ཞང་ཞུང་གི་ཤེས་རིག་སྐོར་རགས་ཙམ་གླེང་བ།
མི་རིགས་གང་ཞིག་ཡིན་རུང༌། རང་རང་ལ་ཐུན་མོང་མ་ཡིན་པའི་ཤེས་རིག་གམ་རིག་གཞུང་ཡོད་ལ། རང་རེ་བོད་མི་རིགས་ཀྱི་ཡང་མྱེས་ཆེན་པོ་ཞང་ཞུང་མི་རིགས་ཀྱང་དེ་ལྟར་ཡིན་ཏེ། རིན་གོང་ཧ་ཅང་གི་ཆེ་བ་རིན་ཆེན་གཟི་ལྟ་བུའི་ཕྱི་ཡི་རི་མོ་དང༌། རྫས་རིགས་གང་ཞིག་ལས་གྲུབ་མིན། བཟོ་འཕྲུལ་ཡར་རྒྱས་ཆེན་པོ་འདི་ལྟ་བུའི་དུས་སུའང༌། གནའ་རབས་ཞང་ཞུང་གི་མངའ་རིས་དེ་དག་ནས་ཐོན་པའི་གཟི་དངོས་ནི་གཞན་སུས་ཀྱང་གསར་བཟོ་བྱེད་མི་ཤེས་པ་བཞིན་ནོ། །
དེ་ཡང་གཟི་ཞེས་པའི་དངོས་པོ་དེ་ནི་ལོ་དང་དུས་རབས་ཉུང་ཤས་ཙམ་གྱི་སྔོན་ལ་མིན་པར། ལོ་ངོ་ཁྲི་ཕྲག་གི་གོང་རོལ་ནས་ཡོད་མྱོང་སྟེ། མདོ་དྲི་མེད་གཟི་བརྗིད་ལས། ཡང་སྟོན་པ་གཤེན་རབ་མི་བོ་ཉིད་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་གྱི་དབུས།ཞེས་པ་ནས། ཡུལ་དེའི་ལྷོ་ཕྱོགས་ནས་གསེར་གྱི་བུད་མེད་སེར་མོ་ལ་གཡུ་ཡི་རལ་པ་དང༌། རྫི་སྨིན་འཁྱུག་པ། གཟི་ཡི་སྤྱན་མིག་བཀྲ་བ།ཞེས་པ་ནི་གཟི་ཡི་རིགས་ལ་ཆུ་མིག་དང་ཆུ་རིས་སོགས་ཀྱི་ རྣམ་པ་མང་དུ་ཡོད་པ་མ་ཟད། ཆུ་མིག་དེ་དག་ནི་ཤིན་ཏུ་མཛེས་ཤིང་ཡིད་དབང་འཕྲོག་པའི་མངོན་གསལ་གྱི་ཁྱད་བོན་ ལྡན་པ་ཞིག་ཡོད་པ་དང༌། དེས་ན་བུད་མེད་དེ་ཉིད་ཀྱི་དབང་པོའི་དང་པོ་ཞི་ཞིང་གྲུང་བའི་མིག་གི་མཚོན་དཔེ་རུ་བཞག་པར་མངོན།
ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་སྐོར་ལ་སྔ་ཕྱིའི་མཁས་པ་མང་པོ་ཞིག་གིས་ཞིབ་འཇུག་གནང་ཡོད་མོད། འོན་ཀྱང༌། འགའ་ཞིག་ནི་དངོས་གཙོ་སྨྲ་བའི་ལྟ་བ་ཤུགས་ཆེར་འཁྱེར་ནས་འཛམ་གླིང་འདི་དང་མ་འབྲེལ་བ་དང༌། ཚན་རིག་པས་མ་མཐོང་ན་མེད་པར་རློམ་ནས་རྣམ་རྟོག་གི་ཕུང་པོའི་བཙོན་དུ་ཚུད་པ་དང༌། འགའ་ཞིག་གིས་དེ་དག་ནི་རྨོངས་དད་ཀྱི་བཤད་སྲོལ་རེད་ཅེས་ཟེར་ནས་སྔ་རབས་ཀྱི་ཡིག་ཆ་རྩ་ཆེན་དག་སྣང་མེད་དུ་བརྩིས་པ་དང༌། འགའ་ཞིག་གིས་རྟག་གཟིགས་འོལ་མོ་ལུང་རིང་དང༌། སྟག་གཟིག་གཉིས་དབྱེ་བ་མ་ཕྱེ་ནས་གཅིག་ཏུ་ངོས་འཛིན་པ་དང༌། ཁ་ཅིག་གིས་རྟག་གཟིགས་འོལ་མོ་ལུང་རིང་ཟེར་བ་ནི། བོན་ལ་དད་མོས་བྱེད་མཁན་རྣམས་ཀྱིས་ཞང་ཞུང་གི་གངས་ཏི་སེར་གཞིར་བཟུང་ནས་དེར་སྒྲོ་འདོགས་དང་རྟོག་བཟོས་བསྒྲུབས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་སྣོད་བཅུད་ཅིག་ཡིན་པར་བཞེད་པ་སོགས། རྒྱུ་མཚན་དེ་དག་ལ་བརྟེན་ནས་འདིར་ཁོ་བོས་ཞང་ཞུང་ཤེས་རིག་སྐོར་ལ་རང་གི་ལྟ་ཚུལ་དང་འབྲེལ་བའི་རྩོམ་ཐུང་ཞིག་འབུལ་བར་སྤྲོའོ། །
