logo

བཙན་ལྔའི་སྔ་མ་བཞི་བྱོན་ཚུལ་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།:རྒྱལ་མོ་འབྲུག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-25 ཀློག་གྲངས།:

བཙན་ལྔའི་སྔ་མ་བཞི་བྱོན་ཚུལ།

          དེ་ཡང་བོད་ཀྱི་རྒྱལ་རབས་ཉེར་བཞི་ནས་ཉེར་བརྒྱད་བར་དུ་རང་རེའི་ལོ་རྒྱུས་ཡིག་ཚང་རྣམས་སུ་སྤྱི་མིང་ལ་བཙན་ལྔ་ཞེས་འབོད་ལ།  འདིར་དེ་རྣམས་ལས་སྔ་མ་བཞི་བྱོན་ཚུལ་མདོ་ཙམ་བརྗོད་ན།  《ཆོས་འབྱུང་མཁས་པའི་དགའ་སྟོན》དུ“བཙན་ལྔའི་ཐོག་མ་ཏོ་རེ་ལོང་བཙན་ཡིན། ཡུམ་ཉེ་བཙུན་མང་མ་རྗེ། བློན་པོ་ཐོན་མི་འབྲིང་པོ་རྒྱལ། སྣུབས་སྨན་ད་རེ། སྟོང་འདར་རྗེ་རྣམས་ཀྱིས་བྱས་སྐད། དེ་ཕྱིར་ལྷ་སྲས་ལྡེ་སྲས་ཅེས་པར་གྲགས།། འབངས་དང་གཉེན་བསྲེས་མན་ཆད་ལྡེ་སྲས་བཞག། དེ་ཡི་དོད་དུ་ལྷ་སྲས་བཙན་པོ་ཟེར།། དེ་དང་འོ་མ་ལྡེ་ཟ་ཁྲི་གཙུག་བློན་དང་སྲས་ཁྲི་ཟུང་མོང་ཁོང་གིས་བྱས།། རྗེ་དེ་དང་སྨན་ཟ་ཁྲི་དཀར་གྱི་སྲས་ཁྲི་སྒྲ་སྤུངས་བཙན།། བློན་པོ་མགར་སྒྲ་ཛི་མུན་དང་ཐོན་མི་གླུ་མང་དྲེད་པོས་བྱས།། རྗེ་དེ་དང་སྨན་གསུམ་ཀླུ་སྟེང་གི་སྲས་ཁྲི་ཐོག་རྗེ་ཐོག་བཙན།། བློན་པོ་མགར་གཉའ་བཙན་ལྡེམ་བུ་དང་སྣུབས་སྐྱེས་ཐོག་རྗེ་མོར་བཙན་གྱིས་བྱས།། བཞི་བ་ཐོག་རྗེ་ཐོག་བཙན་སྐུ་རིང་ལ།།  ལྷ་ཡི་རོལ་མོ་གླིང་བུ་ཅག་པར་བྱུང་།། འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ།། ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས།།”ཞེས་བཙན་པོ་འདི་བཞིའི་ཡུམ་དང་མཚན་བཅས་རིམ་པ་བཞིན་གསལ་བོར་བཀོད་ཡོད་པ་མ་ཟད། སོ་སོའི་རིང་གི་བློན་པོ་ཆེན་པོ་དག་གིས་མིང་རུས་ཀྱང་ལེགས་པོར་བཀོད་འདུག  བཙན་ལྔའི་དང་པོ་རྒྱལ་ཏོ་རེ་ལོང་བཙན་སྐབས་སུ་བློན་པོ་གཙོ་བོ་ནི་ཐོན་སྣུབས་སྟོང་གསུམ་གྱི་རུས་ཅན་ཡིན་པར་བཤད་ཅིང་། དེའང་ཏུན་ཧོང་ཡིག་ཆའི“བཙན་པོ་ལྡེ་པྲུ(འཕྲུལ)པོ་གནམ་གཞུང་རྩན་གྱི་རིང་སླན་ཆད།། བློན་ཆེ་བགྱིས་པའི་རབས་ལ།།”ཞེས་པར“དེའི་འོག་ཏུ་མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས་བྱས་ཏེ།། དཀུའ་ཆེད་པོ་བྱས་ནས།། ཁོ་ནའི་སྲིང་མོ་མཐོན་མྱི་ཟ་ཡར་སྟེང་།། དུག་བསྐུར་ཏེ་བཏབ་པ་ལས།། མོ་ན་དུག་འཐུངས་ནས།། བཙན་ནུ་བཀུམ་པ་ལགས་སོ།།”ཞེས་འབྱུང་བའི་སྐབས་དེར་མཐོན་གནུབས་ནི་བློན་པོ་ཆེ་ཤོས་ཡིན་པར་མ་ཟད། མཐོན་མི་བཙན་ནུས་གཡོ་སྒྱུའི་སྦྱོར་བ་སྤེལ་ནས་ཁོ་བོའི་སྲིང་མོར་དུག་བསྐུར་ནས་བཙན་པོ་བཀྲོངས་འདོད་ཀྱི་ལས་མ་སྒྲུབ་སྟེ་རང་ཉིད་མོན་དུག་གིས་ཤི་བར་ངེས་ཤིང་།  