logo

ཞང་བོད་གཅིག་གྱུར་གྱི་སྐོར་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།:མཁར་ནག་སྐལ་བཟང་རྒྱ་མཚོ། ཡོང་ཁུངས།:ཧི་མ་ལ་ཡའི་བོན། དུས་ཚོད།:2011-03-20 ཀློག་གྲངས།:

 

           འཛམ་གླིང་གི་མི་རིགས་སོ་སོར་རང་གི་མི་རིགས་ཀྱི་གྲོལ་ཁུངས་དང་འཕེལ་འགྱུར་སྐོར་གྱི་ལོ་རྒྱུས་ངག་ཐོག་ནས་བརྒྱུད་པ་དང༌། ཁྱད་པར་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་སྐད་ཀྱི་ང་རོ་གཟུགས་སུ་ཕབས་པའི་ཡི་གེ་བྱུང་བ་ནས་བཟུང་ཡིག་ཐོག་ཏུ་ཁོད་པ་སོགས་ཡོད་ལ། རང་རེ་བོད་ཁ་བ་ཅན་ལ་ཡང་དེ་བཞིན་ངག་ཐོག་དང་ཡིག་ཐོག་ནས་བརྒྱུད་པའི་ལོ་རྒྱུས་མང་པོ་ཞིག་མཆིས་མོད། འོན་ཀྱང་ལོ་རྒྱུས་སྨྲ་བ་ཕལ་ཆར་ཞིག་གིས་རང་རང་གི་དགའ་སྐྱོ་ཆགས་སྡང་གི་དབང་གིས། ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་དོན་ཚན་དང་མི་སྣ་ལ་ལ་ཞིག་ལ་འུར་བརྗོད་ཀྱི་བསྟོད་ར་བྱས་པ་དང༌། ལ་ལ་ཞིག་ལ་མི་འོས་པས་སྨད་པ་བྱས་པའམ། རང་ཕྱོགས་ལ་ཕན་ཕྱིར་དཀར་པོ་ནག་ཏུ་བཅུག་པ་དང༌། བདེན་པ་རྫུན་དུ་བཅུག་པའང་ཤིན་ཏུ་མང༌། ཁྱད་པར་དུ་བོད་འདི་ལ་དུས་རབས་བདུན་པའི་སྐབས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་དམ་པ་ཆོས་ཀྱི་བསྟན་པ་ཡུལ་རྒྱ་གར་ནས་ཚུར་ལ་དར་བར་བརྟེན། སྔར་བོད་རང་ས་ནས་དར་རྒྱས་བྱུང་བའི་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་གཡུང་དྲུང་བོན་གྱི་བསྟན་པའི་བར་ལ་འགལ་བ་ཆེན་པོ་བྱུང་བ་དང༌། ཡང་དུས་རབས་ཉི་ཤུ་བའི་སྨད་ཙམ་དུ་མ་གཏོགས། དེའི་སྔོན་ལ་བོད་མི་རིགས་ཀྱི་སློབ་གསོའི་ཁྱབ་ཁོངས་ཤིན་ཏུ་དོག་པས། རྒྱལ་རིགས་སྐུ་དྲག་མི་དྲག་དང་དགོན་སྡེ་ཁག་ལས་དམངས་ཕལ་བ་ལ་རིག་གནས་སྦྱོང་བའི་གོ་སྐབས་མ་བྱུང་བས། ལོ་རྒྱུས་སྨྲ་བ་ཚང་མ་གྲུབ་མཐས་བློ་བསྒྱུར་བའི་གང་ཟག་ཤ་སྟག་ཡིན་པ་སོགས་ཀྱིས་རྐྱེན་གྱིས༌། མི་རིགས་གཞན་གྱི་ལོ་རྒྱུས་ལ་ལྟོས་ན་བོད་ཀྱི་ལོ་རྒྱུས་ནང་གི་རྙོག་འཛིང་དེ་བས་ཀྱང་མང་བ་རེད། ཁྱད་པར་བོད་ཀྱི་སྔོན་བྱོན་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེས་རང་གི་གྲུབ་མཐའ་ལ་ཕན་པའི་སྐོར་གཙོ་བོར་བཟུང་ནས། དེ་དང་འབྲེལ་བ་མེད་པ་རྣམས་ལ་དོ་སྣང་མ་བྱས་ནས་སྣང་མེད་དུ་གཡུཊ་རྐྱེན། བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ཕལ་ཆེར་བསྟན་པ་བྱུང་འཕེལ་གྱི་བསྟན་འབྱུང་དུ་གྱུར་ཕྱིར། གྲུབ་མཐའི་ཕྱོགས་ཞེན་གྱི་རྒྱ་ལ་མ་ཚུད་ཅིང་བོད་ཀྱི་སྲིད་ལུགས་གཙོ་བོ་བཟུང་བའི་དེབ་ཐེར་ཤིན་ཏུ་དཀོན་པ་ནི་བོད་ལ་མཚོན་ན་ལོ་རྒྱུས་ཀྱི་གྱོང་གུད་ཆེན་པོ་ཞིག་རེད། དགའ་འོས་པ་ཞིག་ལ། དེང་སྐབས་འཛམ་གླིང་ཡོངས་ཀྱི་གནས་བབས་ལེགས་པས་མིའི་རིགས་ཀྱི་དཔལ་འབྱོར་དང་རིག་གནས། ཚན་རྩལ་སོགས་ཆེས་ཆེར་དར་བར་བརྟེན། གནའ་ཤུལ་ཞིབ་དཔྱོད་དང་རྩོམ་རིགས་ཡིག་སྒྱུར། དཔེ་སྐྲུན་དར་སྤེལ་སོགས་ཀྱི་ཐད་ནས་གྲུབ་འབྲས་མི་དམན་པ་ཞིག་བླང་ཡོད་རྐྱེན། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པའང་རྒྱལ་ཁབ་ཕྱི་ནང་ན་ཤིན་ཏུ་མང་བ་ཞིག་བྱུང་བ་དང་གསར་སྐྱེས་དཔྱོད་ལྡན་ཡང་འཚར་ལོངས་འབྱུང་བཞིན་པ་རེད། དེ་བས་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་ཉམས་བཞད་ཀྱི་དུས་བཟང་འདིར། ཁོ་བས་ཀྱང་རང་གིས་ནུས་ཚོད་ཀྱིས་ཞང་བོད་རྒྱལ་ཁབ་གཅིག་གྱུར་གྱི་སྐོར་ལ་རགས་ཙམ་དཔྱད་པ་འདིའང་གྲོགས་ཕན་ཚུན་ལ་བགྲོ་གླེང་གི་ཚུལ་དུ་སྤེལ་བར་སྤྲོའོ། །
           སྤྱིར་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་ཁུང་ཡང་རྒྱལ་ཁབ་གཞན་པ་ལྟར་དུས་ཀྱི་འགྱུར་འགྲོས་ཁྲོད་མཐའ་གཅིག་ཏུ་མ་ངེས་པས། འདི་དང་འདི་ཙམ་ཡིན་ཞེས་ཁ་ཚོན་གཅོད་དཀའ་མོད། འོན་ཀྱང་ཆེས་འཕེལ་རྒྱས་བྱུང་བའི་སྐབས་ཀྱི་གནས་ཚུལ་ཞིག་བཀོད་ན་འདི་ལྟར་ཏེ། རྒྱ་ནག་གི་ཡིག་ཚང་《ཚུག་ཧྥུ་ཡོན་ཀོས་册府元龟》ལས། ཞང་ཞུང་ཆེ་བའི་རྒྱལ་ཁབ། ཤར་ནས་བོད་དང་འབྲེལ་ལ། ནུབ་ཞང་ཞུང་ཆུང་བ་དང་འབྲེལ། བྱང་ལུ་ཡུལ་གྱི་བར། ཤར་ནས་ནུབ་ལ་ལེ་བར་སྟོང་ལྷག་ཡོད། ཧྲག་དམག་ཁྲི་ཕྲག་བརྒྱད་དགུ་ཙམ་མངའ། (1)ཞེས་ཞང་ཞུང་ལ་ཆེ་ཆུང་གཉིས་ཕྱེས་ཡོད་པའི་ཞང་ཞུང་ཆེ་བའི་མངའ་ཁོངས་བསྟན་པ་ལས་ཞང་ཞུང་ཆུང་བ་ད་དུང་བསྟན་མེད། བོད་རང་གི་ལོ་རྒྱུས་ཁག་ཏུའང་ཞང་ཞུང་ལ་ཡུལ་དང་མཁར་དུ་མ་ཡོད་པ་དང་རྒྱལ་པོ་ཡང་མང་པོ་ཞིག་བྱུང་ཡོད་པ་ནི། གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན་གྱིས་དུས་རབས་བཅུ་དགུ་བའི་སྐབས་སུ་བརྩམས་གྲུབ་པའི་《གངས་རིའི་དཀར་ཆག་ཚངས་དབྱིངས་ཡིད་འཕྲོག》ལས། ཞང་ཞུང་སྒོ་ཕུག་བར་གསུམ་ལའང་གསུམ་གསུམ་མོ། དེ་གང་ཞེ་ནའང༌། ཞང་ཞུང་གཡས་སྒོ་དང་གཡོན་སྒོ་དང་དབུས་སྒོ་གསུམ་ཡོད་པ་ལ། དེ་ཡང་གཡས་ཀྱི་ཕུག་ནི་སྟག་རི་ཁྲ་བོ་སྨན་གྱི་རི་དང༌། བར་ལ་མོ་གངས་ར་ཕྱི་ཡི་རི་དང༌། སྒོ་མཁའ་འགྲོ་འདུས་གླིང་ཙ་ཡི་རི་དང་གསུམ་མོ། དེ་ལྟར་དུའང་གཡོན་སྒོ་ཕུག་ཏི་སེ་དང་མ་པང་གཡུ་མཚོ། བར་རྟ་སྒོ་དང་དང་ར་གཡུ་མཚོ། སྒོ་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་དང་གསུམ་མོ། དེ་ལྟར་དུའང་དབུས་སྒོ་ནི། ཕུག་ཁྱུང་ཆེན་སྤུངས་རི་དང་ཁྱུང་ལུང་དངུལ་མཁར། བར་ལྷ་རི་གྱང་དོ་དང་རྒྱལ་མཁར་འཕན་གླིང༌། སྒོ་ཤེ་ལེ་རྒྱ་སྐར་དང་ཁྱུང་པོ་གཏིང་རྫོང་སོགས་གསུམ་མོ། ཞེས་པ་ནས། ཞང་ཞུང་སྒོ་ཕུག་བར་གསུམ་དང༌། ཁྱད་པར་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་གཙོས་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་པོ། སྲིད་པ་གནམ་ནས་བསྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་པོ། ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་དང༌། ཞུང་ཞག་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན་དང༌། ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན་དང་གསུམ་ནི། གངས་རི་ཆེན་པོའི་མདུན་རྒྱང་རི་གཡུ་ལོ་ལྗོན་པའི་རྫོང་མཁར་དུ་ཆགས་སོ། དེ་ལྟར་དུའང་ཁྱུང་ལུང་རྒྱལ་བ་མཉེས་ཡུལ་དུ། སླས་ཀ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང༌། རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང༌། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་དང་གསུམ་མོ། ཞང་ཞུང་པུ་ཧྲང་གི་ཡུལ་དུ། སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན་དང༌། ཉེ་ལོ་ཝེར་པ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། ཞང་ཞུང་ཙི་ནའི་ཡུལ་དུ་སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་དང༌། ཛོ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། ཞང་ཞུང་ཏ་རོག་ཡུལ་དུ་བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང༌། ལི་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། ཞང་ཞུང་རྟ་སྒོའི་ཡུལ་དུ་ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་ཛོ་དམར་འོད་ཀྱི་བྱ་རུ་ཅན་དང༌། ལིག་མུར་ནམ་མཁའི་རྒྱལ་པོ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ། ཞང་ཞུང་ཁ་སྐྱོར་ཡུལ་དུ་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་དང༌། ཞང་ཞུང་ཁ་ཡུག་ཡུལ་དུ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུ་དཔལ་འོད་ཀྱི་བྱ་རུ་ཅན་དང༌། ཞང་ཞུང་ལ་དྭགས་ཡུལ་དུ་ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན་དང༌། ཞང་ཞུང་རུ་ཐོག་ཡུལ་དུ་མུ་མར་ཐོག་རྒོད་རྒྱལ་པོ་ཨེན་ཌ་འོད་ཀྱི་བྱ་རུ་ཅན་(2)སོགས་དང༌། གཞན་སྟག་ཆེན་རྔམ་པའི་རྫོང་མཁར་དང་དུམ་པ་ཚལ་གསེར་གྱི་མཁར། སྟག་སྣ་དབལ་གྱི་རྫོང་མཁར། མུ་རྫོང་ཆེན་པོ་ཁྲོ་ཆུའི་མཁར། རུ་ཐོག་གནམ་རྫོང་མཁར་སོགས་མཁར་མང་པོ་ཞིག་ཡོད་པ་དང༌། ཡང་《འབེལ་གཏམ་ལུང་གི་སྙིང་བོ》ལས། ཞང་ཞུང་གི་རྒྱལ་ས་གྲགས་ཆེ་བ་དབུས་ཕྱོགས་སུ་མཁར་བཞི་དང་ཕྱོགས་ཀྱི་རྫོང་བཞིའོ། མཁར་བཞི་ནི། ཁྱུང་ལུང་དངུལ་མཁར། སྤུ་ཧྲིང་སྟག་ལ་མཁར། སྨེ་ཤང་བྱི་བ་མཁར། མ་པང་སྤོས་མོ་མཁར། གཞན་ཡང་གད་ཀྱི་བྱི་བ་མཁར། ཞེས་དང་ཁ་ཡུག་འདམ་མཁར། གུ་གེ་རྩ་ཧྲེང་མཁར། བྱང་གི་ར་བཞི་མཁར། ཞེས་དང༌། ཕྱོགས་ཀྱི་རྫོང་བཞི་ནི་དྭང་ར་ཁྱུང་རྫོང༌། སེ་རིབ་འབྲུག་མོ་རྫོང༌། རུ་ཐོག་སེང་གེ་རྫོང༌། མང་ཡུལ་སྟག་མོ་རྫོང༌། གཞན་ཡང་སྦིལ་ཏི་ཧྲང་རྫོང་སོཊ་མང་དུ་ཡོད་སྐད་དོ། (3)ཞེས་དང༌། 《བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ》ལས། གོང་གསལ་ཡིག་ཚང་དེ་དག་ལས་ཤེས་ཐུབ་པ་ནི། ཞང་ཞུང་རྒྱལ་པོའི་མངའ་ཁོངས་ལ་གངས་ཏི་སེ་ཡུལ་དབུས་སུ་བཟུང་བའི་མཐའ་འཁོར་ལས་གཞན། ད་དུང་དེང་སྐབས་ཀྱི་མདོ་ཁམས་ཀྱི་ཡུལ་ལྗོངས་ཡངས་པོ་དང༌། ཞིན་ཅིང་གི་ཡུལ་གྲུ་ཁ་ཤས། རྒྱ་གར་དང་བལ་བོའི་ཡུལ་ལྗོངས་ཁ་ཤས། ཁ་ཆེ། དབྱི་ལིང༌། ཨ་ལ་པོ་སོགས་ཀྱང་ཡིན། (4)ཞེས་སོགས་ཀྱིས་ཞང་ཞུང་གི་རྒྱལ་ཁབ་ཆེས་འཕེལ་རྒྱས་བྱུང་ཡོད་པའི་སྐབས་ཀྱི་གནས་ཚུལ་ཅུང་ཙམ་ཤེས་ཐུབ་པ་རེད། དེ་དག་ནི་ཆེས་སྔ་བའི་དུས་སུ་ཡིན་ལ། ཞང་ཞུང་ཞེས་པའི་མིང་ཐོགས་ཚུལ་ལ་ཡང་འབེལ་གཏམ་ལུང་གི་སྙིང་པོ་ལས། ཞང་ཞུང་ཞེས་པའི་མིང་འདི་ཡང༌། ཞང་ཞུང་སྐད་དུ་ཁྱུང་ལ་ཞུང་ཞེས་བརྗོད་ཅིང༌། དེ་བོད་སྐད་དུ་བསྒྱུར་ན་ཁྱུང་ཞེས་འབྱུང་བས་ཁྱུང་གི་ལུང་བའམ་ཁྱུང་པོའི་ལུང་བ་ཞེས་བརྗོད་པ་ཡིན་པར་བཤད། (5)ཞེས་གསུངས་པ་བླ་ཆེན་དྲན་པའི་མཛོད་སྒྲ་འགྲེལ་དང་མཐུན་པས། དེ་ཉིད་ལས། མུ་ལ་ཏིང་ཞུང་དང་ར་རྩ་ཞེས་པ། མུ་ལ་ཏིང་ནི་ནམ་མཁའ་གཡུ་མདོག་ཡིན། ཞུང་ནི་འདབ་ཆགས་ལས་ཀྱང་ཁྱུང་ཡིན། (6)ཞེས་གསུངས་སོ། ཡིན་ནའང་འདི་ནི་ཞུང་ཁོ་ནའི་དོན་ཙམ་ལས་ཞང་གི་གོ་དོན་མི་གསལ་བས་ཞང་ཞུང་གི་ཐ་སྙད་ཧྲིལ་བོའི་གོ་དོན་མིན་པར་སྙམ། ཁོ་བོས་ཉེ་སྔར་ཞང་བོད་ཀྱི་སྒྲ་བསྡེབས་ལས་ཞང་ཞུང་ལ་མཆན་བཏབ་པ་ཞིག་མཐོང་བ་ནི་འདི་ལྟར། ཏིང་ཨུན། (གཡུ་འབྲུག)ཞང་(བྱ་)ཞུང་(ཁྱུང༌།) (7)ཞེས་གསལ་བོར་གསུངས་ཡོད་པས་དེས་ན་ཞང་ཞུང་ཞེས་པའི་གོ་དོན་ཧྲིལ་བོ་ནི་བོད་ཀྱི་སྐད་དུ་བྱ་ཁྱུང་ཡིན་པ་སྙོམ་མེད་རེད། 
           དེ་རྗེས་བོད་དང་འབྲེལ་འདྲིས་ཡོད་པའི་ཞང་ཞུང་རྒྱལ་བོའི་མཚན་ལ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་བའི་ཤོག་དྲིལ་དུ། ཞང་ཞུང་ངར་པའི་རྗོ་པོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང༌། སྟོང་ལོམ་མ་ཙེ་གཉིས། (8)ཞེས་དང༌། བཙན་མོ་སད་མར་ཀར། ལྀག་མྱི་རྷྱ་ལ་ཆབ་སྲིད་ལ་གཤེགས་སོ། (9)ཞེས་སོགས་སུ་ལིག་སྙ་ཤུར་དང་ལྀག་མྱི་རྷྱ་ཞེས་འབྲི་ཚུལ་གཉིས་ཡོད་པས། དེ་ལ་སྨན་རི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་ནས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཟེར་བ་འདིའི་མིང་ཞང་རྒྱལ་དུ་མའི་མིང་གི་ཟུར་དུ་ཡོད་པ་སྟེ། དཔེར་ན་བོད་ཀྱི་རྒྱལ་པོའི་མིང་གི་ཟུར་དུ་བཙན་པོ་ཡོད་པ་བཞིན་ནོ། དེ་ཡང་ལིག་མི་སྲིད་པ་དང་རྐྱ་ནི་རྗེ་ལ་འཇུག་པས་སྲིད་པའི་རྗེ་ཞེས་ཞང་ཞུང་གི་རྒྱལ་པོ་མང་པོའི་མཚན་གྱི་ཟུར་དུ་ཡོད་པ་འདྲ། (10)ཞེས་དང༌། གཞན་ཡང་དེ་དང་མཐུན་པར་མཁས་དབང་ནམ་མཁའ་ནོར་བུ་ནས་ཀྱང་དེ་ཞང་སྐད་ཡིན་པ་དང་བོད་དུ་བསྒྱུར་ན་སྲིད་པའི་དྲང་རྗེ་ཞེས་པའི་དོན་ཡིན་ལ། དེ་དུས་ཀྱི་ཞང་རྒྱལ་རྣམས་ཀྱི་སྤྱི་མིང་ཡིན་པར་གསུང་བ་ནི་མཁས་པའི་འབེལ་གཏམ་དུ་སྣང་སྟེ། དེ་ལྟར་མ་ཡིན་ཚེ་ལིག་མྱི་རྷྱ་ཞེས་བྱུང་ཚད་གང་ཟག་གཅིག་ཡིན་པ་ལྟར་བརྗོད་ན་མི་མཐུན་པའི་འགལ་བ་མང་པོ་ཞིག་འབྱུང་གི་ཡོད་པས་སོ། །
           འདིར་དེ་ཙམ་གྱིས་ཞང་ཞུང་གི་མངའ་ཁོངས་དང་རྒྱལ་པོའི་མཚན་སོགས་ལ་ཅུང་ཙམ་ངེས་པར་བྱས་ཏེ་སྐབས་སུ་གླེང་བར་བྱ་བ་ནི། ཞང་ཞུང་གི་རྒྱལ་ཁབ་འདི་དུས་ནམ་ཙམ་ན་བོད་ཀྱི་མངའ་ཁོངས་སུ་བསྡུས་སམ་ཞེ་ན། མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་ཡང༌། ཐོག་མ་བསྡུ་མཁན་སྲོང་བཙན་སྒམ་པོ་མིན་པ་ནི་ཐག་གིས་ཆོད་ལ། ཏུན་ཧོང་ཡིག་རྙིང་ལས། བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག གཉེན་ཞང་ཞུང༌། མཛོ་སུམ་པ། ཉག་ཉྀ་དགས་པོ། རྐོང་པོ། མྱང་པོ་ཀུན་ཀྱང་ལོག། ཡབ་གནམ་རྀ་སློན་མཚན་དུག་བོན་ཏེ་བཀྲོངས་སོ། །(11)ཞེས་སྲོང་བཙན་ཆུང་དུས་ཞང་ཞུང་རྣམས་ངོ་ལོག་པ་གསལ་བས། དེའི་སྔོན་ལ་ཞང་ཞུང་སོགས་རྒྱལ་ཕྲན་དེ་དག་ཐེངས་གཅིག་ཚུང་བསྡུས་མྱོང་བ་ཤུགས་ཀྱིས་བསྟན་ཡོད། ད་དུང་མྱང་མང་པོ་རྗེ་ཞང་སྣང་གིས་སུམ་པ་ལ་དམག་འདྲེན་མ་དགོས་པར། མི་རྟ་གཉིས་མ་ཚེགས་པར་གཏམ་བཤད་པ་ཁོ་ནས་སླར་འབངས་སུ་བཀུག་པར་གཞིགས་ན། (12)དེའི་སྔོན་རྒྱལ་ཕྲན་དེ་དག་བོད་ཀྱི་མངའ་ཁོངས་སུ་བསྡུས་མེད་ཚེ། མྱང་མང་པོ་རྗེ་ཞང་སྣང་ལ་དཔའ་མཛངས་ཇི་ལྟར་ཆེ་ནའང་ཁའི་ཚིག་ཙམ་གྱིས་སུམ་པ་ཚུར་འབངས་སུ་འགུགས་ཐུབ་པར་མི་སེམས་སོ། །