འོན་ཀྱང་སྤྱིར་ཁོ་བོར་སྐྱེས་ཐོབ་དང་ཐོས་སྦྱང་གི་སྒོ་གང་ནས་ཀྱང་དབུལ་བའི་ཁར། ལེ་ལོ་དང་རྣམ་གཡེང་གིས་དུས་འདའ་བཞིན་ཡོད་པའི་དཀྱུས་མི་ཞིག་གིས་རྩོམ་ཁུལ་ བྱས་པ་འདི་ཡི་ནང་མ་རྟོགས་པ་དང་ལོག་པར་རྟོག་པ་ལ་སོགས་གནོད་པ་ལས་ཕན་པ་ཆེར་ མེད། དེས་ན་དམན་འགྲོར་བརྩེ་ལྡན་གྱི་མཁས་པ་ཀེ་ཏ་ཀ་རྣམས་ཀྱིས་བདག་ལ་མ་ཤེས་བཀའ་སློབ་སྙོག་གྲུང་དྭངས་བཏོན་གྱི་དགོངས་འཆར་གནང་ཚེ་ཐུགས་རྗེ་ཆེ་ཞུ་རྒྱུ་ལགས།
ཞང་ཞུང་སྒོ་པ།ཞང་ཞུང་སྒོ་ཕུགས་བར་གསུམ་གང་ཞེ་ན། སྒོ་པ་ཁྱུང་ལུང་གི་སྐོར་ནི་ཕལ་ཆེར་ཏི་སེའི་ནུབ་ཕྱོགས་སུ་གཏོགས། དེ་ཡང་གཙོ་བོ་སྒོ་ཞེས་བརྗོད་ཡུལ་ནི་ཁྱུང་ལུང་དངུལ་མཁར་ཞེས་པ། སྔོན་དུས་བདུད་ཁྱབ་པས་གཤེན་གྱི་རྟ་བདུན་བརྐུས་ནས་རྐོང་པོར་སླེབས་སྐབས། བོད་བཅས་འགྲོ་བ་འདུལ་བའི་དོན་ལ་དགོངས་ནས་སྟོན་པ་གཙོ་འཁོར་བཅས་ཐབས་དང་རྫུ་ འཕྲུལ་སྤྲུལ་པ་སྣ་ཚོགས་བསྟན་ནས། འོལ་གླིང་ནས་རྐོང་པོར་བྱོན། དེ་དུས་མཁར་དེ་བརྩིགས་པ་ཡིན་ཏེ། མདོ་འདུས102ལས། རྟ་བརྐུས་ལེ་ལན་རྐོང་རྗེ་ཡིས། །རྐོང་བཟའ་ཁྲི་ལྕམ་གཤེན་ལ་ཕུལ། །ཤུལ་ལམ་ཡར་ཆབ་གཙང་པོ་ཕྱུང༌། །ལྷ་རི་གྱང་ཐོར་ཞག་བདུན་བཞུགས། །ཤུལ་དཀར་གཙང་བྱེ་གཡུང་དྲུང་ཁར། །སྟོན་པའི་ཞབས་རྗེས་བཏོད། །ཁྱུང་ལུང་དངུལ་མཁར་བརྩིགས། །གཤེན་བུ་རྐོང་ཚ་དེ་རུ་འཁྲུངས། །ཞེས་གསལ་ལོ། །
དེ་ནས་སྟོན་པ་མཆོག་སྟོན་འཁོར་བཅས་མ་ཕམ་གཡུ་མཚོ་ལ་ཕེབས་ནས། ཀླུ་ཡི་སྟོན་པ་ལོ་གཅིག་མཛད། མ་ཕམ་མཚོ་ལ་སྟོན་པས་སྐུ་ཁྲུས་གསོལ་ནས། ད་ལྟ་བོན་བསྟན་ལ་དད་མོས་བྱེད་པ་རྣམས་ཀྱིས་མ་ཕམ་གྱི་ཉ་ཤ་ལུས་ལ་འཆང་ན་ཁྱིས་ སོ་མི་ཟུག་པ་དང༌། མཚོ་ཆུ་འཐུང་ན་བྱིན་རླབས་ཆེ་ཞེས་གྲགས་པའི་རྒྱུ་མཚན་ཡང་དེ་ལྟར་རོ། །
ག་ལྗང་གཡུ་ལོའི་དགོན་དུ། ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་ཀྱི་ནང་ཚན། ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ལ། སྟོན་པས་ཁྲི་རྗེ་ལུང་བསྟན་ཀྱི་མདོ་གསུངས། དེང་སང་ས་གནས་དེ་ལ་རྒྱང་གྲགས་དགོན་ཞེས་ཟེར། གཟི་ཡི་འཕྲེང་བ་51ལས། དུས་དེར་ད་ལྟའི་སྟོད་མངའ་རིས་ལ་དྭགས་དང་བཅས་པ་དེ་ཚོ་ལ་ཞང་ཞུང་ཕུགས་དང༌། དབུས་གཙང་གི་ཕྱོགས་ལ་ཞང་ཞུང་བར་དང༌། མདོ་ཁམས་ཀྱི་ཕྱོགས་ལ་ཞང་ཞུང་སྒོ་ཞེས་གྲགས་ཀྱི་ཡོད་རེད། ཅེས་དང༌། རྒྱལ་རབས་བོན་གྱི་འབྱུང་གནས119ལས། ཞང་ཞུང་དང༌། སུམ་པ། མདོ་ཁམས་སོགས་སུ་མ་ནུབ་པར་བཤད་དེ། ཅིའི་ཕྱིར་ན། དེའི་དུས་སུ་བོད་ཀྱང་ཕལ་ཆེར་ཞང་ཞུང་རྒྱལ་པོའི་མངའ་འོག་ཏུ་ཡོད་པ་ཞིག་གོ། །ཞེས་དང༌། ཞང་ཞུང་ཤེས་རིག110ལས། བོད་ཀྱི་ཡིག་ཚང་དག་ལ་བརྟགས་ན། བོད་ཅེས་པ་ཐོག་མར་ཡར་ལུང་ཚོ་པ་ཁག་ལ་གོ་དགོས་ཤིང༌།ཞེས་པ་ནས། ཞང་ཞུང་ནི་དེ་ལས་ལྡོག་སྟེ། ད་ལྟའི་བོད་ཁམས་ཕལ་ཆེ་བ་ཐོག་མའི་དུས་སུ་ཞང་ཞུང་གི་མངའ་རིས་སུ་གཏོགས་པ་བོན་ གྱི་ཡིག་ཚང་དག་ཏུ་གསལ་ཞིང༌། ཞེས་བཀོད་ཡོད། དེ་ལྟར་ན་བོད་ཁམས་ཕལ་ཆེར་སྔར་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་འོག་ཏུ་བསྡད་མྱོང༌། ཡང་དེའི་ནང༌། ཚི་ཧྲུའུ་ཡོན་ཀོས་བྱ་བར། ཞང་ཞུང་ཆེ་བ་ནི་ཤར་ནས་བོད་དང༌། ནུབ་ནས་ཞང་ཞུང་ཆུང་བ། བྱང་ནས་ལི་ཡུལ་དང་འབྲེལ་ཞིང༌། ཤར་ནུབ་ཏུ་ལེ་དབར་སྟོང་ཕྲག་ལྷག་དང༌། ཧྲེགས་དམག་ཁྲི་ཕྲག་བརྒྱད་དགུ་ཙམ་ཡོད།ཅེས་བཀོད་ཡོད་མོད། ཞང་ཞུང་ཞེས་པའི་རྒྱལ་ཁབ་དེ་ནི་སྔར་སྟོབས་ཆེན་གྱི་རྒྱལ་ཁབ་ཞིག་ཡིན་པར། ཁྲི་སྲོང་གིས་ཀྱང་གཡོ་ཐབས་དང་ཇུས་ལ་བརྟེན་ནས་ཞང་རྒྱལ་ལིག་མི་རྐྱ་བཀྲོངས་ རྗེས་ཞང་ཞུང་གི་རྒྱལ་ཁབ་དེ་ནི་སིལ་བུར་སོང་ངོ༌། །
སྒོ་པ་འདི་ལའང་སྒོ་ཕུགས་བར་གསུམ་ཡོད་དེ། འབེལ་གཏམ་ལུང་སྙིང40ལས། ཞང་ཞུང་སྒོ་པ་འདི་ལ་ཡང༌། སྒོ་ཕུགས་བར་གསུམ་ཡོད་དེ། ཕུགས་པ་ཁྱུང་ལུང་གི་སྐོར་དང༌། བར་པ་དྭང་ར་རྟ་སྒོའི་སྐོར་དང༌། ཕྱི་མ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་གི་སྐོར་ཞེས་འབོད་སྲོལ་ཡོད། ཅེས་གསུངས་པ་ལྟར་དེར་ཅུང་ཞིག་དཔྱད་པར་མོས་སོ། །
སྒོ་པའི་སྒོ།སྒོ་པ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་ནི། ཁྱུང་པོ་རི་རྩེ་དྲུག་གི་སྐོར་ལ་ཟེར། དུས་རབས་བདུན་པའི་སྐབས་ཞང་ཞུང་གི་རྒྱལ་པོ་མཐའ་མ་ལིག་མི་རྐྱ་དེར་བཞུགས། མཁས་པ་མི་བཞིའི་ནང་ཚན་ཞང་ཞུང་གི་མཁས་པ་གྱིམ་ཚ་རྨ་ཆུང་འཁྲུངས་པའི་མཁར་ཡང་ ཕྱིས་སུ་ཡོད་པར་གྲགས། སུམ་པ་གླང་གི་གྱིམ་ཤོད་ཅེས་པ་འདི་ལའང་གཉིས་སུ་ཡོད་དེ། མདོ་སྨད་བྱང་ཕྱོགས་སུ་ཡོད་པ་གཅིག་དང༌། ཁྱུང་པོ་རི་རྩེ་དྲུག་གི་ཕྱོགས་སུ་ངོས་འཛིན་ཚུལ་མི་མཐུན་པ་ཡོད་མོད། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་འབྱུང64ལས། རྒྱ་ནག་དང་བོད་ཀྱི་བར་དག་ནི། སུམ་གླང་ག་ཅུ་གཡུ་ཚོ་རོང་གིས་བཅད། ཅེས་དང༌། སྤྲུལ་སྐུ་བློ་ལྡན་གྱི་མཇལ་སྣང643ལས། ཡུལ་ལ་བྱིན་ཆགས་དངུལ་རྫ་ཟལ་མོའི་སྒང༌། །གནས་ལ་བཀྲ་ཤིས་སུམ་པ་གླང་གི་ཤོད། །ཅེས་དང༌། ཡང་དེ་ཉིད་ལས། སུམ་པ་གླང་གི་གྱིམ་ཤོད་ཀྱི། །ཤེ་ལེ་རྒྱ་སྐར་གནས་མཆོག་འདི། །ཞེས་དང༌། སྲིད་པ་རྒྱུད་ཀྱི་ཁ་བྱང་47ལས། མཐོ་ཁྱུང་ལུང་དངུལ་མཁར་མན་ཆད་དང༌། དམའ་སུམ་པ་གླང་གི་གྱིམ་ཤོད་དང༌། ཤེལ་ལེ་རྒྱ་སྐར་ཚུན་ཆད་དུ། འཕྲུལ་ངག་བདེན་པའི་བོན་རྣམས་དར། ཞེས་ལུང་དང་པོས་མདོ་སྨད་དུ་བཞག་པ་དང༌། ཕྱི་མ་རྣམས་ལྟར་ན་གྱིམ་ཤོད་ཤེ་ལེ་རྫོང་དྲུག་གམ། ཁྱུང་པོ་རི་རྩེ་དྲུག་ལ་གོ་དགོས་པར་སྙམ།
སྒོ་པའི་བར།བར་པ་དྭང་ར་རྟ་སྒོའི་སྐོར་ནི། གངས་རིའི་ཤར་ཕྱོགས་དྭང་ར་གཡུ་བུན། དྭང་ར་ཁྱུང་རྫོང༌། དུང་ཕུག་དང༌། དྭང་ཆུང༌། ཏྲེ་རུའི་གནམ་མཚོ། མུ་མཚོ་བཅས་དེའི་སྐོར་ལ་འབོད། དུང་ཕུག་དང་དྭང་ཆུང་གི་ས་གནས་དེ་ནི་ཞང་རྒྱལ་ལིག་མི་རྐྱ་བཀྲོངས་པའི་ས་གནས་ དེ་ཡིན། ས་མིང་དེ་དག་ད་ལྟའང་ཞང་སྐད་སོ་མར་གནས་ཡོད། ཕུགས་པ་ཁྱུང་ལུང་ནི་སྔར་བཤད་ཟིན་ཏོ། །
