ཆོས་ཀྱི་རྒྱལ་པོའི་ཁྲིམས་བརྟག་པ།
ཁྲིམས་ཞེས་བྱ་བ་ཕྱོགས་ལྷུང་མེད།།དྲང་པོ་གནམ་ཐིག་ཡིན་པས། །ལས་འབྲས་མངོན་སུམ་སྟོན་པ་དང༌། །འདྲ་ཕྱིར་སུས་ཀྱང་བསྒྱུར་དུ་མེད། །འགལ་ན་རྒྱལ་པོའི་བུ་ཡང་ཕམ། །བསྲུངས་ན་གྲོང་གི་དབུལ་པོ་རྒྱལ། །ཀླད་པར་གནམ་ལྕགས་བབ་པ་ལྟར། །མི་འཁུར་དབང་མེད་ཁྲིམས་ཞེས་བྱ། །སྟོབས་འབྱོར་ཡོད་ན་ཡང་འགྱུར་ལ། །ཁས་ཞན་དབུལ་པོ་ལྕིད་འགྱུར་བ། །དེ་འདྲ་རྒྱལ་ཁྲིམས་མ་ཡིན་ཏེ། །འཕྱོན་མའི་གར་གྱི་ལྟ་ཕྱོགས་མཚུངས། །ཞེས་དང༌། ཁྲིམས་ཡོད་པ་ཡི་ས་ཕྱོགས་སུ། །ཆོས་བཞིན་བྱེད་རྣམས་བག་ཕེབ་ལ། །ཆོས་མིན་བྱེད་རྣམས་བག་ཡོད་འགྱུར། །ཁྲིམས་བཟང་འཇིག་རྟེན་མགོན་དང་སྐྱབས། །ཉེས་པ་ཅན་ལ་འོས་པ་ཡི། །ཆད་པས་བཅད་པ་ཐོས་ན་ཡང༌། །སྐྱེ་བོ་བཟང་རྣམས་དབུགས་འབྱིན་ཅིང༌། །ངན་པ་རྣམས་ཀྱང་སྐྲག་པར་འགྱུར། །ཉེས་ཅན་ཆད་པ་མེད་ཐོས་ཚེ། །ཡ་རབས་རྣམས་ཀྱང་བག་ཟ་ཞིང༌། །མ་རབས་རྣམས་ལ་བག་མེད་སྒོ། །འབྱེད་པའི་ཉེར་བསྡོག་བཞིན་དུ་འགྱུར། །ཉེས་མེད་ཆད་པ་བཅད་ཐོས་ན། །བཟང་པོ་རྣམས་ཀྱང་ཡི་ཆད་ཅིང༌། །རྒྱལ་པོ་གཡོ་ཅན་ཐ་ཆད་ཅེས། །ལྷ་གནས་སུ་ཡང་མི་སྙན་སྒྲོགས། །ཉེས་མེད་ཉེས་པ་མ་སྤྱར་ན། །ཉེས་མེད་དེ་ཡི་རྒྱུས་ཤེས་རྣམས། །རྒྱལ་པོའི་སྔགས་པ་རྗོད་བྱེད་ལ། །ལྷ་དང་བཅས་དང་ཡི་རང་འགྱུར། །གཞན་གྱི་སྲོག་ལ་འཚེ་བ་རྣམས། །རང་གི་ལུས་ལ་དཔེ་བྱས་ཏེ། །བརྡུང་དང་བརྡེག་པའི་ཚུལ་སོགས་ཀྱིས། །ཕྱིན་ཆད་སྡིག་རྒྱུན་ཟློག་པར་བྱ། །གཞན་གྱི་ནོར་ལ་རྐུ་བ་རྣམས། །འཇལ་དང་སྟོང་གི་བསབ་བྱ་ཞིང༌། །ཆུང་མ་བྲན་སོགས་འཕྲོག་པ་ཡང༌། །དེ་དེའི་ཚུལ་གྱིས་དགག་པར་བྱ། ཞེས་དང༌།།རྒྱལ་པོ་རང་ཉིད་ཁྲིམས་ལྡན་པས། །འཁོར་ལ་ཁྲིམས་སུ་བྱས་ན་མཛེས། །རང་ཉིད་ཁྲིམས་ལས་འདས་སྤྱོད་ན། །སྐྱེ་རྒུའི་དཔང་པོར་ག་ལ་འོས། །རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བ། །འཇིག་རྟེན་ཀུན་གྱི་སྤྱི་ཁྲིམས་ཏེ། །རྒྱུ་འབྲས་ལོག་པར་སྤྱོད་རྣམས་ལ། །ཆད་པ་ངན་སོང་སྡུག་བསྔལ་ཡིན། །རྒྱལ་པོ་ཆོས་བཞིན་མ་བྱས་ན། །ཚེ་འདིར་གྲགས་ས་པ་ངན་པ་དང༌། །རྒྱལ་སྲིད་དག་ཀྱང་འཇིག་འགྱུར་བས། །རང་ཉིད་དགེ་བཅུའི་ཁྲིམས་ལྡན་བྱ། །མི་དགེ་བཅུ་བོ་གང་གིས་ཀྱང༌། །ངན་སོང་གསུམ་དུ་འཁྲིད་བྱེད་ཅིང༌། །མཐོ་རིས་དག་ཏུ་སྐྱེས་ན་ཡང༌། །རྒྱུ་མཐུན་འབྲས་བུ་མི་བཟད་མྱོང༌། །སྐྱེ་རྒུ་ཀུན་ལ་