གནས་ཚུལ་འདིའི་སྟེང་ནས་ང་ཚོས་ཤེས་རྒྱུ་ཞིག་ནི་གཅིག་ན་སྐབས་དེར་བཙན་པོའི་ཆབ་སྲིད་ལ་ཁེ་ཉེན་བྱུང་བས་རྗེ་བློན་བར་གྱི་འགལ་བ་ཛ་དྲག་ཡིན་པ་ཤེས་ཤིང་།  གཉིས་སུ་སྐབས་དེར་བོད་ཀྱི་སྤྱི་ཚོགས་ཐོག་དུག་ལས་ཀྱི་བྱ་བ་དར་བའི་ཐོག་ནས་དུས་དེ་ཚོད་ནས་བོད་ཀྱི་སྨན་དུག་གི་སྦྱོར་བའི་ལག་རྩལ་ཆེ་བ་ཤུགས་སུ་ཤེ་སཐུབ་པ་ཡིན་ནོ།།
          དེ་མིན་ཡང་ཏོ་རེ་ལོང་ཙམ་ཡན་ལ་ཡུམ་རྣམས་ལྷ་མོ་ཀླུ་ཡིན་པས་ལུས་རྟེན་ས་ལ་མ་བཞག་པས་བཙུན་མོར་སྤུར་མེད་ཟེར་བ་དང་། དེའི་མན་ཆད་འབངས་དང་གཉེན་བསྲེས་པས་ལྡེ་སྲས་ལྷ་སྲས་སུ་འབོད་པ་བྱུང་བ་སོགས་ཀྱང་བཙན་པོ་དང་བཙུན་མོའི་སྙན་གྲགས་དང་དབང་ཆའི་ཐད་འགྱུར་ལྡོག་བྱུང་ནས། རྒྱལ་པོའི་སྲིད་དབང་ལ་མི་ཡུལ་གྱི་ཆོས་དང་མཐུན་པའི་ལྟ་དབང་བསམ་བློ་འོས་ཆེ་རུ་བསྒྱུར་བ་མཚོན་ཐུབ།  གཞན་ཡང་བཞི་བ་ཁྲི་ཐོག་རྗེ་བཙན་གྱི་རིང་ལ་ལྷ་ཡི་རོལ་མོ་གླིང་བུ་ཅག་པ་བྱུང་ཟེར་བ་ལས་སྐབས་དེར་བོད་ཀྱི་སྤྱི་ཚོགས་ཐོག་གླིང་བུ་ཅག་པ་བྱ་བའི་རོལ་མོའི་ཆ་བྱད་ཕུན་སུམ་ཚོགས་པ་ཞིག་བྱུང་ཡོད་པའང་ཤེས་སེམས་སོ།། ཡང་རང་རེའི་ལོ་རྒྱུས་ཀུན་ན་སྐབས་འདིའི་བར་དུ་བོད་ཀྱི་ཆབ་སྲིད་ནི་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་པར་བཤད་ཀྱང་། སྒྲུང་ལྡེའུ་གཉིས་དུས་འདི་ཙམ་ལ་གནས་པར་མི་འདོད་ཚུལ་གོང་ནས་ལྡེ་བརྒྱད་སྐབས་སུའང་ཞར་ལ་སོང་ཟིན་པ་བཞིན་ལགས་པས་འདིར་བསྐྱར་ཟློས་བྱ་མི་དགོས་ལ། སྐབས་འདིར་བོན་སྤྱོད་པར་མཆིས་ཀྱང་དེ་དུས་ཀྱི་བོན་ནི་ཕྱྭ་གཤེན་ཇུ་ཐིག་ཅན། གསོན་གཤིན་གྱི་རྩིས་བྱེད་པའི་དུར་གཤེན་མཚོན་ཆ་ཅན་འཐོབ་པར་འདོད་པའི་འབྲས་བུའི་བོན་པོ་རིགས་ལྔ་ཟེར་བ་སོགས་དར་བ་ཡིན་ནོ།། དེ་མིན་གོང་དུ་བྱུང་བའི་བློན་ཆེན་དེ་དག་ལས་ཕྱིས་ཀྱི་བོད་ཆེན་པོའི་སྐབས་སུ་བྱོན་པའི་བློན་པོ་མང་ཆེ་བའི་རྒྱུད་ཀྱང་དུས་འདི་ཚོད་ནས་བོད་ཀྱི་ཆབ་སྲིད་ལ་ཞུགས་ཡོད་པར་མ་ཟད། གོ་གནས་ཀྱང་མི་དམན་པ་བློན་ཆེན་བྱས་པ་ཤ་སྟག་ཡིན་པས། དུས་ཕྱིས་དགུང་བློན་ལྟ་བུའི་ལོ་རྒྱུས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཁྱི་གཞི་རྩ་ཡོད་པ་སོགས་ཀྱང་བསམས་ན་ཤེས་སོ།།