           ཁ་ཅིག་གིས་གནམ་རི་སྲོང་བཙན་གྱི་སྐབས་ནས་བཟུང་ད་གཟོད་བོད་ཀྱི་མངའ་རིས་ཕྱོགས་བཞིར་རྒྱ་བསྐྱེད་པར་འདོད་མོད། འོན་ཀྱང་གནམ་རི་སྲོང་བཙན་གྱིས་ཟིང་པོ་རྗེ་བཏུལ་ནས། ཁྱུང་པོ་སྤུང་སད་ཟུ་ཙེ་ཡིས་རྩང་བོད་ཁྱིམ་ཉི་ཁྲི་ཕུལ་རྗེས། སྔར་བོད་ཀྱི་མངའ་ཁོངས་ཡིན་པའི་དགས་པོ་ངོ་ལོག་ཚུལ་དང༌། (13)གནམ་རི་སྲོང་བཙན་གྱིས་ཟིང་པོ་རྗེ་བདེ་ལེགས་ངང་འདུལ་ཐུབ་པའང་དང་ཐོག་ཡབ་སྟག་རི་གཉན་གཟིགས་ཀྱིས་གྲབས་གཤོམ་བྱས་པའི་དྲིན་ཡིན་པ་སོགས་ལ་གཞིགས་ན། (14)སྟག་རི་གཉན་གཟིགས་ཀྱི་རིང་ནས་བཟུང་མངའ་རིས་ཕྱོགས་བཞིར་བསྐྱེད་མགོ་བརྩམས་པར་འདོད་དེ། སྤ་བསྟན་རྒྱལ་བཟང་པོས་དར་རྒྱས་གསལ་སྒྲོན་ལས། མཚན་སྟག་རི་སྙན་གཟིགས་སུ་བཏགས། ཆབ་སྲིད་དབུ་བསྙུང་སྟེ་རྒྱལ་ཕྲན་བཅུ་གཉིས་མངའ་རིས་སུ་བསྡུས། (15)ཞེས་གསུང་ཡོད་པ་དང༌། དེ་བཞིན་དཔའ་བོ་གཙུག་ལག་འཕྲེང་བས། མཚན་ཡང་སྟག་རི་གཉན་གཟིགས་བཙན་དུ་ཐོགས། རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཞིག་བོས་པས་སྤྱན་ཕྱེ། ཞེས་པ་ནས། རྒྱལ་ཕྲན་རྣམས་ཀྱི་སུམ་གཉིས་མངའ་འོག་ཏུ་འདུས། བན་པོ་རྗེ། འ་ཞ་རྗེ། དྲང་གར་རྗེ། ཟིན་པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ། ཉང་སྦས་གནོན་གསུམ་འབུངས་སུ་ཆུད་སྐད། (16)ཞེས་གསུངས་སོ། རྒྱལ་ཕྲན་བཅུ་གཉིས་ནི། ཏུན་ཧོང་ཡིག་རྙིང་ལས། རྒྱལ་པྲན་ཡུལ་ཡུལ་ན། མཁར་བུ་རེ་རེ་ན་གནསྟེ། རྒྱལ་པྲན་བགྱིད་པ་དང༌། རྒྱལ་པྲན་གྱི་བློན་པོ་བགྱིད་པའི་རབ་ལ། ཞང་ཞུང་ངར་བའི་རྗོ་པོ་ལིག་སྙ་ཤུར། (17)ཞེས་པ་ནས། གཆིག་ཤེས་གཆིག་བརླག་སྟེ། འབངས་སུ་བཀུག་ན། མཐའ་མ་འོ་ལྡེ་སྤུ་རྒྱལ་གྱྀ་དབུ་རྨོག་མ་ཐོབ་སྟེ། ནར་ནྀ་ལྷ་ནར་གྱིས་མནརད། ཐུན་ནྀ་རྗེ་ཐུན་གྱིས་བཐུན་ཏེ། བཀུག་གོ། ཞེས་ཞང་ཞུང་ཡང་ཐོག་མར་དེ་དུས་དབང་དུ་བསྡུས་པར་མངོན་ནོ། ལུང་ནི་དེ་ལྟ་བུ་བན་བོན་གཉིས་ཀའི་གཞུང་ཁ་ཤས་ན་ཡོད་ལ། རིག་པས་དཔྱད་ནའང་བདེན་པར་འདོད་དེ། སྟག་རི་གཉན་གཟིགས་ཀྱིས་ཁྱིམ་མཚེས་ཀྱི་རྒྱལ་ཕྲན་གཞན་དག་གི་རྗེ་བོ་དང་ཡབ་མེས་རྣམས་ལས་ལྷག་པའི་མཛད་རྗེས་ཞིག་བཞག་ནས་འཇོན་ཐང་ཕྱིར་མངོན་མེད་ཚེ། མྱང་ཙེང་སྐུ་ལ་ཟིང་པོ་རྗེ་ཁྲི་པང་སུམ་གྱི་བློན་པོ་མཉན་འཛི་ཟུང་ནག་པོའི་ཆུང་མས་སྡིགས་མོ་བྱས་ཤིང་སྟུ་བསྟན་ནས་བརྙས་བཅོས་བྱས་དུས། རྗེ་བོ་གཞན་པར་མི་སྨོན་པར་དབའས་ཕངས་ཏོ་རེ་དབྱི་ཚབ་ཀྱི་གོ་སར། ཆབ་ཆབ་ནྀ་ཕ་རོལ་ན། ཡར་ཆབ་ནྀ་ཕ་རོལ་ན། མྱྀའི་ནི་མྱྀ་བུ་སྟེ། ལྷ་འི་ནི་སྲས་པོ་བཞུགས། རྗེ་བདེན་ནི་བཀོལ་དུ་དགའ། སྒ་བདེན་གྱིས་ནྀ་བསྟད་ན་དགའ། (18)ཞེས་སྟག་རི་གཉན་གཟིཊ་ལ་སྙིང་ཐག་པ་ནས་བློ་བ་ཉེ་བའི་ཚིག་འདི་ལྟ་བུ་ཁ་ནས་ཐོལ་བྱུང་དུ་སྨྲ་མི་སྲིད་ལ། ལྷག་པར་དུ་སྟག་རི་གཉན་གཟིགས་ཀྱིས་རྒྱལ་ཕྲན་གཅིག་གཉིས་ལ་དམག་དྲངས་ནས་མངའ་ཁོངས་ཀྱི་རྒྱ་བསྐྱེད་པའི་ཆབ་སྲིད་ཀྱི་དམིགས་འབེན་དང་དམག་ཤུགས་དང་སྟོབས་འབྱོར་སོགས་ཕྱིར་མངོན་མེད་ཚེ། མྱང་ཙེང་སྐུ་དང་དབའས་དབྱི་ཚབ་གཉིས་ཀྱིས་རང་སྲོག་ཕར་བསྔོས་ཀྱིས་རང་གི་རྗེ་བོ་རྒྱབ་ཏུ་བོར་ནས། མནོན་ཏོ་རེ་སྲོན་དང་ཚེས་པོང་ནག་སེང་སོགས་གཞན་ལའང་མནའ་ཐོ་བཅད་ནས་གྲོགས་སུ་བཀུག་ཏེ། པུར་རྒྱལ་ལ་འབྲེལ་འཛུག་འདོད་པའི་སྤོབས་པ་ཡོད་མི་སྲིད། གལ་ཏེ་དེ་གཉིས་ལ་རང་གི་རྗེ་བོ་རྒྱབ་ཏུ་འདོར་འདོད་ཀྱི་བསམ་པ་སྐྱེས་པ་ནི། ཁོང་གཉིས་དེ་དུས་འཇོན་ཐང་མེད་པའི་བྲན་གཡོག་ཡིན་པས། རྒྱལ་པོ་གཞན་དང་བསྡོངས་ནས་བྱས་རྗེས་བཞག་ཏེ་དཔོན་ས་ཞིག་ཨེ་ལོན་གྱི་དམིགས་ཡུལ་ཡོད་པ་རེད་ཟེར་ན། འོ་ན་ཟིང་པོ་རྗེའི་ནང་འཁོར་ན་ཡོད་པའི་མནོན་པང་སུམ་འདྲོན་པོའང་གྲོགས་སུ་བཀུག་ནས་མནའ་ཐོ་བཅད་པས། དེ་ལྟ་བུའི་ཟིང་པོ་རྗེའི་ནང་འཁོར་ཡིན་པའི་བློན་པོ་འཇོན་ཐང་ཅན་ཞིག་གིས། སྟག་རི་གཉན་གཟིགས་ཀྱི་གཞན་ལས་ལྷག་པའི་ཡོན་ཏན་ཞིག་མཐོང་མེད་ན། དོན་མེད་དུ་རང་གི་རྗེ་བོར་ཡ་བར་དོར་ནས་པུར་རྒྱལ་ལ་བློ་བ་ཉེ་དོན་མེད་པས་ཕྱིར། ཁོ་ཚོས་སྟག་རི་གཉན་གཟིགས་དང་མནའ་གཅོད་ཕྱིར་རང་སྲོག་གི་ཉེན་ཁར་མ་བསམ་པར་ཉིན་ཀར་ཕག་ཚལ་གྱི་ཤིང་ཁུང་དུ་བསྐོངས་ཤིང༌། མཚན་མོ་མཁར་ཕྱིང་པ་སྟག་རྩེར་སོང་བ་སོགས་དང༌། ད་དུང་ཚེས་པོང་ནག་སེང་གི་བྲན་སྤུག་གྱིམ་ཏང་རྨང་བུས་གསང་བར་བརྡོལ་བར་དོགས་ནས་ཁྱོ་མོ་ལ། ང་ལ་མཚར་གྱི་ཡྀ་དགས་ཤིག་བབས་ཀྱིས། ཞེས་རང་གི་ཆུང་མ་དང་ལྷན་དུ་མི་ཉལ་བར་རི་ལ་ཉལ་བ་དང༌། ཁྱོ་མོས། ཁྱོད་ལྟོ་བོ་ཆེ་ལ། ཡྀ་དགས་མ་བབ་ཀི། ལྟོ་སྦྱོར་དུ་ངེས་སོ། ཞེས་པའི་དོགས་པ་སེལ་ཆེད་ལྷན་དུ་ཞག་འགར་ཉལ་ནས། མཐར་རང་གི་ཆུང་མའི་ལྕེ་ལ་སོ་བཏབ་སྟེ་བཅད་པས་ཁྱོ་མོ་ཤི་བ་སོགས་ལ་གཞིགས་ན། (19)སྟག་རི་གཉན་གཟིགས་ནི་དེ་དུས་ཀྱི་རྒྱལ་ཕྲན་དག་ལས་ཆེས་འཇོན་ཐང་དང་སྟོབས་ཤུགས་ལྡན་པའི་རྒྱལ་པོ་ཞིག་ཡིན་པ་ནི་རྟོགས་སླའོ། དེའི་ཕྱིར་ཁོ་བོས་ཀྱང་དར་རྒྱས་གསལ་སྒྲོན་དང་དཔའ་བོ་གཙུག་ལག་འཕྲེང་བས་བཞེད་པ་ལྟར། ཞང་ཞུང་ཐོག་མར་འབངས་སུ་བསྡུ་མཁན་གྱི་བོད་རྒྱལ་ཡང་སྟག་རི་གཉན་གཟིགས་སུ་འདོད་དོ། །
           དེ་ནས་སྲོང་བཙན་སྒམ་པའི་རིང་ལ་ཞང་ཞུང་ཐམས་ཅད་སླར་ཡང་འབངས་སུ་བཀུག་པ་ཡིན་ཏེ། ཏུན་ཧོང་ཡིག་རྙིང་དུ། བཙན་པོ་ཁྲྀ་སྲོང་རྩན་གྱྀ་རུང་ལའ། ལྀག་སྙར་ཤུར་བརླག་སྟེ། ཞང་ཞུང་ཐཾས་ཅད་འབངས་སུ་བཀུག་སྟེ་མངའོ། དེ་ནས་ལོ་དྲུག་ནའ། ཁྲྀ་སྲོང་རྩན་དགུང་དུ་གཤེགསོ། བཙན་མོ་མུན་ཅང་ཀོང་ཅོ་དང་དགུང་ལོ་གསུམ་བཤོས་སོ། ཁྱིའི་ལོ་ལ་བབ་སྟེ(སྤྱི་ལོ་༦༥༠) (20)ཞེས་གསལ་བ་ལ་དཔྱད་ན་ཞང་ཞུང་འབངས་སུ་བཀུག་དུས་ཤིང་འབྲུག་ཏེ་སྤྱི་ལོ་༦༤༤ཡིན་དགོས་ལ། འོན་ཀྱང་ཐང་ཡིག་ནང་དུ་བོད་ཀྱིས་ཐང་གི་སྲས་མོ་བསླངས་ཡང་གོང་མས་མ་གནང་རྐྱེན། ཞང་ཞུང་གི་དཔུང་དང་བཅས་འ་ཞ་ལ་དམག་དྲངས། (21)ཞེས་འཁོད་ཡོད་ལ། དེའི་ལོ་ཚིགས་ནི་ཀྲིན་ཀོན་ཁྲི་ལོ་བཅུ་གཉིས་(སྤྱི་ལོ་༦༣༨)ཡིན་པར་བཞེད་ཡོད་པས། (22)དེའི་ཡར་སྔོན་ལ་ཞང་ཞུང་དབང་དུ་བསྡུས་ཡོད་ཚུལ་བྲིས་འདུག དེ་ལ་ཁོ་བོས་གཞིགས་ན་སྤྱི་ལོ་༦༣༨ཀྱི་སྔོན་ནས་བཟུང་བོད་ཀྱིས་ཞང་ཞུང་ལ་དམག་དྲངས་ནས་ཆ་ཤས་འབངས་སུ་བསྡུས་ཡོད་ཀྱང༌། ཏུན་ཧོང་ཡིག་རྙིང་ལྟར་ཐམས་ཅད་འབངས་སུ་བཀུག་པ་ནི་སྤྱི་ལོ་༦༤༤ཡིན་པར་སེམས་ཏེ། རྒྱུ་མཚན་ཡང་སྐབས་དེའི་ཞང་ཞུང་ནི་མངའ་ཐང་ཆེ་བའི་རྒྱལ་ཁབ་གཅིག་ཡིན་པས། ཏུན་ཧོང་ཡིག་རྙིང་ནང་དུ། རྒྱལ་འདྀ་འི་རིང་ལ། ཞང་ཞུང་ལྡེ་བུ། གཉེན་གྱྀ་ཡང་ངོ་། །འཐབ་ཀྱྀ་ཡང་སྐལ་ཏེ་ཞང་ཞུང་བདག་དུའ། བཙན་མོ་སད་མར་ཀར། །ལྀག་མྱི་རྷྱ་ལ་ཆབ་སྲིད་ལ་གཤེགས་སོ། །(23)ཞེས་གསལ་བས། སྐབས་དེར་བོད་ཀྱིས་རྒོལ་ཐེངས་གཅིག་གིས་ཞང་ཞུང་གི་སྲིད་རྩ་བ་ནས་བརླགས་ཐུབ་པའི་དེ་འདྲའི་ལས་སླ་མོ་ཞིག་ཡོད་མི་སྲིད་ལ། དང་ཐོག་ཞང་ཞུང་གི་མངའ་ཐང་ལ་སྐྲག་ནས་ཕན་ཚུན་གཉེན་གྱི་འབྲེལ་ལམ་བཟུང་བ་ལས་གང་བྱུང་དུ་རྒོལ་མི་ཕོད་པ་དང༌། དེས་ནས་བཙན་མོ་སད་མར་ཀར་ཀྱིས་སྐུལ་མ་ལ་བརྟེན་ནས་ལོ་དུ་མའི་ནང་ནས་རིམ་གྱིས་དམག་ཐེངས་འགའ་ལ་དྲངས་མཐར་གཞི་ནས་དབང་དུ་བསྡུས་ཞེས་ན་ད་གཟོད་དངོས་དོན་དང་མཚུངས་སྙམ། 
           དེ་ནས་ལོ་ཉེར་བརྒྱད་འདས་རྗེས་ཀྱི་ཁྲི་འདུས་སྲོང་གི་རིང་ལ་ཡང་ཞང་ཞུང་ཡང་ཐེངས་གཅིག་ལ་ངོ་ལོག་ཚུལ་ཡོད་པ་འདི་ལྟར། ཏུན་ཧོང་ཡིག་རྙིང་ལས། གླང་གི་ལོ་ལ་(སྤྱི་ལོ༦༧༧)བཙན་པོ་ཡབ་ཀྱི་སྤུར་བ་ལམ་ན་མད་ཅིང་བཞུགསྟེ། རྱེ་ཤྀན་ཁུ་བུལ་བུ་དྔ་ལྕོག་ལ་རྀང་ཙུག་སྐོར་དྔ་གཉྀས། གློ་བ་རྀང་སྟེ། ཞང་ཞུང་ལོག་ཅྀང་བཙན་པོ་ཁྲྀ་འདུས་སྲོང་ཉེན་ཀར་ན་བཞུགས་པར་ལོ་ཆིག(24)ཞེས་གསལ། 
           དེ་ནས་ལོ་ཞེ་གཉིས་འདས་རྗེས་ཀྱི་ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ་ཏུན་ཧོང་ཡིག་རྙིང་ལས། ལུགྀ་ལོ་ལ་(སྤྱི་ལོ༧༡༩)བཙན་པོ་དབྱརད་བལ་པོ་ན་བཞུགས། bbདགུན་འདུན་ཚང་པང་སྣར་ཞང་བཙན་ཏོ་རེ་དྔ། བློན་ཁྲྀ་སུམ་རྗེས་བསྡུསྟེ། ཞང་ཞུང་མརད་དྔ་ཕ་ལོས་བཀུག (25) ཅེས་དང་དེ་ནས་ལོ་ལྔ་འདས་རྗེས་ཀྱི་བྱྀ་བའྀ་ལོ་ལ(༧༢༤)bbཞང་ཞུང་གྱྀ་མཀོས་བགྱྀས། (26)ཞེས་པར་གཞིག་ན་ཁྲི་སྲོང་མ་འཁྲུངས་གོང་ལ་ཞང་ཞུང་སླར་ཡང་བོད་ཀྱི་འབངས་སུ་བཀུག་པར་མངོན། (འདིར་ཁྲི་སྲོང་གི་འཁྲུངས་ལོ་དེ་ཏུན་ཧོང་ཡིག་རྙིང་ལྟར་སྤྱི་ལོ་༧༤༢ལ་འདོད་པ་ཡིན།) འོན་ཀྱང་འདིའང་བསྡུ་ཐེངས་མཐའ་མར་ཡིན་པ་མ་ངེས་ཏེ། ཞང་ཞུང་སྙན་རྒྱུད་དུ་ཁྲི་སྲོང་གི་སྐབས་སུ་ཞང་ཞུང་ཡང་ཐེངས་གཅིག་ལ་དབང་དུ་བསྡུས་ཚུལ་གྱི་བྱུང་རིམ་དང་མི་སྣ་གསལ་བོ་ཡོད་པ་དང༌། ཏུན་ཧོང་ཡིག་རྙིང་དུ་ཁྲི་ལྡེ་གཙུག་བཙན་གྱི་སྐུ་ཚེ་སྨད་དེ་སྤྱི་ལོ་༧༤༨ནས་༧༥༤བར་གྱི་དོན་ཆེན་གནད་བསྡུས་སྐོར་མེད་པ་དང༌། དུས་དེ་ཙམ་ནས་བོད་ཀྱི་བློན་ཆེན་འགའ་ཞིག་ངོ་ལོག་ནས་བཙན་པོ་ཁྲི་ལྡེ་གཙུག་བཙན་བཀྲོངས་པ་དང་ཁྲི་སྲོང་ལྡེ་བཙན་ཡང་བཀྲོང་བར་འདོད་པ་སོགས་གསལ་བ་ནི། ཞོལ་རྡོ་རིང་གི་ལྷོ་ངོས་སུ། འབལ་ལྡོང་ཙབ་དང༌། ལང་མྱེས་ཟིགས༌། བློན་པོ་ཆེན་ཕོ་བྱེད་བྱེད་པ་ལས། གློ་བ་རིངས་ནས། །བཙན་ཕོ་ཡབ་ཁྲྀ་ལྡེ་གཙུག་རྩན་གྱི་སྐུ་ལ་དརད་ཏེ་དགོང་དུ་གཤེགས་སོ། །བཙན་པོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྐུ་ལ་དརད་དུ་ཉེ། བོད་མགོ་ནག་པོའི་སྲིད་ཎྀ་འཁྲུག་དུ་བྱེད་པ་ལས། གླུ་ཁོང་གིས། འབལ་དང༌། ལང་གློ་བ་རིངས་བའྀ་གཏན་གཙིགས། བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྙན་དུ་གསོལད་ནས་འབལ་དང༌། ལང་གློ་བ་རིངས། བདེན་པར་གྱུརད་ཏེ། ཁོང་ཏ་ཎྀ་བཀྱོན་ཕབ་སྟེ། ཀླུ་ཁོང་གློ་བ་ཉེའོ། (27)ཞེས་བོད་མགོ་ནག་པོའི་སྲིད་ཎྀ་འཁྲུག་དུ་བྱེད་པ་ལས། སོགས་དང༌། ཁྲི་སྲོང་ལྡེ་བཙན་སྐུ་ཆུང་དུས་མྱ་དཀར་པོ་ངོ་ལོག་ཚུལ་དང་ལུ་ཡུལ་དབང་དུ་བསྡུས་ཚུལ་ནི། ཏུན་ཧོང་ཡིག་རྙིང་དུ། རྒྱལ་པོ་འདི་འྀ་རིང་ལ། འབྲོ་ཁྲི་གཟུའ་རམ་ཤགས་ཀྱིས་སྟོད་ཕྱོགས་སུ་དྲངསྟེ། ལྀ་འབངས་སུ་བཀུག་ནས་དཔྱའ་ཕབ་པོ། འུང་གི་འོག་དུ་མྱ་དཀར་པོ་འབངས་སུ་མངའ་བ་ལས་གློ་བ་རྀངས་པའྀ་ཚེ།(28) ཞེས་གསལ་བ་སོགས་ཀྱིས་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་ཆུང་དུས་སུའང་མངའ་ཁོངས་བདེ་འཇགས་མིན་པ་ཤེས་པ་དང༌། ཡང་གོང་ལྟར་ཞང་ཞུང་ཡང་ཐེངས་མང་པོ་ངོ་ལོག་ཚུལ་གསལ་བ་སོགས་ལ་གཞུགས་ན། །དེ་ཙམ་ནས་ཞང་ཞུང་གིས་ཀྱང་བོད་ཁམས་བདེ་འཇགས་མིན་པའི་གླགས་དང་བསྟུན་ནས་ངོ་མ་ལོག་པའི་ངེས་པ་མེད་དོ། ཡང་ཞང་ཞུང་སྙན་རྒྱུད་དུ་བོད་ཀྱི་རྒྱལ་པོའི་འཕྲིན་བློན་ཞེ་ངན་ལ་ཁོང་གདུག་པ། སྣང་ནམ་ལེགས་གྲུབ་ཅེས་པ་ཞིག་གི་མིང་གསལ་བ་ཡང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་སྐབས་སྣ་ནམ་ཚང་ལ་ཞང་བློན་གྱི་གྲས་ན་དབང་ཤུགས་ཡོད་པ་སོགས་དང་ཅུང་མཐུན་པར་སྣང༌། ཁྲི་ལྡེ་སྲོང་བཙན་རིང་ཆོས་མི་འཇིག་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་ཀྱི་ཡི་གེའི་རྒྱལ་བློན་བྲོ་སྩལ་བའི་སྐབས་སུ། (29)ཞང་སྣ་ནམ་ཁྲི་སྒྲ་རྒྱལ། ཞང་སྣ་ནམ་རྒྱལ་ལེགས་དགེ་ཚུག