བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་བ་དང་སྤུ་རྒྱལ་གྱི་གདུང་རབས་དབུ་བརྙེས་པ།
བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཇི་ལྟར་བྱོན་ཚུལ་ཐད་ལ་བཤད་ཚུལ་འདྲ་མིན་ཡོད་དེ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ལ་ལར་གནམ་གྱི་ལྷ་ལས་མིའི་རྗེ་བོར་ཕེབས་ཟེར་བ་དང༌། རྒྱ་གར་གྱི་ཤཱཀྱའི་རིགས་རྒྱུད་ཆེ་གེ་མོ་ཞིག་ལས་བྱུང་ཟེར་བ། ཤར་ཕྱོགས་ནས་ཡོང་བའི་འཕན་མྱི་ཡིན་ཟེར་བ་སོགས་བཞེད་ཚུལ་མི་འདྲ་བ་སྣང༌།
གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཡིན་ཞེས་པ་འདི་ནི་ཆེས་གནའ་དུས་ནས་ཡོད་པའི་བཤད་ཚུལ་ཞིག་ཡིན་ཏེ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་སྙིང་དང༌། 《ལྡེའུ་ཆོས་འབྱུང་》སོགས་ལོ་རྒྱུས་ཡིག་ཚང་ཁུངས་བཙུན་པ་དག་ཏུ་འཁོད་པ་ལྟར་ན། གཅིག གཉའ་ཁྲི་བཙན་པོ་ལྷ་དང་གནོད་སྦྱིན་སོགས་དངོས་མེད་ཀྱི་རིགས་གང་ཡང་མིན་པར་བོད་མི་རྣལ་མ་ཞིག་ཡིན་པ། གཉིས། གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ནི་བོད་ལྗོངས་སྤུ་བོའི་ཡུལ་ཏེ། ད་ལྟ་ཉིང་ཁྲི་ས་ཁུལ་ཁོངས་སྤོ་མེས་རྫོང་ནས་ཡིན་པ་དང༌། ཁོང་ནི་སྤོ་ཡུལ་གྱི་མོ་བཙུན་བྱ་བའི་བུ་སྤུན་དགུའི་ཐ་ཆུང་ཡིན་པ། གསུམ། གཉའ་ཁྲི་བཙན་པོ་ཁོང་ཐུགས་རྒྱུད་གྱོང་ལ་རྩལ་སྟོབས་ཆེ་བས་ཡུལ་དེའི་འགོ་བའི་བརྙས་དམོད་དང་ཁྲིམས་སོགས་འཁུར་དུ་མ་གཟོད་པས་ཡུལ་མི་ཚོས་ཕྱིར་འབུད་བྱས་པ། བཞི། གཉའ་ཁྲི་བཙན་པོའི་གཤེགས་(འདིར་སོང་པའི་དོན་ལ་འཇུག)རབས་ཉི་ཤུ་རྩ་བདུན་ཞེས་པའི་ནང་གི་ས་མིང་མང་པོ་ཞིག་ད་ལྟའང་ངོས་འཛིན་རྒྱུ་ཡོད་པ་མ་ཟད། གོ་རིམ་ཡང་སྤོ་ཡུལ་ནས་ཀོང་པོ་དང༌། དེ་ནས་དྭགས་པོ་བརྒྱུད་ཡར་ལུང་དུ་ཕེབས་པ་གསལ་པོ་ཤེས་ཐུབ་པ། ལྔ། གཉའ་ཁྲི་བཙན་པོ་དང་ཁོང་གི་གདུང་རྒྱུད་ལ་སྤུ་རྒྱལ་ཞེས་པའི་མཚན་ཐོགས་དོན་ཡང་སྤུ་བོའི་ཡུལ་ནས་བྱོན་པའི་རྒྱལ་པོ་དེ་ལ་མཚན་སྤུ་རྒྱལ་ཞེས་ཐོགས་པ་བཅས་ཡིན་ནོ།
གཉའ་ཁྲི་བཙན་པོས་བོད་ཀྱི་རྗེ་བོ་མཛད་པ་དེ་ནས་བཟུང་སྤུ་རྒྱལ་གྱི་གདུང་རབས་དབུ་བརྙེས་ཤིང༌། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། བོན་གྱི་ལོ་རྒྱུས་ལ་ལར་གསས་མཁར་གཡུང་དྲུང་ལྷ་རྩེ་བྱ་བ་དང༌། སྐུ་མཁར་ཕྱིང་བ་སྟག་རྩེ་ཡང་བཙན་པོ་འདིའི་རིང་ལ་བརྩིགས་པར་བཤད། བོན་གྱི་ལུགས་དར་རྒྱས་སུ་མཛད་ཅིང༌། མཚེ་མི་གཤེན་གྱི་སྨུ་རྒྱལ་གྱིས་བོན་བསྒྱུར་བར་གྲགས། སྣུབས་རྗེ་སྲིད་པ་ལ་སོགས་འབངས་སུ་འདུས་ཤིང༌། སྐབས་དེའི་འགོ་དཔོན་གྱི་ཁྲོད་དུ་དབུ་རྨོག་བཙན་ལ་སྙན་གྲགས་ཆེ་བ་ཞིག་བྱུང་བར་སྣང༌། གནམ་མུག་མུག་གམ་མུ་ཚོ་བཟའ་བྱ་བ་ཁབ་ཏུ་བཞེས་པར་སྲས་མུ་ཁྲི་བཙན་པོ་འཁྲུངས།