དབང་མཛད་བཅུ་གཉིས་དུས་ཀྱི་དཔལ་འབྱོར་གཉེར་ཚུལ་བཤད་པ།
དེ་ཡང་དབང་མཛད་བཅུ་གཉིས་ནི་ལོ་ངོ་སྟོང་ཕྲག་གསུམ་གྱི་སྔ་རོལ་ནས་རིམ་པར་བྱོན་པ་གཞི་བྱས་ནས་ཅུང་ཟད་དཔྱད་ན། དུས་སྐབས་དེར་བོད་ཀྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་སྟེ། ཞིང་ཕྱུགས་ཐོན་སྐྱེད་དང་ལག་ཤེས་བཟོ་ལས་ངེས་ཅན་རེ་གཉེར་བཞིན་ཡོད་པ་རེད། བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་མཁར་རོ་གྲོང་ཚོའི་ཉེ་འདབས་སུ་ལོ་ངོ་སྟོང་ཕྲག་བཞི་ལྔའི་སྔོན་གྱི་གནའ་ཤུལ་རྨིད་གྲུ་བཞི་མ་ཆིག་ཁྲི་ཙམ་རྙེད་པ་ལས་ཁང་པ་ཉེར་བདུན་དང་ལོ་ཏོག་སའོ(粟)འབོར་ཆེན་ཐོན་པ་ལྟར་ན། སྐབས་དེར་ས་བབ་དམའ་ཞིང་གནམ་གཤིས་དྲོ་བ་དང་ཆུ་ཁུངས་འཛོམས་པའི་ས་ཆར་གྲོང་ཚོ་གཏན་སྡོད་བྱེད་ཅིང་། སྤང་ཐང་ཞིང་དུ་རྨོས་ནས་ལོ་ཏོག་འདེབས་འཛུགས་བྱེད་པ་དང། 《བཀའ་ཐང་སྡེ་ལྔ》ལས་དབང་མཛད་བཅུ་གཉིས་ཀྱིས་རྐྱང་དང་། འབྲོང་། གནའ། རྒོ་བ། ཕག་རྒོད་སོགས་རི་སྐྱེས་སྲོག་ཆགས་རྣམས་བཟུང་ནས་རྟ་ནོར་ར་ཕག་སོགས་སུ་བཏུལ་ཏེ་ཕྱུགས་ལས་ཐོན་སྐྱེད་ཀྱང་གཉེར་གྱིན་ཡོད་པ་ལོ་ངོ་སྟོང་ཕྲག་བཞི་ཙམ་འགོར་བའི་བོད་ལྗོངས་ཤན་རྩ་རྫོང་ཁོངས་ཀྱི་ཇགས་གླི་བྲག་རིས་སུ་རྟ་ཞོན་ནས་གཡག་འདེད་ཅིང་ཁྱི་ཁྲིད་པ་སོགས་བརྐོས་ཡོད་པ་དང་། ལོ་སྟོང་ཕྲག་བཞི་ལྔའི་སྔོན་གྱི་མཁར་རོའི་གནའ་ཤུལ་ནས་ཕག་དང་གནའ་སོགས་སྲོག་ཆགས་བཅུ་ཕྲག་འགའི་རུས་པ་ཐོན་པ་དང་། ཐོག་ཁང་རིམ་པ་གཉིས་ཅན་ཡོད་པའི་གཤམ་འོག་ཏུ་ཕྱུགས་ཟོག་འཇུག་པ་བཅས་ལས་རྟོགས་ཐུབ། དེ་མིན་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་མེ་ཏོག་ཞང་མེ་ཏོག་གྲོང་ཚོ་དང་ཉིང་ཁྲི་རང་དུ་རྡོ་ཆས་གསར་མའི་དུས་ཀྱི་རྫ་ཆས་ཐོན་ཞིང་། ཆབ་མདོ་ས་ཁུལ་གྱི་ཞའོ་ཨེན་ཏེ་ས་ཆར་ལོ་ངོ་སྟོང་ཕྲག་བཞིའི་སྔོན་གྱི་དུར་ཐོན་པ་ལས་རྫ་ཆས་ཡོད་པ་དང་། མཁར་རོ་གནའ་ཤུལ་ལས་རྫ་ཆས་ཚོགས་ཐོན་ཞིང་རྫ་ངོས་སུ་ཐགས་འཐག་པའི་རི་མོ་ཡོད་པ་བཅས་ལ་བརྟགས་ན། སྐབས་དེར་ས་རྫ་བསྲེགས་ནས་དཀར་ཡོལ་དང་སྡེར་མ་སོགས་འཚོ་བའི་ཡོ་བྱད་སྣ་ཚོགས་ལས་ཏེ་བཀོལ་སྤྱོད་དམ་བརྗེ་རེས་བྱེད་ཅིང་། བལ་སྐུད་ལ་སོགས་པས་ཐགས་འཐག་ནས་གྱོན་ཆས་དང་སྦྲ་གུར་སོགས་བཟོ་བར་མ་ཟད། གནའ་བོའི་ཡིག་ཚང་རྣམས་སུ། ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་།། སྟ་རེ་དགྲ་སྟ་དུས་དེར་ལག་ཆར་བྱུང་།། ལག་ཆར་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང་།། ཞེས་པ་ཇི་བཞིན་ཟངས་ལྕགས་བཙོ་སྦྱངས་བྱས་ནས་མདའ་གྲི་མདུང་གསུམ་སོགས་དགྲ་འཐབ་ཀྱི་མཚོན་ཆ་དང་འཚོ་བའི་ཡོ་བྱད། ཐོན་སྐྱེད་ཀྱི་ལག་ཆ། མཛེས་པའི་རྒྱན་ཆ་བཅས་བཟོས་ནས་བཀོལ་སྤྱོད་དང་ཚོང་ཟོག་བརྗེ་རེས་བྱེད་པ་བོད་ལྗོངས་སུ་ལོ་ངོ་སྟོང་སྔོན་གྱི་ཟངས་ཆས་ཐོན་པ་ལས་གསལ་བོར་རྟོགས་ཐུབ། མདོར་ན། དབང་མཛད་བཅུ་གཉིས་ཀྱི་རྗེས་མ་བཞིའི་རིང་ལ་བཟོ་ཞིང་ཕྱུགས་གསུམ་དང་ལག་ཤེས་བཟོ་ལས་དར་བར་བརྗོད་པ་བཞིན་སྐབས་དེ་དག་ཏུ་སྔར་གྱི་མ་རྨོས་ལོ་ཏོག་འཐུ་བ་དང་རི་སྐྱེས་སྲོག་ཆགས་རྔོན་པ་སོགས་ཀྱི་རྨང་གཞིའི་སྟེང་ཞིང་ཕྱུགས་ལས་དང་། ལག་ཤེས་བཟོ་ལས། དངོས་ཟོག་བརྗེ་རེས་བཅས་ཀྱི་ལས་བྱུང་བས། སྐབས་དེའི་སྤྱི་ཚོགས་ཧྲིལ་པོ་གོང་དུ་འཕེལ་བར་དཔལ་འབྱོར་ཀྱི་ཆ་རྐྱེན་ངེས་ཅན་ཞིག་བསྐྲུན་པ་རེད།