ཞང་སྣ་ནམ་ལྷ་བཞེར་སྤེ་བཙན། ཞང་སྣ་ནམ་གཉན་ཡོད། ཞང་སྣ་ནམ་བཙན་སྒྲ་ཁྲི་སླེབས། ཞེས་སྣ་ནམ་ཚང་གི་མི་ལྔ་ཙམ་ཞང་བློན་ཡིན་པ་སོགས་ལ་གཞིགས་ན། ཁྲི་སྲོང་ལྡེ་བཙན་གྱི་རིང་ནས་བཟུང་སྣ་ནམ་ཚང་ལ་གཉེན་འབྲེལ་ཡོད་པར་བརྟེན་ནས། སྣ་ནམ་ལེགས་གྲུབ་ཡང་དེའི་སྐབས་སུ་ཁོ་ཚང་གི་བྱས་རྗེས་ཅན་གྱི་མི་ཞིག་ཏུ་གྱུར་པ་ཤེས་ཐུབ། ལྷག་པར་དུ་ཏུན་ཧོང་ཡིག་རྙིང་ནང་དུའང་ཞང་ཞུང་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མངའ་འོག་ཏུ་བསྡུས་པའི་བཤད་ཚུལ་ཞིག་ཀྱང་ཡོད་པར་མངོན་ཏེ། མཁར་རྨེའུ་བསམ་གཏན་གྱིས། ཏུན་ཧོང་ཡིག་རྙིང་དང་བོན་གྱི་ཤོད་སྲོད་ལྟར་ན། ཞང་ཞུང་ནི་དུས་རབས་བརྒྱད་པའི་སྐབས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་(༧༤༢འཁྲུངས)གྱིས་བོད་བཙན་པོའི་མངའ་འོག་ཏུ་བསྡུས་པར་གྲགས། (30)ཞེས་གསལ་བ་དང༌། གཞན་ཡང་ཞང་ཞུང་ཞེས་ནའང་སྔར་གྱི་འཕེལ་རྒྱས་ཀྱི་རྩེར་སོན་པའི་སྐབས་ཀྱི་ཞང་ཞུང་གི་མངའ་ཁོངས་ཧྲིལ་བོར་གོ་མི་དགོས་ཏེ། ཞང་ཞུང་གི་དཔོན་སྐོར་རེ་གཉིས་ངོ་ལོག་པ་ལའམ་ཚུར་བསྡུས་པ་ལའང་ཞང་ཞུང་ལོག་དང་བཀུག་ཅེས་བཤད་དུ་རུང་བས། ཏུན་ཧོང་ཡིག་རྙིང་དུའང༌། རྱེ་ཤྀན་ཁུ་བུལ་བུ་དྔ་ལྕོག་ལ་རྀང་ཙུག་སྐོར་དྔ་གཉྀས། གློ་བ་རྀང་སྟེ། ཞང་ཞུང་ལོག་ཅྀང་(31)ཞེས་ཞང་ཞུང་གི་སྡེ་སྐོར་གཉིས་ངོ་ལོག་པ་གསལ་བས་སོ། དེ་ན་ཁོ་བས་ཀྱང་ཞང་ཞུང་སྙན་བརྒྱུད་ལྟར་ཞང་ཞུང་བོད་ཀྱི་མངའ་ཁོངས་སུ་བཀུག་ཐེངས་ཆེས་མཐའ་མ་ནི་ཁྲི་སྲུང་ལྡེ་བཙན་གྱི་རིང་དུ་འདོད་དེ། སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་ཀྱང༌། རྒྱལ་པོ་(ཁྲི་སྲོང་ལྡེ་བཙན་)འདིས་དྭང་ར་ཁྱུང་རྫོང་དུ་བཞུགས་པའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་དགྲོང༌། དེ་ནས་བཟུང་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་ཚུད་ནས་སླར་འཁྲུགས་མ་ནུས་སོ། (32)ཞེས་གསུངས་སོ། ། 
           འོན་ཀྱང་ཏུན་ཧོང་ཡིག་རྙིང་དུ་བཙན་མོ་སད་མར་ཀར་དང་འབྲེལ་ནས་ཞང་རྒྱལ་བཏུལ་ཚུལ་ཞིག་ཡོད་པ་དེར་ཁ་ཅིག་གིས། ཞང་ཞུང་སྙན་བརྒྱུད་བོན་མི་ནུབ་པའི་གཏན་ཚིགས་སུ་སྣང་བའི་ཞང་རྒྱལ་བཏུལ་བའི་སྐོར་དང་གཅིག་ཡིན་པར་སྒྲུབ་ནས་ཉོག་རྫོབ་མང་པོ་བསླངས་ཡོད་པ་དེར་མི་འཐད་དེ། །དེ་ཡང་ཉེ་སྔར་རེབ་གོང་བོན་བརྒྱ་དགོན་པའི་གཙོ་གཉེར་བྱས་པའི་༢༠༠༨ལོའི་ལོ་དེབ་《དཔྱོད་ལྡན་མཆོད་པའི་མེ་ཏོག》ཏུ་བཀོད་པའི་སྨན་རིའི་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱི་དཔྱད་རྩོམ་《ཏུན་ཧོང་ཡིག་རྙིང་ནང་གི་སད་མར་ཀར་ལས་འཕྲོས་ཏེ་དཔྱད་པ་》ཞེས་པའི་ནང་དུ་དེ་གཉིས་ཀ་མཐའ་གཅིག་ཏུ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཡིན་པ་ལྟར་བརྗོད་པ་དང༌། དེབ་དེ་ཉིད་དུ་ཁོད་པའི་གཡུང་དྲུང་སྐྱབས་ཀྱི་དཔྱད་རྩོམ་《ཞང་ཞུང་རྒྱལ་པོ་ལྀག་མྱི་རྷྱའི་སྐོར་ལ་དཔྱད་པ་》ཞེས་པའི་ནང་ནས་དེ་གཉིས་ཀ་ཁྲི་སྲོང་བཙན་དེ་སྲོང་བཙན་སྒམ་པོའི་སྐབས་ཡིན་པ་ལྟར་བཞེད་ཡོད། 
           དེ་དག་དང་མི་མཐུན་པའི་ལྟ་ཚུལ་ཞིག་བརྗོད་ན། ཐོག་མར་དེ་ཡང་ལོ་དེབ་དེའི་ནང་དུ་ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱིས་ཧྥ་རན་སིའི་འགྲེམ་སྟོན་ཁང་དུ་བཞུགས་པའི་ཏུན་ཧོང་ཡིག་རྙིང་(pellio Tibetan 1287)རྟགས་ཅན་ནང་ན་སད་མར་ཀར་གྱི་སྐོར་དེ་ཁྲི་སྲོང་ལྡེ་བཙན་གྱི་ ལོ་རྒྱུས་འཆད་པའི་ཁོངས་སུ་སྒྲིག་སྦྱོར་བྱས་ཡོད་པ་རྒྱུ་མཚན་ཅན་དུ་བྱས་ནས། དགེ་འདུན་ཆོས་འཕེལ་གྱིས་སད་མར་ཀར་གྱི་སྐོར་འདི་སྲོང་བཙན་སྐབས་སུ་བཞག་པ་ལ་དོགས་སློང་བྱས་ཡོད། དེ་ལ་ཆོས་འཁོར་ཚང་གིས་ཡང་དགེ་འདུན་ཆོས་འཕེལ་གྱིས་སད་མར་ཀར་གྱི་སྐོར་དེ་ཉིད་སྲོང་བཙན་སྐབས་འཇོག་དོན་ཅི་ཡིན་ཞེ་ན། ཁོང་གི་བཞེད་དོན་ལྟར་སྲོང་བཙན་གྱིས་འཛམ་གླིང་སུམ་གཉིས་དབང་བསྒྱུར་བྱས་པ་དང༌། དེས་ཞང་ཞུང་གི་རྒྱལ་པོའི་སྲིང་མོ་བླངས་པ་སོགས་དང་འབྲེལ་བ་ཤིན་ཏུ་ཆེ་བ་མ་ཟད། ཞང་རྒྱལ་དགྲོང་མཁན་དེ་སྲོང་བཙན་ལ་ངོས་འཛིན་ཞུ་གི་ཡོད་པ་བཅས་ཀྱིས་ཡིན་པར་སྙམ། (33)ཞེས་བྲིས་ཡོད། ཁོ་བས་བལྟས་ན་དེ་ཙམ་དུ་མ་ཟད། དགེ་འདུན་ཆོས་འཕེལ་གྱིས་སད་མར་ཀར་ལ་ཕོ་ཉར་མངག་པའི་སྦུག་གྱིམ་བརྩན་རྨང་ཆུང་ཞེས་པའི་བློན་འདིའང་སྲོང་བཙན་སྒམ་པའི་སྐབས་ཡིན་པའི་དན་རྟགས་ སྔར་ནས་རྙེད་པ་ལ་བརྟེན་ནས་དེ་ལྟར་བཅུག་པ་ཡིན་པར་སེམས། (འདིའི་སྐོར་འོག་ནས་འཆད་རྒྱུ་ཡིན།)
           དེ་ལྟར་ཆོས་འཁོར་ཚང་གིས་དོགས་བསླངས་བྱས་རྗེས། གལ་ཏེ་སད་མར་ཀར་འདི་སྲོང་བཙན་གྱི་སྲིང་མོ་ཡིན་པའི་དབང་དུ་བཏང་ན། ཞེས་པ་ནས། སྐབས་དེར་སྲོང་བཙན་གྱིས་ཞང་བཟའ་ལིག་ཏིག་སྨན་ཞེས་པ་ཞང་རྒྱལ་གྱི་སྲིང་མོ་ཞིག་བཙུན་མོར་བླངས་ཡོད་པ་ནི་བོན་བན་གཉིས་ཀའི་ལོ་རྒྱུས་ནང་ཡོངས་སུ་གྲགས་ཕྱིར། སྲོང་བཙན་ལའང་འཁོན་ལན་སློག་ས་ཞིག་ཡོད་ཀྱང༌། ཏུན་ཧོང་ཡིག་རྙིང་ནང་དེའི་སྐོར་མིང་ཙམ་ཡང་མི་གླེང་བ་ནི་གནད་དོན་དངོས་འཚོལ་བྱེད་ཀྱི་དྲི་བར་གྱུར་ཡོད། ཞེས་དང་ཡང༌། སྲོང་བཙན་སྐབས་ཀྱི་ཞང་རྒྱལ་ལིག་མི་རྐྱ་ལས་ཞང་ཞུང་བཟའ་ལི་ཐིག་དམན་ཚུར་བླངས་པ་དང༌། ཁྲི་སྲོང་སྐབས་ཀྱི་ཞང་རྒྱལ་ལིག་མི་རྐྱ་ལ་སད་མར་ཀར་ཕར་ཕུལ་བ་གཉིས་རྩ་བ་ནས་འདྲེས་མེད་པས་སོ། ཞེས་སད་མར་ཀར་ཁྲི་སྲོང་གི་སྲིང་མོ་ཡིན་པ་ཐག་གིས་བཅད་ནས། ཡང་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བོན་མི་ནུབ་པའི་གཏན་ཚིགས་སུ། ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་ལ་བཙུན་མོ་ཆེན་ཆུན་གསུམ་ཡོད་པར་གསུང༌། དེ་གསུམ་ལས་ཆེ་བ་ཁྱུང་མོ་ཟ་མཚོ་རྒྱལ་དང༌། འབྲིང་བ་ཤུད་ཀེ་ཟ་རྩལ་ཏིང་ཤགས། ཆུང་ཤོས་སམ་ཡང་ཆུན་ནི་གུ་རུབ་ཟ་སྣང་སྒྲོན་ལེགས་མོ་ཡིན། ཞེས་ཞང་ཞུང་སྙན་རྒྱུད་དང་ཏུན་ཧོང་ཡིག་རྙིང་ནང་ནས་གསལ་བའི་ཞང་རྒྱལ་གཉིས་ཀྱི་བཙུན་མོ་རྣམས་ཀྱི་མིང་ཕྱོགས་གཅིག་ཏུ་བསྡུས་ནས། དེ་དག་ལས་ཞང་ཞུང་སྙན་རྒྱུད་དུ་གསལ་བའི་བཙུན་མོ་འབྲིང་བ་གུ་རུབ་ཟ་སྒྲོན་ཕར་གཡུགས་ཏེ། དེའི་ཚབ་ཏུ་ཏུན་ཧོང་ཡིག་རྙིང་དུ་གསལ་བའི་ཤུད་ཀེ་ཟ་རྩལ་ཏིང་ཤགས་བཞག་ནས་ཆེ་འབྲིང་ཆུང་གསུམ་གྱི་གོ་རིམ་ཕྱེས་ཡོད། ད་དུང་དེ་གསུམ་དང་བསྡུར་ནས། མིང་ཅུང་མཚུངས་ཚུལ་དང་ཞང་ཞུང་རྒྱལ་པོས་གཙིགས་སུ་མི་ཆེ་བ་དང༌། ཞང་རྒྱལ་དགྲོང་བ་ལ་གསང་བའི་བརྡ་བཏང་ནས་ནུས་པ་བཏོན་པ་གསུམ་སྒྲུབ་བྱེད་དུ་བྱས་ནས་སད་མར་ཀར་འདི་སྣང་སྒྲོན་ལེགས་མ་ཡིན་པར་སྒྲུབ་ཡོད། དེ་ན་འདིར་དེ་དང་མི་མཐུན་པའི་ལྟ་ཚུལ་བརྗོད་ན། ཏུན་ཧོང་དང་སྙན་རྒྱུད་ཀྱི་ལུང་ཚིག་བཀོད་པའི་དགོས་པ་ཆེ་ཕྱིར་འདི་ལྟར་ཏེ། ཏུན་ཧོང་ཡིག་རྙིང་དུ། བཙན་མོ་སད་མར་ཀར། ལིག་མྱི་རྷྱ་ལ་ཆབ་སྲྀད་ལ་གཤེགས་སོ། སྔ་ན་ཤུད་ཀེ་ཟ་རྩལ་ཐྀང་ཤགས་མཆིས་སྟེ། བཙན་མོ་དང་ནྀ་མྱི་བནལ་བར༌། ལིག་མྱི་རྷྱ་ལ་ཤུད་ཀེ་ཟ་རྩལ་ཏིང་ཤགས་གནང་སྟེ། བཙན་མོ་ཡང་ལིག་མྱི་རྷྱ་འི་སོ་ནམ་དང་བུ་སྲྀད་མྱི་མཛད་ཆིང་ལོག་ཤྀག་ན་བཞུགས་པར། (34)ཞེས་ཤུད་ཀེ་ཟ་རྩལ་ཏིང་ཤགས་དང་བཙན་མོ་སད་མར་ཀར་གཉིས་ཀྱི་ཁྱོ་ག་གཅིག་ཡིན་པ་དང༌། ཞང་ཞུང་སྙན་རྒྱུད་ཀྱི་ལུང་དར་རྒྱས་གསལ་སྒྲོན་དུ་བཀོད་པ་འདི་ལྟར། རྒྱལ་པོ་དེ་ལ་ཁབ་ཆེན་ཆུན་གསུམ་མངའ་བས། ཆེ་བ་ཁྱུང་མོ་ཟ་མཚོ་རྒྱལ། དེ་འོག་གུ་རུབ་ཟ་སྣང་སྒྲོན། ཆུང་བ་ཀུ་རིབ་ཟ་སྒྲོན་ལ་བུ་མོ་ལོ་བཅོ་བརྒྱད་མ་གཅིག་མངའ་བ་དེ་བསླུ་བར་དགོངས་ནས། (35)ཞེས་པ་གསུམ་གྱི་ཁྱོ་ག་གཅིག་ཡིན་པར་བསྟན་ཡོད། དེ་ན་ཁོང་གིས་བཙུན་མོ་ལྔ་ཀ་ལས་གུ་རུབ་ཟ་སྣང་སྒྲོན་ཕར་གཡུགས་དོན་མི་གསལ་བས་ཀློག་མཁན་དག་གིས་ཀྱང་དཔྱད་པར་འཚལ། 