སྲོག་ཕངས་པས། །རྒྱལ་པོས་སྲོག་གཅོད་ཡོངས་སུ་སྤང༌། །སྲོག་གཅོད་ཚེ་ཐུང་ནད་མང་བྱེད། །དེ་བས་རྒྱལ་པོའི་ཡུལ་ཁམས་སུ། །བྱ་དང་རི་དྭགས་ཚུན་ཆད་ལ། །འཚེ་བ་ཅི་ནུས་ཟློག་པར་བྱ། །ལྗོངས་དེའི་མི་དང་དུད་འགྲོ་རྣམས། །འཇིག་མེད་སྲོག་གི་སྐྱབས་བྱའོ། །གལ་ཏེ་མང་པོའི་དོན་གྱི་ཕྱིར། །གདུལ་དཀའི་མི་བསྲུན་གཞན་དུ་བསྐྲད། །ཅིས་ཐབས་ཀྱིས་མི་འཆོས་ན། །སྐྱེ་རྒུའི་ཕུང་སེལ་བྱེད་པ་རྣམས། །བསད་ན་རྒྱལ་ཁམས་བདེ་ཞེས་པ། །རྩོད་དུས་རྒྱལ་པོའི་ལུགས་ལ་ཡོད། །འོན་ཀྱང་སྙིང་རྗེའི་བསམ་པ་ནི། །ནམ་ཡང་གཏང་བར་མི་བྱའོ། །རང་གི་འབྱོར་པས་ཆོག་ཤེས་ནས། །མི་འོས་གཞན་ནོར་འཕྲོག་མི་བྱ། །མ་བྱིན་བླངས་པས་དབུལ་འགྱུར་ཞིང༌། །རང་གི་ལོངས་སྤྱོད་གཞན་གྱིས་འཁྱེར། །འོས་པའི་དཔྱད་དང་རིགས་པ་ཡིས། །ནོར་གྱི་ཆད་པ་ལེན་ན་ཡང༌། །ནོར་ལ་ཉེས་པའི་འདུ་ཤེས་བཞག །བསྐམ་ཆགས་ཆེ་བར་ཡོང་མི་བྱ། །རང་འདོད་གདུག་པས་མ་བསླད་པར། །རྒྱལ་ཁམས་བདེ་བའི་དོན་གྱི་ཕྱིར། །འཚེ་དང་མ་བྱིན་ལེན་ཁོ་ནས། །རྒྱལ་པོ་སྡོམ་མིན་ཅན་མི་འགྱུར། །རང་གི་བཙུན་མོར་དགྱེས་བྱས་ནས། །གཞན་ལ་ལོག་པར་གཡེམ་མི་བྱ། །ལོག་གཡེམ་གྱིས་ནི་འཁོར་མི་སྲུན། །འགྲན་ཟླར་བཅས་པའི་ཆུང་མར་འགྱུར། །རྟག་ཏུ་བདེན་པར་སྨྲ་བ་ནི། །ཆོས་དང་ལྡན་པའི་ཡོན་ཏན་མཆོག །རྫུན་སྨྲས་པས་ནི་སྐུར་བ་མང༌། །གཞན་གྱི་རང་ཉིད་བསླུ་བ་འགྱུར། །ཕ་རོལ་དབྱེ་བར་བྱེད་པ་ཡི། །ཕྲ་མ་སྤངས་ནས་བསྡུམ་པར་བྱ། །ཕྲ་མས་རང་གི་འཁོར་མི་འདུམ། །འཐབ་བྱེད་འཁོར་ངན་འཐོབ་པར་འགྱུར། །མི་བདག་རྟག་ཏུ་ཚིག་འཇམ་ཞིང༌། །སྙན་པ་སྨྲ་ལ་ནན་ཏན་བྱ། །ཚིག་རྩུབ་སྨྲས་པས་ཐབ་མོ་དང༌།ཡིད་མི་འོང་གཏམ་ཐོས་འགྱུར། །དོན་མེད་ཀྱལ་བ་རྣམ་སྤངས་ནས། །ཇི་སྐད་སྨྲས་བཞིན་དོན་ལྡན་བརྗོད། །ངག་འཁྱལ་སྨྲས་པས་ཚིགས་མི་བཙུན། །སྤོབས་པ་མ་ངེས་ཅན་དུ་འགྱུར། །གཞན་འབྱོར་ཆེ་འམ་ཆུང་ཡང་རུང༌། །བརྣབ་སེམས་མི་བྱེད་དགའ་བར་བྱ། །བརྣབས་སེམས་ཡིད་ལ་རེ་བ་འཇོམས། །འདོད་ཆེན་ཆོག་མི་ཤེས་པར་འགྱུར། །གཞན་ལ་གནོད་པའི་སེམས་སྤངས་ཏེ། །ཀུན་ལ་བྱམས་པའི་སེམས་སུ་བྱ། །གནོད་སེམས་ཀྱིས་ནི་ཟུག་རྔུ་མང༌། །གཞན་གྱི་དོན་མེད་གནོད་པར་འབྱུང༌། །ལས་དང་འབྲས་བུ་མེད་ལྟ་བའི། །ལོག་པར་ལྟ་བ་རྩད་ནས་སྤང༌། །ལོག་པར་ལྟ་བ་སྤངས་ན། །སྐྱེ་གཞན་ལྟ་ངན་སྒྱུར་ཅན་འགྱུར། །ལྟ་བ་ངན་པས་བསླད་པ་ལ།