མ་ཎི་བཀའ་འབུམ་ལས་སྤྲེའུ་དང་བྲག་སྲིན་མོ་ལ་བརྟེན་ནས་བོད་ཀྱི་མི་རྣམས་སྤེལ་བའི་མཛད་པའི་སྐོར།
ཨོྃ་མ་ཎི་པདྨེ་ཧཱུྃ།།
སྤྱན་རས་གཟིགས་དབང་བཅུ་གཅིག་ཞལ།།
ཕྱག་སྟོང་ཉོན་མོངས་སྐྱོབ་པའི་ཕྱག །
སྤྱན་སྟོང་ཤེས་རབ་འོད་གསལ་བ།།
འགྲོ་དོན་མཛད་ལ་ཕྱག་འཚལ་ལོ།།
ལྷ་ཇོ་བོ་ཐུགས་རྗེ་ཆེན་པོའི་བཞུགས་གནས་ལྷ་ས་འཕྲུལ་སྣང་གི་གཏེར་ཆོས་འདི་ལ་གཉིས། མཛད་པ་ལོ་རྒྱུས་ཀྱི་སྐོར་དང་། གསུང་སྒྲོས་མན་ངག་གི་སྐོར་རོ།། མཛད་པ་ལོ་རྒྱུས་ཀྱི་སྐོར་ལ་གཉིས། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མཛད་པའི་ལོ་རྒྱུས་དང་། སངས་རྒྱས་གཞན་གྱི་བསྟན་པ་ལ་མཛད་པའི་ལོ་རྒྱུས་སོ།། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མཛད་པའི་ལོ་རྒྱུས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་བཀའ་བསྩལ་བ། བོད་ཁ་བ་ཅན་ཞེས་བྱ་བའི་ཡུལ་ཁམས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུའི་ཞབས་ཀྱིས་མ་བཅགས། གསུང་གི་འོད་ཟེར་གྱིས་མ་ཁྱབ། ཐུགས་ཀྱིས་བྱིན་གྱིས་མ་བརླབས་པ་དེ། བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་འདུལ་བར་འགྱུར་བས། ཐོག་མར་འགྲོ་བ་མི་སྤེལ་ཏེ། ད་ནས་ཟང་ཟིང་དང་ཆོས་ཀྱི་སྦྱིན་པས་བསྡུས་ལ་དེ་དག་གི་རྒྱུ་སྨིན་པར་གྱིས་ཤིག དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སངས་རྒྱས་སྣང་བ་མཐའ་ཡས་ལ་མཉན་ཏེ། རི་བོ་པོ་ཏ་ལའི་རྩེ་མོ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཁང་པར་བྱོན་ཏེ། བོད་ཁ་བ་ཅན་གྱི་གདུལ་བྱ་ལ་གཟིགས་པས། དེར་སྐྱེས་པའི་སེམས་ཅན་རྣམས་ལྕགས་ཀྱི་ཟ་མ་ཏོག་ཁ་བཅད་པ་འདྲ་བར་ངན་སོང་ནས་ཐར་ས་མེད་པར་གཟིགས་ནས། ཕྱག་མཐིལ་གཡོན་པ་ལས་འོད་ཟེར་གཅིག་འཕྲོས་པས། སྤྲེའུ་བྱང་ཆུབ་སེམས་དཔའ་གཅིག་ཏུ་གྱུར་ཏེ་བོད་ཁ་བ་ཅན་གྱི་ནགས་ཁྲོད་དུ་འདུག་ནས་བསམ་གཏན་སྒོམ་པར་བྱེད་དོ།། འཕགས་པ་སྒྲོལ་མས་ཀྱང་ཁ་བ་ཅན་དུ་མི་སྤེལ་བའི་ཆེད་དུ་བྲག་སྲིན་མོ་ཞིག་ཏུ་སྤྲུལ་ལོ།། དེའི་ཚེ་སྟོད་གཡའ་དང་གངས་ཀྱི་བར་ན་གཅན་གཟན་དང་རི་དྭགས། བར་ནགས་དང་བྲག་གི་གསེབ་ན་སྤྲེའུ་དང་བྲག་སྲིན། སྨད་ཐང་དང་ཆུ་ལ་གླང་བོ་ཆེ་དང་བྱ་སྣ་ཚོགས་ཀྱིས་དབང་བྱས་ཏེ། སེམས་ཅན་མི་བྱ་བའི་མིང་ཡང་མེད་པ་ལ། དུས་གཅིག་གི་ཚེ་བྲག་སྲིན་མོ་གཅིག་འདོད་ཆགས་ཀྱིས་གདུངས་པས་སྤྲེལ་མོའི་ཆ་བྱད་དུ་བྱས་ཏེ། ཞག་བདུན་གྱི་བར་དུ་སྤྲེའུའི་དྲུང་དུ་འོངས་ནས། འདོད་པ་སྤྱོད་ཅིག་ཞེས་པའི་བརྡ་བྱས་ཀྱང་། སྤྲེའུ་དེ་འདོད་པས་སེམས་གཡོས་པར་མ་གྱུར་ཏེ། དེ་ནས་བྲག་སྲིན་མོ་དེས་ཡང་སྤྲེའུའི་གམ་དུ་འོངས་ནས་སྨྲས་པ། བདག་ཁྱོད་དང་ཁྱིམ་ཐབ་བྱའོ།། སྤྲེའུས་སྨྲས་པ། བདག་ཁྱོད་དང་ཁྱིམ་ཐབ་བྱར་མི་རུང་ངོ་།། བྲག་སྲིན་མོས་སྨྲས་པ། སྤྲེའུའི་རྒྱལ་པོ་བདག་ལ་དགོངས་ཤིང་གསོན།། བདག་ནི་ལས་ཀྱི་དབང་གིས་སྲིན་མོར་སྐྱེས།། འདོད་པའི་དབང་གིས་ཁྱོད་ལ་ཞེན་ཅིང་ཆགས།། ཆགས་པའི་དབང་གིས་ཁྱོད་ལ་འཁོར་ཞིང་གསོལ།། ཁྱོད་ཀྱིས་བདག་ལ་ཁྱིམ་ཐབ་མ་བྱས་ན།། བདག་ནི་སྲིན་པོ་དག་དང་འགྲོགས་པར་བྱེད།། སྲིན་པོའི་ཕྲུ་གུ་དཔག་མེད་སྐྱེས་གྱུར་ནས།། ནང་མ་རེ་ལ་སྲོག་ཆགས་སྟོང་སྟོང་ཟ།། ཉིན་མ་རེ་ལ་སྲོག་ཆགས་ཁྲི་ཁྲི་གསོད།། ཁ་བ་ཅན་གྱི་ཡུལ་ཕྱོགས་འདི་དག་ཉིད།། སྲིན་པོའི་རང་བཞིན་དག་ཏུ་གྱུར་ནས་ཀྱང་།། སྲོག་ཆགས་གཞན་དག་སྲིན་པོའི་ཟ་བར་འགྱུར།། བདག་ནི་ལས་ཀྱི་དབང་གིས་ཤི་ནས་ཀྱང་།། སེམས་ཅན་དམྱལ་བ་ཆེན་པོའི་གནས་སུ་ལྷུང་།། དེ་ཕྱིར་བདག་ལ་དགོངས་ཏེ་ཐུགས་རྗེས་བཟུང་།། དེ་ནས་སྤྲེའུ་དེས་ཆགས་པ་མེད་པའི་སྙིང་རྗེས་ཀུན་ནས་སླངས་ཏེ། འཕགས་པ་ལ་གསོལ་བ་བཏབ་པ། ཀྱེ་མ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན།། བདུད་ཀྱི་རིགས་ཀྱི་སྲིན་མོ་ཆགས་ཅན་ཞིག ། བདག་ལ་ཐོ་འཚམ་བར་ཆད་བྱེད་དུ་བྱུང་།། དེ་ལ་བདག་གིས་ཇི་ལྟར་བགྱི་བར་སྩོལ།། འཕགས་པས་བཀའ་སྩལ་བ། བྲག་སྲིན་མོ་དང་ཁྱིམ་ཐབ་གྱིས་ཤིག ཁྱོད་ཀྱི་བུ་ཚ་རིགས་རྒྱུད་འཕེལ་ཏེ། མཐར་མིར་གྱུར་ནས་ཆོས་ཀྱི་རྟེན་དུ་གྱུར་རོ།། དེ་ནས་སྤྲ