ཀྱི་ལས་དབང་གི་སྦྲ་ནག་ཅེས་པའི་ཟིན་བྲིས་ལས་བཏུས།


འབྲེལ་ཡོད་འོས་སྦྱོར།