          འདིར་སད་མར་ཀར་དང་སྣང་སྒྲོན་ལེགས་མ་གཉིས་གང་ཟག་གཅིག་ཡིན་ཚུལ་མེད་པའི་སྒྲུབ་བྱེད་བཀོད་ན། གཅིག སད་མར་ཀར་སྐབས་ཀྱི་ཞང་རྒྱལ་བཏུལ་ས་དང་ཁྲི་སྲོང་སྐབས་ཀྱི་ཞང་རྒྱལ་བཏུལ་ས་ཡུལ་ཐ་དད་ཡིན་པས། སད་མར་ཀར་གྱི་སྐབས་མཁར་ཁྱུང་ལུང་དངུལ་མཁར་ཡིན་ལ། ཁྲི་སྲོང་སྐབས་ཀྱི་ཞང་རྒྱལ་བཏུལ་ས་དང་ར་ཁྱུང་རྫོང་གི་ཉེ་ས་ཡིན་པས་མི་མཚུངས་སོ། ཏུན་ཧོང་ཡིག་རྙིང་དུ། འདིར་དྲལ་གྱྀ་སྙན་དུ་གདའ་སྟེ། བཙན་མོ་དེ་ལྟར་ལོག་པར་བགྱྀས་ན། ཆབ་སྲིད་ཀྱྀ་དཀྲུགས་མར་འགྱུར་བས་དེ་ལྟེ་བུ་མ་བགྱིད་པར། ལྀག་མྱི་རྷྱ་འྀ་སོ་ནམ་དང་བུ་སྲིད་ཟུང་ཤིག་ཆེས༌། སྤུག་གྱིམ་བརྩན་རྨང་ཅུང་བཀའ་སྩལ་ཏེ། མཁར་ཁྱུང་ལུང་དུ་མཆིས་ན། བཙན་མོ་མྱི་བཞུགས་ཏེ། ཆབ་ཉ་ལ་རོལ་ཞིང༌། མཚོ་མ་པང་དུ་གཤེགས་ནས། (36)ཞེས་དང་ཡང༌། བཙན་མོས། མགུར་བླངས་བའ། ཡུལ་གྱི་སྐལ་པོག་པ། ཁྱུང་ལུང་ནྀ་རྔུལ་མཁར་ཞིག  མུ་སུ་ནི་གཞན་ན་རེ། པྱི་བལྟས་ནྀ་ངམ་དང་བྲག  ནང་བལྟས་ནྀ་གསེར་དང་དབྱིག  བདགྀ་ནི་གཡར་སྔ་རུ། མཆིས་སུ་ནྀ་མ་ཐོ་འམ། སྐྱ་མོ་ནི་བསེང་བསེང་མོ། བྲན་གྱྀ་ནི་སྐལ་པོག་པ། གུ་གེ་ནྀ་རྐང་པྲན་ཞིག། འཁོལ་དུ་ནྀ་མ་ཐོ་འམ། གུ་གེ་ནྀ་བདྲེས་ཤིང་སྡང༌། (37)ཞེས་སད་མར་ཀར་གྱི་སྐབས་ཡུལ་ཁྱུང་ལུང་དངུལ་མཁར་ཡིན་ལ་འབང་གུ་གེ་ཡིན་པ་གསལ་བོར་བསྟན་ཡོད། ཞང་ཞུང་སྙན་རྒྱུད་དུ་གསལ་བའི་ཞང་རྒྱལ་དཀྲོང་བའི་གནས་དང་ར་ཁྱུང་རྫོང་གི་ཉེ་སའི་གསེར་ཕུག་དང་དུང་ཕུག་ཡིན་པ་ལུང་དེ་ཉིད་ན་གསལ་བས་དཀྲོང་ཡུལ་མི་གཅིག དེ་ལ་སྨན་རི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་ནས་ཀྱང་འདི་བཞིན་བཞེད་ཡོད་དེ། རྒྱལ་པོ་འདིས་དྭང་ར་ཁྱུང་རྫོང་དུ་བཞུགས་པའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཀྲོངས། དེ་ནས་བཟུང་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་ཚུད་ནས་སླར་འཁྲུགས་མ་ནུས་སོ། སྔར་སྲོང་བཙན་གྱི་དུས་སུ་འཁྲུགས་པའི་ཞང་རྒྱལ་ལིག་མི་རྐྱ་ཁྲུང་ལུང་དུ་བཞུགས། འདི་དུས་སུ་དྭང་ར་ཁྱུང་རྫོང་དུ་བཞུགས་པ་གཉིས་དུས་ཚིགས་དང་མི་གཅིག་མིན་ནོ། (38)ཞེས་གསལ་བོར་གསུང་ཡོད། 
           གཉིས། དེ་གཉིས་མི་རིགས་ཀྱང་གཅིག་མིན་ལ། སད་མར་ཀར་ནི་བོད་བཙན་པོའི་སྲིང་མོ་ཡིན་པ་སྨྲས་མ་དགོས་ལ། སྣང་སྒྲོན་ལེགས་མ་ནི་གུ་རུབ་ཡུལ་གྱི་བུ་མོ་ཞིག་ཡིན་པ་གུ་རུབ་ཟ་ཞེས་པ་ལས་ཀྱང་ཤེས་ཐུབ། གུ་རུབ་འདི་ཞང་ཞུང་གི་མངའ་ཁོངས་ཡིན་པ་ནི། 《འབེལ་གཏམ་ལུང་གི་སྙིང་བོའི》ནང་སྐྱབས་སྟོན་ཁྲོ་འགྲེལ་གྱི་ལུང་དྲངས་པ་འདི་ལྟར། ལིག་མི་རྐྱ་ཡི་དུས་ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་སུམ་པའི་སྟོང་བུ་ཆུང་ཡང་དེའི་མངའ་རིས། མར་པ། སྟག་ལོ་གུ་རུབ་ཁྱུང་བྱིད། ཁྱུང་པོ། (39)སོགས་སུ་གསལ་བས་གུ་རུབ་ཟ་སྣང་སྒྲོན་ལེགས་མ་ནི་ཞང་ཞུང་གི་བུ་མོ་ཡིན་པར་མངོན་ནོ། སྤྱིར་བག་མར་ཚུར་ཡོང་བའི་བུད་མེད་དག་ལ་དེའི་ཕ་ཡུལ་གྱི་མིང་ངམ་སྡེ་བའི་མིང་ཟུར་ལ་ཟའམ་བཟའ་ཡིག་སྦྱར་ནས་འབོད་ཀྱིན་ཡོད་པ་དེང་སྐབས་ཀྱང་བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེ་ན་སྣང་བས། གལ་སྲིད་སྣང་སྒྲོན་ལེགས་མོ་དེ་བཙན་མོ་སད་མར་ཀར་ཡིན་ན། དེ་ལ་རྒྱའི་སྲས་མོ་ལ་རྒྱ་བཟའ་དང་བལ་བོའི་སྲས་མོ་བལ་བཟའ་ཞེས་འབོད་པ་ལྟར། བོད་བཙན་པོའི་སྲས་མོ་ཡིན་པའི་ཆ་ནས་བོད་བཟའ་ཞེས་རྒྱལ་ཁབ་ཀྱི་མིང་འདོགས་དགོས་པ་ལས། གུ་རུབ་ཟ་ཞེས་སྡེ་ཆུང་ཆུང་ཞིག་གི་མིང་འདོགས་པའི་དགོས་པ་ཡེ་མེད་དོ། དེ་བཞིན་ཞང་ཞུང་རྒྱལ་པོའི་སྐུ་གཤེན་གུ་རུབ་སྣང་བཞེར་ལོད་པོ་ཡང་གུ་རུབ་ཀྱི་ཡིན་པ་སོགས་ཤེས་སླའོ། །
           གསུམ། གཞན་ཡང་ཁོང་ཉིད་ཀྱི་འདོད་པ་ལྟར་སད་མར་ཀར་དེ་གུ་རུབ་ཟ་སྣང་སྒྲོན་ལེགས་ཡིན་ཚེ། ཞང་ཞུང་སྙན་རྒྱུད་ལས། ཞང་ཞུང་རྒྱལ་པོ་ལ་བཙུན་མོ་གསུམ་ཡོད་པའི་ཆུང་ཤོས། གུ་རུབ་ཟ་སྣང་སྒྲོན་ལེགས་བྱ་བ། ལོ་བཅོ་བརྒྱད་ལོན་པ་ཞིག་ཡོད་པ་དེ་ལ། བོད་ཀྱི་རྒྱལ་པོའི་འཕྲིན་བློན་ཞེ་ངན་ལ་ཁོང་གདུག་པ། སྣང་ནམ་ལེགས་གྲུབ་བྱ་བ་ཞིག་གིས། གསེར་ཕྱེ་འབྲོང་རུ་གང་ཁྱེར་ཏེ། སྣང་སྒྲོན་ལེགས་ལ་བྱིན་ནས་འདི་སྐད་སྨྲས་སོ། སྣང་སྒྲོན་ལེགས་མ་ཁྱོད་ལྟ་བུ། ཞང་ཞུང་རྒྱལ་པའི་ཁབ་ཀྱི་ཡང་ཆུན་བྱེད་པ། ཁྱོད་རང་ཨ་ཅང་ཆེས་ཏེ། བོད་ཀྱི་རྒྱལ་པོས་ཀྱང་མི་བཟོད་པར་འདུག་པས། འདི་སྨད་པའི་ཐབས་ཡོད་དམ། ཡོད་ན་ཁྱོད་རང་བོད་ཀྱི་རྒྱལ་པོའི་ཁབ་ཀྱི་ཡང་ཆེན་མ་བྱ། བོད་ཀྱི་མངའ་རིས་ཀྱི་སུམ་གཉིས་སྟེར་བར་འདུག་གོ(40)ཞེས་པའི་ལུང་འདི་ཅིས་ཀྱང་རྫུན་དུ་གཏོང་དགོས་ཏེ། རྒྱུ་མཚན་ནི་སྣང་སྒྲོན་ལེགས་མ་དེ་སད་མར་ཀར་ཡིན་ཞིང་ཁྲི་སྲོང་ལྡེ་བཙན་གྱི་སྲིང་མོ་ཡིན་ན། གསེར་ཕྱེ་འབྲོང་རུ་གང་ཁྱེར་ནས། བོད་ཀྱི་མངའ་རིས་ཀྱི་སུམ་གཉིས་སྟེར་ཅེས་བསླུ་མི་དགོས་ལ། ཁྱད་པར་དུ་རང་གི་སྲིང་མོ་ལ་རང་གི་ཁབ་ཀྱི་ཆེན་མ་བྱ་ཞེས་པའི་འཇིག་རྟེན་ལུགས་དང་མི་མཐུན་པའི་ཐ་ཤལ་གྱི་བསླུ་ཚིག་འདི་འདྲ་དེ་བས་ཀྱང་སྨྲ་བར་མི་རིགས་སོ། །