སྒོ་པའི་ཕུགས།ཕུགས་པ་ཁྱུང་ལུང་ནི་སྔར་བཤད་ཟིན་མོད། འོན་ཀྱང༌། དེའི་མངའ་ཁོངས་སུ་གཏོགས་པ་ཡུལ་སྡེ་ཇི་སྙེད་ཅིག་ཡོད་པས། དེ་དག་རགས་ཙམ་གླེང་ན། ད་ལྟ་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པ་ལ་དྭགས་དང༌། ཟངས་དཀར། སྤྱི་ཏི། ཁུ་ནུ་ལ་སོགས་པ་རྣམས་ཐོག་མར་ཞང་ཞུང་གི་མངའ་སྡེ་ཡིན་པར་མ་ཟད། ད་ལྟའང་ཞང་སྐད་ཀྱི་ཐོག་ནས་བེད་སྤྱོད་བྱེད་བཞིན་ཡོད་པ་དང༌། དེ་བཞིན་ད་ལྟའི་བལ་ཡུལ་གྱི་མངའ་ཁོངས་སུ་ཡོད་པའི་བལ་ཡུལ་གྱི་བྱང་ཕྱོགས་གློ་ དང༌། དོལ་པོ། ཏི་ཆུ་རོང་བཅས་ཡུལ་སྡེ་བརྒྱ་ཕྲག་ལས་བརྒལ་བ་དག་ཀྱང་སྔར་ཞང་ཞུང་གི་མངའ་རིས་ ཙམ་དུ་མ་ཟད། ཁྲི་སྲོང་ལྡེའུ་བཙན་གྱིས་ངན་གཡོའི་ཐབས་ཇུས་ལ་བརྟེན་ནས་ཞང་རྒྱལ་ལིག་མི་རྐྱ་ བཀྲོངས་རྗེས་ཞང་ཞུང་གི་སྡེ་རྣམས་བོད་རྒྱལ་གྱི་འོག་ཏུ་ཚུད་པ་དང༌། རྒྱལ་པོས་བོན་གཤེན་རྣམས་ལ་ཐུགས་མཉེས་པའི་རྟགས་སུ། སྟོད་ནས་འབངས་གསུམ་ཕུལ་བ། སོ་དང༌། སོ་ན། གློ་བོ་དང་གསུམ། དེང་སང་ཡང་ཞང་སྐད་ཇི་མ་ཇི་བཞིན་རྒྱག་གི་ཡོད་པ། དཔེར་ན། བུ་ལ་བྱཧྲི་ཙ་བྱདང༌། བུ་མོ་ལ་བྱཙ་མེད་བྱཅེས་པ་ལ་སོགས་པ་བཞིན་ནོ། །ཕྱོགས་གཞན་གྱི་མི་རྣམས་ཀྱིས་ཁོང་ཚོའི་སྐད་ལ་བྱསད་སྐད་བྱཅེས་བརྗོད་ཀྱི་ཡོད་ པ་རེད།
དེའི་ནང་ནས་གློ་བོ་ནི། ད་ལྟའི་སྨོན་ཐང་རྒྱལ་པོའི་སྡེ་རུ་གཏོགས་པ་རྣམས་དང༌། གཞན་ཡང་1རྫར་དང༌། 2རྫོང༌། 3ས་དམར། 4བཀག 5དང་དཀར་རྫོང༌། 6གྱི་ལུང་བཅས་རྫོང་ཁག་དེ་རྣམས་སུ་ད་ལྟའང་ཟླ་བ་བཅུ་གཅིག་པའི་ནང་ལ་གནའ་རབས་ ཞང་ཞུང་གི་ཤེས་རིག་ཐུན་མོང་མིན་པ་བྱབྱཤོན་བྱབྱཞེས་པའི་གླུ་གར་དཔྱིད་ཀྱི་ དགའ་སྟོན་ལ་རྩེན་ཞིང་རོལ་བར་བྱེད་པ་དང༌། ཁོང་ཚོའི་ཡུལ་སྐད་དུའང་ཤོན་ཟེར། དེ་འཁྲབ་པར་བྱེད་པ་ལ་གོས་ཆེན་གྱི་ཕྱུ་བ་གྱོན་དགོས་པ་དང༌། ལག་ལ་ཀོལ་གྲོང་ཐོགས་ཤིང༌། བུད་མེད་རྣམས་ཀྱི་མགོ་རྒྱན་ལ་ཞུ་སླས་ཞེས་པ་གཡུ་དང་གསེར་སོགས་ཀྱིས་བརྒྱན་པ་ དང༌། སྐེ་ལ་སུམ་ཅུ་ཞེས་པ་བྱུ་རུ་དང༌། མུ་ཏིག གསེར་སོགས་ཀྱི་ཕྲ་རྒྱན་ཅན་དང༌། ལུས་ལ་ཁྲབ་མང་བྱབྱབཅས་དེ་དག་མེད་ན་ཤོན་གྱི་གར་རྩེའི་ནང་ཞུགས་མི་ཆོག་པའི་ ཁྲིམས་གཞི་ཡང་ཡོད།
སྐྱེ་བོ་ལ་ལས་རྔ་བོ་ཆེ་ཞེས་པ་རྔ་ཆེན་ཞིག་རྡུང་བ་དང༌། རེ་འགས་ཆ་ལང་ཟེར་བ་སིལ་ཆོལ་དང་འདྲ་བ་ཞིག་དཀྲོལ་ནས། ཕོ་མོ་རྣམས་ཀྱིས་རོལ་དབྱངས་ཀྱི་ལྡིར་སྒྲ་དང་བཅས་ཏེ། མི་རྣམས་ཀྱི་ཡིད་དབང་དངོས་སུ་འགུག་པའི་གནའ་རབས་ཞང་ཞུང་གི་ཤེས་རིག་དེ་དག་བྱ་ ལམ་རྗེས་མེད་དུ་སོང་བ་ལྟར་མིན་པར་ད་ལྟའང་མི་ཚོས་དངོས་མཐོང་ལག་ཟིན་དུ་ཡོད་ པས་མ་ཚད། ཁོང་ཚོས་ངོམ་རིན་ཆོག་པའི་ཤེས་རིག་ནོར་བུ་ཞིག་ཏུའང་གྱུར་ཡོད།