          དེ་ཡང་སྤྱིར་བོད་ཀྱི་ལོ་རྒྱུས་རྣམས་སུ་བཙན་པོའི་གདུང་རབས་ཀྱི་གྲངས་ལ་རྩི་སྟངས་མི་གཅིག་པ་དང་ཐ་ན་སྤྱི་གྲངས་མང་ཉུང་གི་འགལ་བའང་ཡོད་པ་ཡིན་ཏེ། གཙོ་བོ་ནི་སྐབས་འདི་སྟེ་བཙན་ལྔའི་ཕྱི་མ་ལྷ་ཐོ་ཐོ་རི་བར་དུ་རྒྱལ་རབས་ཅི་ཙམ་སོང་བའི་ཐད་ལ་དེབ་ཐེར་ལ་ལར་ཉེར་དྲུག་དང་ལ་ལས་ཉེར་བདུན་སོང་བར་འདོད་པ་སོགས་ལུགས་གཉིས་བྱུང་བའི་དབང་གིས་བཙན་པོ་ལྷ་ཐོ་ཐོ་རི་ཉིད་གདུང་རབས་ཉེར་བདུན་པ་དང་ཉེར་བརྒྱད་པའམ་དེ་བཞིན་ཕྱིས་ཀྱི་སྲོང་བཙན་སྒམ་པོའང་སོ་གཉིས་པ་དང་སོ་གསུམ་པ་བཅས་སུ་འདོད་མཁན་གཉིས་གཉིས་བྱུང་ནའང་། དོན་དམ་དུ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་མཐའ་མ་འུ་དུམ་བཙན་པོའི(གླང་དར་མ)བར་ཡོངས་གྲགས་སུ་རྒྱལ་རབས་ཞེ་གཉིས་སོང་བ་ཞལ་མཚུངས་ཡིན་པ་དང་། ཡང་ཏུན་ཧོང་ཡི་གེར་བཙན་པོ“ལྡེ”གཅིག་དང་གཞན《བུ་སྟོན་ཆོས་འབྱུང》དང་ས་སྐྱ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི《རྒྱལ་རབས》སོགས་ལ་ལར“ཁྲི”གཅིག་དང“བཙན”གཅིག་ཆད་པ་ལྟ་བུ་འགའ་རེ་བྱུང་བ་མ་གཏོགས་ལོ་རྒྱུས་བྱིངས་སུ་གདུང་རབས་ཞེ་གཉིས་བགྲང་བ་ལགས་པས། འདིར་ལྷ་ཐོ་ཐོ་རིའི་བར་དུ་རྒྱལ་རབས་ཉེར་བདུན་པ་སོང་བར་བརྟེན་ལྷ་ཐོ་ཐོ་རི་ཉེར་བརྒྱད་པ་དང་སྲོང་བཙན་སྒམ་པོ་སོ་གསུམ་པ་བྱས་ན་དག་པར་སྣང་ངོ་།། ཡང་དེབ་ཐེར་ལ་ལར་བརྗོད་ལུགས་ཀྱི་དབྱེ་བའང་ཡོད་པ་ཡིན་ཏེ། དཔེར་ན་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་འཁྲུངས་ཞེས་བརྗོད་པས། སྔ་མ་ན་སྒྲས་ཚེ་སྐབས་བསྟན་ནས་ཕྱིས་སུ་འབྱོན་པར་བྱེད་པ་དང་ཤུགས་སུ་ཉེར་བརྒྱད་པ་ཡིན་པར་བསྟན་པས་འགྲིག་ལ། ཕྱི་མ་ལྟར་པ་སྒྲ་བྱས་ན་རང་གྲངས་རྩིས་པས་སྤྱི་གྲངས་ལས་ཉུང་བའི་སྐྱོན་ཡོད་པ་བཅས་ངང་གིས་ཤེས་པ་ཡིན་ནོ།། ཡང《མཁས་པའི་དགའ་སྟོན》དུ“བཙན་ལྔ་མན་ཆད་བང་སོ་འཕྱིང་ཡུལ་བཏབ།། བཙན་ལྔའི་མཆད་པ་ས་ཕུང་སྦྲ་འདྲར་ཡོད།།”ཅེས་བཙན་པོ་འདི་དག་གི་རིང་ནས་བཟུང་བང་སོའི་གནས་དངོས་སུ་ཡར་ཀླུང་གི་འཕྱིང་ཡུལ་དུ་བཏབ་པ་དང་མཆད་པ་སྟེ་བང་སོའི་དབྱིབས་ས་ཕུང་གི་སྦྲ་གུར་ལྟ་བུ་ཡོད་པར་བཤད་པ་ལགས་སོ།།


འབྲེལ་ཡོད་འོས་སྦྱོར།