           ཡང་ཆོས་འཁོར་ཚང་གིས། གཞན་ཡང་ཏུན་ཧོང་ཡིག་རྙིང་ལྟར་ན། སད་མར་ཀར་དང་འབྲེལ་བའི་མི་སྣ་གཞན་ཞིག་ཡོད་པ་ནི། བོད་ཀྱི་རྒྱལ་པོའི་བློན་པོ་སྦུག་གྱིམ་བརྩན་རྨང་ཆུང་བྱ་བ་དེ་ཡིན། འོན་ཀྱང་སྤུག་གྱིམ་བརྩན་རྨང་ཆུང་འདི་ཉིད་སྲོང་བཙན་གྱི་ཕྱི་ནང་བློན་ཆེན་བཟང་གྲས་གང་དུའང་མི་གསལ་བས། བོན་གཞུང་ལྟར་ན་ཁྲི་སྲོང་གིས་བོན་སྣུབ་སྐབས་སུ་བོན་སྐྱོབས་པར་བྱས་རྗེས་ཆེ་བའི་མཁས་པ་མི་བཞིར་གྲགས་པའི་ནང་དུ་ལྡེ་བོན་གྱིམ་རྩ་རྨང་ཆུང་བྱ་བ་ཞིག་ཀྱང་ཡོད་པས། གལ་ཏེ་མིང་མཐུན་པའི་སྐྱེས་བུ་འདི་གཉིས་འབྲེལ་བ་ཡོད་པའམ་སྐྱེས་བུ་གཅིག་ཏུ་ངེས་ན། སད་མར་ཀར་གྱི་སྐོར་འདིའང་མཐའ་གཅིག་ཏུ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡིན་པར་ཅིས་ཀྱང་རིགས་སོ། (41)ཞེས་བྲིས་འདུག དེ་ལ་ཁོང་གི་སྲོང་བཙན་གྱི་ཕྱི་ནང་བློན་བཟང་གྲོས་ཞེས་པ་ནི་གཙུག་ཕྲེང་གི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལ་གཞི་བཅོལ་ནས་གསུང་པ་ཡིན་པ་ཟུར་མཆན་ལས་གསལ་ལ། གཙུག་ཕྲེང་གིས། བཀའ་ཡི་བློན་པོ་ཆེན་པོ་བརྒྱ་ཕྲག་གསུམ། ཀུན་གྱི་གཙོ་བོ་འཕྲུལ་བློན་བཅུ་དྲུག་གིས། །རྒྱལ་པའོ་བཀའ་སྒྲུབ་རྒྱལ་སྲིད་བདེ་བར་སྐྱོང༌། །དེ་ཡང་ཐང་ཡིག་ཆེན་མོ་ནས། འཕྲུལ་གྱི་གནའ་ཆེན་རིགས་བཟང་དང༌། །ཞང་པོ་རྒྱལ་གྱི་ཁྲོམ་བཟང་དང༌། །ཞེས་པ་ནས། བར་གྱི་ཁོད་སྙོམ་ཁྲིམས་གཉིས་སྐྱོང༌། །ཞེས་བཤད་དོ། (42)ཞེས་པའི་བར་ཚིག་སྐང་མང་པོ་ཞིག་གིས། ནང་བློན་བཟང་པོ་རྣམ་དྲུག ཕྱི་བློན་བཙན་པོ་རྣམ་དྲུག མེད་ཐབས་མེད་པའི་བློན་པོ་བཞི། ཞེས་བྲིས་འདུག་མོད། འོན་ཀྱང་སྤུག་གྱིམ་བརྩན་རྨང་ཆུང་གི་མཚན་དེ་གྲས་ན་མེད་པ་རྒྱུ་མཚན་དུ་བྱས་ནས་སྲོང་བཙན་གྱི་བློན་པོ་མིན་པར་བཞེད་ན། ཡང་དག་གི་སྒྲུབ་བྱེད་ཅིག་ཏུ་མི་འགྲོ་བས། ཅིས་ཕྱིར་ཞེ་ན། གཙུག་ཕྲེང་ཁོ་རང་གི་ཚིག་ཏུའང་མཚན་དངོས་སུ་མི་སྣང་བའི་ཕྱི་ནང་གི་བློན་བརྒྱ་ཕྲག་གསུམ་ཡོད་ཚུལ་གསུངས་པས། དེ་གྲས་མིན་པའི་གྲུབ་བྱེད་བཀོད་རྒྱུ་མེད་པས་སོ།
           ཡང་ཆོས་འཁོར་ཚང་གིས། གཉིས་སུ་ནི་སྲོང་བཙན་སྐབས་གྱིམ་རྩ་དང་ཉེ་བའི་མཚན་ཞིག་བོན་བན་གཉིས་ཀའི་གཞུང་ལས་གསལ་མེད་ལ། སད་མར་ཀར་ནི་དེ་བས་ཀྱང་མ་གསལ་ལོ། ཞེས་བྲིས་འདུག་མོད། འོན་ཀྱང་ཁོ་བས་ཏུན་ཧོང་ཡིག་རྙིང་ལས་སྤུག་གྱིམ་བརྩན་རྨང་ཅུང་སྲོང་བཙན་གྱི་སྐབས་སུ་ཡིན་པའི་ལུང་ཞིག་མཐོང་སྟེ། དེ་ཉིད་ལས། བཙན་པོ་ཁྲྀ་སྲོང་རྩན་གྱྀ་རུང་ལའ། ལྀག་སྙར་ཤུར་བརླག་སྟེ། ཞང་ཞུང་ཐཾས་ཅད་འབངས་སུ་བཀུག་སྟེ་མངའོ། དེ་ནས་ལོ་དྲུག་ནའ། ཁྲྀ་སྲོང་རྩན་དགུང་དུ་གཤེགསོ། བཙན་མོ་མུན་ཅང་ཀོང་ཅོ་དང་དགུང་ལོ་གསུམ་བཤོས་སོ། ༡ཁྱིའི་ལོ་ལ་བབ་སྟེ(སྤྱི་ལོ་༦༥༠)། བཙན་པོ་མྱེས་ཁྲི་སྲོང་རྩན་གྱྀ་སྤུར་ཕྱྀང་བའྀ་རིང་ཁང་ནའ་རིང་མཁྱུད་ཆྀང་བཞུགསྟེ། བཙན་པོ་སྦོན་ཁྲྀ་མང་སློན་མང་རྩན་མེར་ཀེ་ན་བཞུགས་ཕར་ལོ་གཅིགཞེས་པ་ནས་༢ཕག་གི་ལོ་དང་༣བྱི་བའི་ལོ་འདས་རྗེས་ཀྱི་གླང་གི་ལོའི་དོན་ཆེན་ལ་དེ་ཉིད་ལས། ༤གླང་གི་ལོ་ལ་བབ་སྟེའ། (སྤྱི་ལོ་༦༥༣)བཙན་པོ་ཉེན་ཀར་ན་བཞུགས་ཤྀང༌། བློན་ཆེ་སྟོང་རྩན་གྱིས། གཡུག་དུ་གནག་ལྀངས་བཏབ། ད་རྒྱལ་མང་པོ་རྗེས་ཞིང་གྱྀ་ཕྱིང་རིལ་བགྱྀས། ར་སངས་རྗེའི་བློན་རིང་སྟག་རྷྱ་དང་ཞྀང་གྱྀ་ཚོང་ཆེན་སྦྱརད། ཞང་ཞུང་ཡུལ་གྱྀ་མངན་དུ་སྤུག་གྱྀམ་རྩན་རྨ་ཆུང་བཆུག མདོ་སྨདུ་ཀམ་ཁྲི་བཟང་བྱེ་འདའ་ཐོང་མྱིས་བཀུམ་སྟེ་ཤ་གཉརད་ཕར་ལོ་གཆིག (43)ཅེས་སྲོང་བཙན་འདས་རྗེས་ཀྱི་ལོ་བཞིའི་དུས་སུ་སྤུག་གྱིམ་རྩན་རྨང་ཆུང་དངོས་སུ་ཞང་ཞུང་གི་དཔོན་དུ་བཅུག་པ་གསལ་བོར་བསྟན་ཡོད། འདི་ནི་སྔར་བཤད་པའི་དགེ་འདུན་ཆོས་འཕེལ་གྱིས་རྙེད་པའི་དན་རྟགས་དེ་ཡིན་ལ། དེབ་ཐེར་དཀར་པོའི་ནང་དུ་དགེ་འདུན་ཆོས་འཕེལ་ཀྱིས་མཆན་བཏབ་པ་འདི་ལྟར། ར་སང་རྗེ་བློན་རིས་སྟག་རྷྱ་དང་ཞིང་གི་ཚོང་ཆེན་སྦྱར། ཞང་ཞུང་ཡུལ་གྱི་མངན་(ཏེ་རྫོང་དཔོན་)དུ་སྤུག་གྱིམ་བཙན་རྨང་ཆུང་བཆུག(པ་སྟེ་བསྐོས། རྨང་ཆུང་འདི་སྔར་སྲོང་བཙན་གྱི་སྐབས་བང་ཆེན་དུ་བྱས་ཏེ་ཞང་ཞུང་ཡུལ་དུ་བཏང་བ་དེ་ཡིན་ནམ་སྙམ།) (44)མཁས་པ་ཆེན་པོ་ཡིན་པས་ཁེངས་སྐྱུང་གི་ཚུལ་དུ་སྙམ་ཞེས་པ་ལས་ཁ་ཚོན་མ་བཅད་ཀྱང༌། དོན་ལ་ཁོང་གིས་དན་རྟགས་འདི་ལ་བརྟེན་ནས་གཟོད་སར་མར་ཀར་གྱི་སྐོར་སྲོང་བཙན་སྒམ་པའི་སྐབས་སུ་བཅུག་པ་ཡིན་འདུག་ལ། དེ་ལྟར་བྱས་ན་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་གསུངས་པའི། དེ་སྔོན་ཁོ་བོས་དགེ་འདུན་ཆོས་འཕེལ་གྱིས་གསུངསའ་པའི་བཀའ་མོལ་དེ་དང་དཔྱད་ཡིག་དངོས་ནང་གསལ་བའི་ནང་དོན་གཉིས་རྒྱབ་འགལ་དུ་སོང་བ་མཐོང་ཡང༌། ད་ལྟ་ཤོག་དྲིལ་དེའི་ངོས་སུ་བོད་ཡིག་དང་རྒྱབ་ཏུ་རྒྱ་ཡིག་བྲིས་པ་གཉིས་ཞིབ་བསྡུར་བྱས་རྗེས། བོད་ཡིག་ཤོག་དྲིལ་དེ་ལ་ཕྱིས་སུ་བཟོ་བཅོས་ཀྱི་སྐྱོན་ཕོག་ཡོད་ཚོལ་གཞི་ནས་ཤེས་རྟོགས་ཐུབ། ཤོག་དྲིལ་དེ་ལ་བཟོ་བཅོས་ཀྱི་ལྷད་ཡོད་ཚུལ་ནི། སྲོང་བཙན་སྒམ་པོའི་སྐབས་ཞང་ཞུང་མངའ་འོག་ཏུ་བཅུག་པའི་ལོ་རྒྱུས་དེའི་དུམ་བུ་དེ་བཅད་ནས་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་སྐབས་ཀྱི་དུམ་བུའི་ནང་དུ་སྦྱར་ཡོད། འདི་འདྲ་ཡིན་པ་ཤོག་དྲིལ་གྱི་རྒྱབ་ཏུ་བྲིས་པའི་རྒྱ་ཡིག་གིས་ཤེས་སོ། དེར་བརྟེན། དགེ་འདུན་ཆོས་འཕེལ་གྱིས་དཔྱད་ཡིག་དེ་དག་ལ་ཞིབ་འཇུག་གནང་རྗེས་གསུངས་པའི་སྡོམ་ཚིག་དེ་དག་ནི་ཡིད་རྟོན་རུང་བའི་ཡུལ་ཞིག་ཡིན་པར་སེམས་སོ། (45)ཞེས་གསུང་བ་ལྟར་རྒྱབ་ཏུ་བྲིས་པའི་རྒྱ་ཡིག་གིས་ཀྱང་ར་སྤྲོད་བྱེད་ཐུབ་ན་འདི་དག་ལས་ལྷག་པའི་སྒྲུབ་བྱེད་བཀོད་ཀྱང་མི་དགོས་ལ་ངལ་བ་ཡང་མ་བརྟེན་ནོ། དེ་ནི་ཆོས་འཁོར་ཚང་དང་མི་མཐུན་པའི་ལྟ་ཚུལ་བརྗོད་པའོ། །
           ད་ནི་གཡུང་དྲུང་སྐྱབས་དང་མི་མཐུན་པའི་ལྟ་ཚུལ་བརྗོད་ན་འདི་ལྟར། གཡུང་དྲུང་སྐྱབས་ཀྱིས། ཁྲི་སྲོང་བཙན་གྱིས་སད་མར་ཀར་ཞང་རྒྱལ་ལིག་མི་རྐྱའི་བཙུན་མོར་བརྫངས་པའང་རྒྱ་བཟའ་དང་བལ་བཟའ་ཁབ་ཏུ་བཞེས་པ་བཞིན་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཡོད། (46)ཅེས་སད་མར་ཀར་སྲོང་བཙན་སྒམ་པའི་སྲིང་མོར་ཁས་བླངས་ཡོད་པ་ནི་དོན་དང་ལྡན་མོད། འོན་ཀྱང་ཁོང་གིས་ཀྱང་ཆོས་འཁོར་ཚང་དང་འདྲ་བར་ཞང་རྒྱལ་རྣམ་གཉིས་ཀྱི་བཙུན་མོ་ལྔ་ཀ་ལས། ཤུག་ཀེ་བཟའ་དང་ཁྱུང་མོ་བཟའ་མཚོ་རྒྱལ་གཉིས་གང་ཟག་གཅིག་ཡིན་པ་ལྟར་བྲིས་ཤིང༌། གཞན་བཞི་པོ་ལ་ཆེ་འབྲིང་ཆུང་གསུམ་དང་ཡང་ཆུན་གྱི་དབྱེ་བ་དགར་འདུག་པ་འདིར་འཐད་པར་མ་མཐོང༌། སྤྱིར་ཞང་རྒྱལ་ལ་བཙུན་མོ་གསུམ་ཡོད་ཅེས་པ་ཐམས་ཅད་ཞང་ཞུང་སྙན་བརྒྱུད་ཀྱི་རྗེས་འབྲང་ཡིན་པས། དེ་དང་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཞང་རྒྱལ་གཉིས་གང་ཟག་ཐ་དད་པ་ཡིན་པའང་གསལ་བོར་ཤེས་དགོས། ཁོང་གིས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཀྲོངས་ཚུལ་ཐད་ཀྱི་ལྟ་བ་བརྗོད་དུས། ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཀྲོངས་བའི་ཐད་ཀྱི་ལྟ་ཚུལ་གཉིས་ཡོད། གཅིག་ནི་ཁྲི་སྲོང་བཙན་གྱི་སྲིང་མོ་སད་མར་ཀར་གྱི་སྐུལ་མ་ལ་བརྟེན་ནས་ཞང་ཞུང་ལ་དམག་དྲངས་ཏེ་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་སྲིད་བརླགས་པ་དང༌། ཅིག་ཤོས་ནི་ཁྲི་སྲོང་བརྩན་གྱི་འཕྲུལ་བློན་སྣ་ནམ་ལེགས་གྲུབ་བྱ་བ་ཞིག་གིས་གསེར་ཕྱེ་འབྲོང་རུ་གང་གིས་ལིག་མི་རྐྱའི་བཙུན་མོ་ཆུང་བ་སྣང་བཟང་སྒྲོན་ལེགས་བསླུས་པའི་གཡོ་སྒྱུ་ལ་བརྟེན་ནས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཀྲོངས་བའི་འདོད་ཚུལ་དེ་ཡིན། ལྟ་ཚུལ་གཉིས་ལས་སྔོན་མ་དེ་ཏུན་ཧོང་ཡིག་རྙིང་གི་རྗེས་འབྲང་བ་རྣམས་ཡི་འདོད་ཚུལ་ཡིན་ཏེ། bbལྟ་ཚུལ་གཉིས་པ་ནི་བོན་གྱི་དེབ་ཐེར་ཁག་གི་རྗེས་འབྲང་བ་རྣམས་ཀྱི་འདོད་ཚུལ་ཏེ། (47)ཞེས་བྲིས་འདུག འདི་ནི་བོན་གྱི་དེབ་ཐེར་རྣམས་ཀྱི་དགོངས་དོན་མ་རྟོགས་པའི་སྐྱོན་དུ་ཟད་དེ། བོན་གྱི་དེབ་ཐེར་ཁག་ཏུ་བཀོད་པའི་ཞང་ཞུང་རྒྱལ་པོ་བཀྲོངས་ཚུལ་གྱི་བྱུང་རིམ་འདིའི་ཐོག་མའི་བྱུང་ཁུངས་ནི་ཞང་ཞུང་སྙན་བརྒྱུད་ཅེས་གཡུང་དྲུང་བོན་གྱི་བླ་མེད་ཡང་རྩེ་རྫོགས་པ་ཆེན་པོའི་དཔེ་རྙིང་ཞིག་ཡིན། དཔེ་རྙིང་དེའི་ནང་དུ་ཞང་རྒྱལ་བཀྲོངས་པའི་བྱུང་ཚུལ་གསལ་བོར་འབྲི་དོན་ཡང༌། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བོད་དང་ཞང་ཞུང་གཉིས་སུ་སྔ་གྱུར་གཡུང་དྲུང་བོན་གྱི་བསྟན་པ་བསྣུབ་པའི་རྐྱེན་གྱིས། བོན་གྱི་དཔེ་ཚོགས་མང་པོ་གཏེར་དུ་གཤེགས་པ་དང༌། ཞང་ཞུང་སྙན་བརྒྱུད་གཏེར་དུ་གཤེགས་མ་དགོས་པར་སྤྱོད་ཆོག་པ་ཡང་གུ་རུབ་སྣང་བཞེད་ལོད་པོའི་སྐུ་དྲིན་ཡིན་པ་སོགས་ཞང་ཞུང་སྙན་བརྒྱུད་ཀྱི་ཆེ་བ་སོགས་བརྗོད་པའི་ཆེད་ཡིན། ཞང་ཞུང་སྙན་བརྒྱུད་དུ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཞེས་ཁོད་པ་ལས་ཁྲི་སྲོང་བཙན་ཞེས་བཀོད་མེད་པས་ལུང་དོན་ཉོག་རྫོབ་ཅན་དུ་གཏོང་མི་རིགས། དར་རྒྱས་གསལ་སྒྲོན་དུ། ཞང་ཞུང་སྙན་བརྒྱུད་ལས། དུས་དེ་ཙམ་ན་ཞང་ཞུང་སྐྱོང་བའི་རྒྱལ་པོ་ལིག་མིན་རྐྱ་བཞུགས་པ། མངའ་རིས་ནི་སྟོད་ན་ཁྲི་སྡེ་བཅུ་གཉིས། སྨད་ན་སུམ་པ་སྟོང་སྡེ་དགུ་ཡོད་དོ། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ། བོད་རུ་བཞི་ལ་སྟོང་སྡེ་ཁྲི་སྡེ་ཡིན་འདྲ་བཞི་དང་བརྒྱ་སྡེ་བཅུ་གཉིས་ལས་མེད་པས། (48)ཞེས་དང༌། ལེགས་བཤད་མཛོད་དུ། ཞང་ཞུང་སྙན་བརྒྱུད་ལས། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ཕྱི་བློན་བཅུ། ནང་བློན་བཅུ། འཕྲིན་བློན་བཅུ་དང་བཅུ་གསུམ་ཡོད་ཅིང༌། bbཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་བཞུགས་པའི་དུས་ཏེ། ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་ཡོད་པའི་སྟེང་དུ་སུམ་པ་སྟོང་བུ་ཆུང་ཡན་ཆད་མངའ་རིས་ཡིན་ལ། (49)ཞེས་གསུངས་པས། བོད་ལ་རྒྱལ་པོ་ཁྲི་འདུས་སྲོང་གི་སྐབས་སྤྱི་ལོ་༦༩༣པའི་ནང་དམག་དཔུང་ལྔ་བརྒྱ་ཆེན་པོ་བསྐོས་པ་དང༌། (50)དེའི་རྗེས་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་སྤྱི་ལོ་༧༠༧ལ་ལྔ་བརྒྱ་སྟོང་བུ་རྗེར་བཅོས་ཚུལ་ཏུན་ཧོང་ཡིག་རྙིང་དུ་གསལ་བས། (51)ཁྲི་འདུས་སྲོང་གི་སྔོན་ལ་ལྔ་བརྒྱ་ཆེན་པོའམ་སྟོང་བུ་རྗེ་ཞེས་པའི་དམག་དཔུང་མེད་པས། འདིར་སུམ་པའི་སྟོང་བུ་ཆུང་ཞེས་པར་གཞིགས་ན་ཅིས་ཀྱང་ཁྲི་སྲོང་ལྡེ་བཙན་གི་སྐབས་ཡིན་ནོ། ད་དུང་ཞང་ཞུང་སྙན་བརྒྱུད་ཀྱི་དཔེ་རྙིང་ལ་གཟིགས་རྒྱུ་བྱུང་ན། དེའི་ནང་དུ་གུ་རུབ་སྣང་བཞེད་ལོད་པོའི་སྐབས་སུ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཞེས་སྐོར་དུ་མ་ན་གསལ་བོར་ཡོད་པས། བོན་གྱི་དེབ་ཐེར་ཁག་གི་ཞང་རྒྱལ་བཀྲོངས་པའི་ལྟ་ཚུལ་དེ་ནི་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ཡིན་པ་ལས་ཁྲི་སྲོང་བཙན་ཏེ་སྲོང་བཙན་སྒམ་པོའི་སྐབས་མ་ཡིན་ནོ། གཞན་གོང་ནས་ཞུས་པ་ལྟར་སྣ་ནམ་ཚང་ཆབ་སྲིད་ཀྱི་གར་སྟེགས་སྟེང་ནས་གོ་གནས་མཐོ་པོར་མངོན་པའི་དུས་ནི་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་སྐུ་རིང་ཡིན་པ་སོགས་ཀྱིས་དེ་གཉིས་འཁྲུལ་བར་མི་བྱའོ། སྨན་རིའི་དཔོན་སློབ་ཚང་གིས། དེའི་རྗེས་སུ་རིམ་བཞིན་ཞང་ཞུང་གི་ངོ་ལོག་སྟེ་བོད་ལ་འཁྲུགས་པ་བྱས་ནས་མཐར་ཁྲི་སྲོང་གི་དུས་སུ་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱའི་ཆུན་མས་བསླུས་ནས་ཞང་རྒྱལ་བཀྲོངས་པའི་གནས་དྭང་ར་ཁྱུང་རྫོང་གི་ཉེ་སར་ཡིན་ལ། སྔོན་མ་ཞང་རྒྱལ་བཏུལ་ས་ཁྱུང་ལུང་དུ་ཡིན་པར་མངོན་པས་དུས་དང་ལས་དོན་གཏན་ནས་མི་འདྲ་བས་འདིའི་ཚུལ་ལ་མགོ་མི་རྨོངས་པར་དགོས་སོ། (52)ཞེས་གསུངས་པས། དེས་ན་ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ཞང་རྒྱལ་བཏུལ་དུས་ནི་ཁྲི་སྲོང་བཙན་ཏེ་སྲོང་བཙན་སྒམ་པོའི་དུས་ཡིན་ལ། ཞང་ཞུང་སྙན་རྒྱུད་དུ་བྱུང་བའི་ཞང་རྒྱལ་བཏུལ་དུས་ནི་ཁྲི་སྲོང་ལྡེ་བཙན་ཡིན་པ་ལུང་སོ་སོར་ན་གསལ་བས་ན་འདི་གཉིས་དུས་ནམ་ཡང་དོན་གཅིག་ཏུ་མི་འགྱུར་རོ། སྤྱིར་ཞིབ་འཇུག་བྱེད་སྐབས་ལུང་གང་གིས་རྗེས་སུ་འབྲང་བའི་རང་དབང་ཤེས་ལྡན་ཀུན་ལ་ཡོད་མོད། འོན་ཀྱང་གང་གི་རྗེས་སུ་འབྲང་ཡང་ཐོག་མར་ལུང་དོན་དེ་ཉིད་ཀྱི་མཐུལ་རྟོགས་པར་གལ་ཆེ་ལ། གོང་ཞུས་ཁོང་རྣམ་གཉིས་ཀྱིས་ལྟ་བ་མི་མཐུན་པ་གཉིས་ཀྱི་ལུང་དོན་ཕྱོགས་གཅིག་ཏུ་བསྲེས་ནས་བྲིས་པ་འདིས་དོན་ཚན་རྙོག་རྫོབ་ཅན་དུ་བཏང་བ་ལས་བདེན་དོན་འཚོལ་བ་ལ་ཕན་པ་མ་མཐོང་ངོ། ཞེས་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་ཤེས་རབ་སྐལ་བཟང་རྒྱ་མཚོའམ་མཚོ་སྐྱེས་ཟླ་བ་གཞོན་ནུ་དཔལ་འབར་དུ་འབོད་པས་ས་གླང་དཔྱིད་ཟླ་འབྲིང་བའི་ཚེས་བཅོ་བརྒྱད་ལ་ལྷ་ཅིག་སྨྲ་བའི་སེང་གེའི་བསྙེན་སྒྲུབ་ཀྱི་སྐབས་སུ་བྲིས་པའོ། །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།