དེ་བཞིན་ཏི་ཆུ་རོང་ཟེར་བ་གྲོང་སྡེ་བརྒྱ་ཕྲག་ཡོད་པ་དག་ཏུའང་ཞང་སྐད་སྨྲ་བ་ དཔེར་ན། གཅིག་ལ་ཏིག་དང༌། གཉིས་ལ་ནི། གསུམ་ལ་ནེ་སུམ། བཞི་ལ་བིང་ང༌། དེ་བཞིན་བཅུ་གཅིག་ལ་ཅུ་ཏི་དང༌། བཅུ་གཉིས་ལ་ཅུ་ནི་བཅས་ཉི་ཤུ་ལས་ལྷག་བརྩི་སྲོལ་མེད། གལ་སྲིད་ཉི་ཤུ་ནས་བརྩི་དགོས་ཚེ། ཁལ་ཏིག་དང༌། ཁལ་ནི་དང༌། ཉི་ཤུ་ལྔ་ལ་བརྒྱ་ཞེས་གྲགས། འདི་དང་འདྲ་བར་ཞང་ཞུང་བར་པ་ན་འབར་མའི་སྐད་ཀྱང་ཡོད་པར་མངོན་ནོ། །
གོང་གི་ཤོན་ཟེར་བ་དེ་ནི་གནའ་དུས་གཤེན་རབ་མི་བོ་མཆོག་ཕེབས་བསུའི་སྐྱེལ་མ་ རྣམས་ལ་རྗེ་འབངས་རྣམས་ཀྱིས་འཁྲབ་སྲོལ་ཡོད་དེ། མདོ་ལས། གཞན་ཡང་དམག་གི་འཁོར་ཚོགས་འབུམ་ཕྲག་མང་པོ་དང་བཅས་ནས། རོལ་མོ་སྣ་ཚོགས་པར་བསྒྱུར་ཏེ། དར་ཕྱར་རོ། །དུང་འབུད་དོ། །རྔ་རྡུང་ངོ༌། །གཤང་བཀྲོལ་ལོ། །གླིང་བུ་འབུད་དོ། །པི་ཝང་བཀྲོལ་ལོ། །ཅིང་ཆེན་སྒྲོག་གོ། །ཅང་ཆེན་བརྡུང་ངོ༌། །ཅག་པར་བརྡབས་སོ། །གོང་བསྒྱུར་རོ། །སྒོང་སྤོར་རོ། །སྒོང་རྩེའོ། །ཤོན་འཁྲབ་བོ། །གར་བྱེད་དོ། །བྲོ་རྡུང་ངོ༌། གླུ་དབྱངས་ལེན་ནོ། །ཞེས་གསུངས་ལ། འབེལ་གཏམ་ལུང་སྙིང174ལས། ལས་འདིས་མཚོན་ཏེ་ཞང་སྐད་འདྲེས་མའི་སྔར་གྱི་ཡུལ་སྐད་རྙིང་པ་ལས་དབྱངས་དང་བཅས་ ཏེ་འཁྲབ་པའི་ལུགས། ཁུ་ནུ་སོགས་སྟོད་ཕྱོགས་བོད་ཀྱི་མཐའ་མཚམས་ཀྱི་ཡུལ་ཁག་རྣམས་སུ་ཧ་ཅང་གི་དར་ ཁྱབ་ཆེ་བ་ཡིན་ལ། ཞེས་གསུངས་པས་སོ། །
སྒོ་པའམ་མངའ་རིས་དེ་དག་གི་མི་རྣམས་ཀྱི་སྐད་ནི། ཡེ་སྲིད་ལྷ་ལས་མཆེད་པ་ཡིན་ཏེ། སྒྲ་ཡི་དོན་སྡེབ་སྣང་གསལ་སྒྲོན་མེ6ལས། སྒོ་པའི་སྐད་ནི་སྐལ་བཟང་སྒྲ་བླ་ཞེས་བྱ་སྟེ། ཡེ་སྲིད་ལྷ་ལས་མཆེད། ཞང་ཞུང་སྨར་གྱི་སྐད་དོ། །ཞེས་སྨར་ཡིག་ཆེ་ཆུང་ལ་སོགས་བེད་སྤྱོད། སྨར་ཡིག་ཆེ་ཆུང་གཉིས་ལས། བོད་ཀྱི་ཡི་གེ་དབུ་ཆེན་དང༌། འབྲུ་མར་བསྒྱུར། ཞེས་སྔ་ཕྱིའི་མཁས་པ་རིས་བྲལ་རྣམས་ཀྱིས་བཞེད།
འོན་ཀྱང་སྨར་ཆུང་ནི་དབུ་ཆེན་གྱི་རྩོམ་གཞིའམ་འབྱུང་གཞི་ཡིན་པར་མ་ཟད། ཞང་ཡིག་མི་ཤེས་པའི་གང་ཟག་གིས་དབུ་ཆེན་ཤེས་པ་ཡིན་ན། སྨར་ཆུང་ལ་བལྟས་ཚེ་ཕལ་ཆེར་ཀློག་ཐུབ་པ་འབྱུང་གི་ཡོད། སྒོའམ་མངའ་རིས་དེ་དག་གི་སྐད་གཙོ་བོའམ་མཆོག་སྐད་དེ་སྨར་སྐད་དུ་བཤད་ལ། བྱེ་བྲག་ཕལ་སྐད་ལ་དར་མའི་སྒྲ་དང༌། དིར་མའི་སྒྲ་དང༌། དར་མ་དིར་གྱི་སྒྲ་དང༌། གུ་གེའི་སྒྲ་དང༌། ཕལ་པོ་གླང་གི་སྒྲ་དང་བཅས་ལྔ་ཡོད་དེ། བསྟན་འབྱུང111ལས། སྐད་ནི་སྨར་གྱི་སྐད་དང༌། དར་མའི་སྐད། གུ་གེའི་སྐད་དང༌། ཕལ་པོ་གླང་སྐད་བཅས། སྨར་ནི་སྒོ་པ་སྤྱི་ཡི་མཆོག་སྐད་ཡིན།ཞེས་དང༌། སྙན་རྒྱུད་རིན་ཆེན་སྒྲོན་མ་ལ་སོགས་ནས་མི་མཐུན་པ་དྲུག་ཏུའང་བཤད་ཡོད་དེ། དེ་ཡང་སྨར་ཆེན་དང༌། སྨར་ཆུང༌། ཟུར་འབོད་འདོགས་རིང་དང༌། ནོར་བུ་ལུགས་ལྕུགས་མ། སྤྲུགས་ཡིག བརྡ་བཤད། བརྡ་ཡིག སྤུངས་ཡིག རིགས་དྲུག་བརྡ་དོན་གབ་སྦས་སོ། །སྙན་དཔེ་འདི་ནི་གཏེར་སྟོན་བོན་ཞིག་གླིང་པས་ཕྱུག་མོ་དཔལ་རི་ནས་གདན་དྲངས་ནས། ཞང་ཞུང་གི་སྤྲུགས་ཡིག་ཆེན་མོ་ལས། དག་པར་སྒྲ་བསྒྱུར་ཞིང་གཏན་ལ་ཕབ་བོ། །ཞེས་པ་ལྟར་རོ། །
སྐད་རིགས་ལའང་ཁྱུང་ལུང་དངུལ་ཆུ་ཅན་གྱི་ཕྱོགས་བཞི་ནས་སྐད་ཀྱི་ཟུང་བཞི་ སྟེ། ཤར་ན་མགྱོགས་ཚང་སྨར་གྱེར་བྱ་བ་སཾསྐྲྀ་ཏའི་སྐད་དུ་བསྒྱུར་པ་དང༌། ནུབ་དྭང་ར་ཕལ་པོ་གླང་གི་སྐད་དུ་འཁུན་པ་དང༌། ལྷོ་ན་མཐིང་མིང་དང་ཐོག་ཕལ་པོ་ཁྱིའི་སྐད་དུ་ཟུག་པ་དང༌། བྱང་ན་གུ་གེ་བྱ་ཕུག་རོན་རྟའི་སྐད་དུ་འཚེར་བ་དང༌། གུ་གེའི་སྒྲ་ནི་ཡི་གེའི་སྐད་དང༌། དར་མ་ལྷོ་སྐད་དང༌། དིར་མ་བྱང་རྒྱུད་སྐད། དར་མ་དིར་ནི་སྟོད་སྨད་ཕལ་སྤྱིའི་སྐད་དུ་བཤད་དོ། །
ཞང་ཞུང་བར་པ།བར་པ་སྟག་གཟིག་དེ་ལ། སྟག་གཟིག་དང༌། ཏ་ཟིག ཏ་ཇིག་ལ་སོགས་ཡིག་གཟུགས་དང་སྒྲ་གདངས་མི་མཐུན་པ་ཇི་སྙེད་ཅིག་བཏགས་ཡོད་རུང༌། མིང་དེ་དག་གི་གདགས་གཞིའི་ཡུལ་ནི། དེང་སྐབས་པར་ཤི་ཡ་དང༌། ཨཧཕ་གྷན་ལ་སོགས་ཡིན་པ་དང༌། སྔར་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་ཁབ་ཡིན་པར་གྲགས།
འགའ་ཞིག་གིས་སྟག་གཟིག་དང༌། རྟག་གཟིགས་འོལ་མོ་ལུང་རིང་གཉིས་གཅིག་ཏུ་བཟུང་བར་མི་རིགས་ཏེ། ལུང་གིས་གནོད་པའི་ཕྱིར། དེར་ཐལ། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གཉིད་ཀྱི་ལམ་འཁྱེར649ལས། ཞང་ཞུང་གི་ཡུལ་དང༌། སྟག་གཟིག་གི་ཡུལ་དང༌། འོལ་མོ་ལུང་རིང་རྣམས་སུ་ཡང་བལྟ་བར་བྱའོ། །ཞེས་དང༌། རྩ་རྒྱུད་ཉི་ཟེར219ལས། དེ་ནས་སྟོན་པ་སྟག་གཟིག་ཡུལ་དུ་བྱོན། །སྟག་གཟིག་སྐད་ཀྱང་བོན་ལ་བསྒྱུར། །ཞེས་དང༌། དེ་ནས་སྟོན་པ་འོལ་མོའི་གླིང་ལ་གཤེགས། ཁམས་གསུམ་སེམས་ཅན་ཁ་ལོ་བོན་ལ་བསྒྱུར།།ཞེས་པའི་ལུང་གཉིས་ཀྱིས་ཡུལ་དེ་གཉིས་ སོ་སོར་བསྟན་པ་དང༌། སྟག་གཟིག་ཅེས་པའི་ཡུལ་འདི་ཡང་སྔོན་དུས་བོན་བསྟན་རྒྱ་ཆེར་དར་ཡུལ་ཙམ་དུ་མ་ཟད། ཞང་ཞུང་བོད་དང་ལི་བལ་སོགས་ཀྱི་བོན་བསྟན་རྣམས་ཀྱང་དེ་ནས་རིམ་བཞིན་ཁྱབ་ཁོངས་ སུ་བྱུང་ཐུབ་པ་ཞིག་ཡིན།
དེས་ན་གཡུང་དྲུང་བོན་གྱི་བསྟན་པ་ནི། ལོ་ངོ་ཁྲི་ཕྲག་གི་གོང་འོལ་གླིང་ནས་རིམ་བཞིན་སྟག་གཟིག་དང༌། ཞང་ཞུང༌། རྒྱ་དཀར་ནག བལ་བོད་སོགས་སུ་དར་བའི་རིག་གཞུང་ཁུངས་བཙུན་ཟབ་བརླིང་དང་ལྡན་པའི་ལོ་རྒྱུས་ ཀྱི་མྱེས་པོ་ཞིག་ཡིན་བཞིན་དུ་སྔར་མེད་གསར་བཟོ་དང༌། གླུ་སྒྲུང་ལྟ་བུའི་གཞུང་ལུགས་ཆ་ཚང་བ་ཞིག་མེད་པར་སྨྲ་བའི་ཕྱོགས་ལྷུང་གི་ལྟ་ བ་དེ་དག་རྣམ་པ་ཀུན་ཏུ་འདོར་བར་རིགས་སོ། །
དེ་ཡང་རྟག་གཟིགས་ཀྱི་ལོ་ཙཱ་བ་དམུ་ཙ་ཏྲ་ཧེ་ལ་སོགས་ཀྱིས་སད་སྤུང་བདུན་དང༌། གྱེར་སང་གཙུག་ཕུད། དམུ་ཙེ་ཏིང་རིན། དམུ་པན་བརྟན། དམུ་མཁའ་ལྡིང་ནམ་སོགས་ལ་སྒྲ་བསྒྱུར་ནས་བཤད། དེ་དྲུག་གིས་ཞང་ཞུང་གི་བོན་པོ་མུ་ཁོད་དང༌། རྒྱ་གར་གྱི་གཤེན་པོ་ལི་ཤ། ཁ་ཆེའི་གཤེན་པོ་བྲ་བ་མེ་རི་ཅན་སོགས་ལ་བཤད་པ་དང༌། དེ་དག་གིས་རྒྱ་ནག་གི་མཁས་པ་ལེགས་བཏང་རྨང་པོ་ལ་བཤད། ལེགས་བཏང་རྨང་པོས་གཙུག་ལག་དཔལ་གེ་དང༌། བ་གོར་བཻ་རོ་ཙཱ་ན་ལ་བཤད་དེ་རྒྱ་ནག་གི་སྐད་དུ་བསྒྱུར་བར་བཤད་དོ། །
ཞང་ཞུང་ཕུགས་པ།ཕུགས་པ་འོལ་མོ་ལུང་རིང་ནི། བོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་གི་འཁྲུངས་ཡུལ་ཡིན་པ་ཙམ་དུ་མ་ཟད། བོན་གྱི་བསྟན་པ་ཐོག་མར་དར་སའི་ལྟེ་བ་ཡང་དེ་ཉིད་ལས་གཞན་དུ་བརྗོད་དུ་མེད། འོན་ཀྱང་འགའ་ཞིག་གིས་བྱབྱའོལ་གླིང་བྱབྱཞེས་པའི་ཡུལ་དེ་ལ་གཉིས་སུ་མ་ཕྱེ་བར་ ད་ལྟའི་བོད་ཡུལ་དུ་ཡོད་པའི་གངས་ཏི་སེར་གཞིར་བཟུང་ནས། སྟོན་པ་གཤེན་རབ་ནི་ཞང་ཞུང་པའམ་བོད་པ་ཞིག་རེད། དེས་ན་བོན་གྱི་བསྟན་པ་ནི་ཐོག་མར་ཞང་ཞུང་བར་པ་སྟེ་གངས་ཏི་སེའི་ཉེ་འདབས་ཀྱི་ ཡུལ་དེ་ནས་བྱུང་ཞིང་རིམ་བཞིན་ཕྱོགས་གཞན་དུ་དར་བར་བཞེད་མོད། དེ་དག་ལའང་རྒྱུ་མཚན་ཡོད་ངེས་ཡིན་ཡང༌། སྟོན་པ་གཤེན་རབ་སྤུ་བོའི་ཡུལ་དུ་འཁྲུངས་ཚུལ་སོགས་བཤད་པའི་དབང་དུ་བཏང་ན། དེ་དག་ནི་ཁུངས་ལུང་དང་བྲལ་བའི་རང་གཞན་བསྟོད་སྨད་ལ་དགའ་བའི་དགའ་གཏམ་ཞིག་ལས་ དཔྱད་གཞིའི་གནས་སུ་བཟུང་བར་མི་རིགས་སོ། །
ངེས་པར་དུ་ང་ཚོས་འོལ་མོ་ལུང་རིང་ཞེས་པའི་ཡུལ་དེ་ལ་ཡོན་ཏན་གྱི་ཡུལ་དབུས་སུ་གྱུར་པ་ཞིག་དང༌། ས་ཚིགས་ཀྱི་ཡུལ་དབུས་སུ་གྱུར་པའི་འོལ་གླིང་གཉིས་སུ་དབྱེ་ཤེས་དགོས། དེ་ལྟར་མིན་ན། གནའ་རབས་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་ལུང་དང༌། རིག་པར་སྨྲ་བ་རྟོག་གེའི་རིག་པ་དང་འགལ་བའི་སྐྱོན་སོགས་འབྱུང་བའི་ཕྱིར། དང་པོ་ཡོད་དེ། མདོ་འདུས102ལས། ཏི་སེ་གངས་ཀྱི་རྩེ་མོ་རུ། །མ་སངས་ལྷ་ཡི་ཞལ་དྲོ་དྲང༌། །དེ་ནས་སླར་ཡང་འོལ་མོ་གླིང༌། །ཁྲི་སྨིན་རྒྱལ་བཞེད་དག་ཏུ་བྱོན། །ཞེས་དང༌། ཡང་མདོ་འདུས15ལས། རི་བོ་གངས་ཅན་ཏི་སེ་ནི།།ཞེས་པ་ནས། ཤིང་ནི་ས་ལ་རབ་བརྟན་བྱ་བ་ཡོད། །དེའི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང༌། །དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། །ཆུ་བོ་པག་ཤུ་སི་ཏས་རབ་བཅད་དེ། །རི་ནག་དགུ་ཡིས་བཅད་པའོ། །ཞེས་ལུང་ཚིག་དང་པོས་སྟོན་པ་སངས་རྒྱས་མཆོག་ཞང་ཞུང་གི་གངས་ཏི་སེའི་མདུན་ཀླུ་ཡི་སྟོན་པར་ལོ་གཅིག་བཞུགས་པ་ཙམ་ལ་འཁྲུངས་ཡུལ་དེར་ཡིན་ན། མཛད་པ་བཅུ་གཉིས་སོགས་མཛད་དགོས་པ་དང༌། དེ་ལྟར་ན་སྟོན་པ་སངས་རྒྱས་འོལ་གླིང་དུ་ལོ་གཅིག་ལས་མ་བཞུགས་པར་ཐལ་བ་དང༌། དེ་ལྟར་ཡིན་ན། སླར་ཡང་འོལ་གླིང་དུ་ཕེབས་དོན་ཅི་ལ་ཡོད།
ལུང་ཚིག་གཉིས་པས། རི་བོ་གངས་ཅན་ཏི་སེ་ནི། །ཞེས་པ་ནས། བྱ་ཤིང་ནི་ས་ལ་རབ་བརྟན་བྱ་བ་ཡོད། །ཅེས་པའི་བར། ས་ཚིགས་ཀྱི་ཡུལ་དབུས་སུ་གྱུར་པའི་འོལ་གླིང་བསྟན་ལ། དེའི་ནུབ་བྱང་མ་མཐའ་དཔག་ཚད་སྟོང་ཕྲག་བཞི་གནས་ཀྱི་ས་རུ་ཡོན་ཏན་གྱི་ཡུལ་དབུས་སུ་གྱུར་པའི་གཤེན་ཡུལ་འོལ་གླིང་ཡོད་པར་བསྟན་པ་མ་ཟད། ཏི་སེ་དེ་གཉིས་ཀྱི་བར་ཆུ་བོ་པག་ཤུའམ་མཚོ་ཆེན་དང༌། རི་ནག་ཆེན་པོ་དགུ་ལ་སོགས་ཀྱི་བར་བཅད་པ་གསལ་བར་བསྟན་བཞིན་དུ་སླར་ཡང་འཁྲུལ་དོན་མེད་པའི་ཕྱིར།
གཞན་ཡང༌། མདོ་གཟེར་མིག659ལས། བོད་དང་སྟག་གཟིག་གི་སོ་མཚམས་དེ་ལ་ཐུག་པའོ། །དེ་ནས་སྟོན་པ་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་འགོ་རུ་ལྷན་གྱིས་བྱོན་ནོ། །ཞེས་ཆུ་བོ་བཞི་འདུས་ཀྱི་འགོ་བོའམ། གངས་ཏི་སེ་དེ་ལ་གཉིས་སུ་ཡོད་པ་བཀའ་དང་བསྟན་བཅོས་ཕལ་ཆེར་ནས་ཀྱང་གསལ། ལེགས་བཤད་མཛོད10ལས། ཏི་སེ་ལ་ཡོན་ཏན་གྱི་དབུས་རྟག་གཟིགས་ན་ཡོད་པའི་ཏི་སེ་དང༌། ས་ཚིགས་ཀྱི་དབུས་བོད་ཀྱི་ཏི་སེ་དང་གཉིས་སུ་ཡོད་པས། བྱབྱ ཞེས་དང༌། འབེལ་གཏམ་ལུང་སྙིང30ལས། གལ་ཏེ་ཏི་སེའི་སྐོར་དང་པར་ཤ་སོགས་ཡིན་པར་འདོད་པ་ངེས་ན། དེར་སྐྱེ་བའི་སྨོན་ལམ་འདེབས་ཡུལ་ཁོ་ན་བྱེད་དགོས་པ་ཅིའི་ཕྱིར་ཡོད།བྱབྱ ཅེས་གསུངས། རིག་པས་ཀྱང་གནོད་དེ། ད་ལྟ་བོད་སར་གཏོགས་པའི་ཏི་སེའི་སྐོར་ན་བོན་ཅན། དུས་བཞི་ཆ་སྙོམས་ཡོད་པར་ཐལ། གཤེན་ཡུལ་འོལ་མོ་ལུང་རིང་ཡིན་པའི་ཕྱིར། ཁྱབ་སྟེ། གཟི་བརྗིད་བསྟན་པ་ཆགས་ཕེབས་ཀྱི་མདོ489ལས། གཞན་ཡང་དུས་བཞི་རྒྱལ་མོས་ཆ་སྙོམས་ནས། །དབྱར་དགུན་སྟོན་དཔྱིད་ཆ་སྙོམས་མ་གཏོགས་པ། །གཞན་གྱི་ཞིང་ཁམས་དང་ནི་འདྲ་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །
མཐའ་དོན་སྟོན་པ་སངས་རྒྱས་སྤུ་བོའི་ཡུལ་དུ་འཁྲུངས་པར་བཤད་པ་དང༌། ཞང་ཞུང་གི་ཡུལ་འོལ་མོའི་ཡུལ་གྱི་ལུང་པ་རིང་པོ་ཞིག་ཏུ་འཁྲུངས་པར་བཤད་པ་ནི། རྒྱུ་མཚན་འཐད་བདེན་མིན་པར་ཁས་ལེན་གཙང་དག་ཞུ་ཆོག སྤྱིར་གཤེན་ཡུལ་འོལ་མོ་ལུང་རིང་དེ་ཉིད་ཀྱང་འཛམ་གླིང་འདི་དང་འབྲེལ་བ་ཡོད་པ་ཐག་གིས་ཆོད། འོན་ཀྱང༌། དེར་བགྲོད་པར་བྱེད་པ་ལ་རྫུ་འཕྲུལ་དང་སྔོན་གྱི་ལས་སྐལ་དང་ལྡན་པ་རྣམས་ཀྱིས་མ་གཏོགས། འགྲོ་བ་ཕལ་དང་ཕལ་གྱིས་བགྲོད་གནས་ཤིག་མིན་ཏེ། བསྟན་རྩིས་ནོར་འཕྲེང56ལས། ཞང་ཞུང་ཕུགས་པ་ནུབ་ཕྱོགས་རྟག་གཟིགས་འོལ་མོ་གླིང་ཆེན་ཞེས་བྱ་བའམ། རྒྱ་དཀར་བ་རྣམས་ཀྱིས་བྱང་ཕྱོགས་ཤམ་བྷ་ལའམ། སྐྱེ་དགུ་ཀུན་གྱིས་དག་པ་སངས་རྒྱས་ཀྱི་ཞིང་ཁམས་ཞེས་རྫུ་འཕྲུལ་དང་མི་ལྡན་པའི་གང་ཟག་གིས་བགྲོད་པར་མི་ནུས་པའི་ཞིང་ཁམས་ཆེན་པོ་དེར་ནི། སྟོན་པ་རང་རང་གི་ཐུགས་བསྐྱེད་སྨོན་ལམ་འགྲོ་དོན་མཐར་ཕྱིན་པའི་སྐབས་མ་གཏོགས། བསྟན་པ་དར་ནུབ་ཡེ་ནས་མི་སྲིད་པ་ཡིན་ཀྱང༌། རང་རེ་མཐའ་འཁོབས་བོད་ཀྱི་ཡུལ་དུ་དར་ནུབ་མང་དུ་བྱུང༌།ཞེས་གསུངས་པའི་ཕྱིར་རོ།།
《བོན་སྒོ་》འདོན་ཐེངས་གཉིས་པའི་སྟེང་བཀོད་ཟིན།