བོད་བཙན་པོའི་བང་སོ།
སྤུར་རྒྱལ་བཙན་པོའི་བང་སོ་ཞེས་པ་འདི་ནི་བོད་ཀྱི་བཙན་པོའི་དུས་སྐབས་སུ་བཏབ་པའི་ཆོས་རྒྱལ་གྱི་བང་སོ་ཡིན། དེ་ནི་ལྷོ་ཁ་འཕྱོངས་རྒྱས་རྫོང་ཁོངས་སུ་མུ་ར་རེའི་འདབས་སུ་བཏབ་ཡོད། བང་སོ་ནི་བཙན་པོ་དང་གོང་མ་རྣམས་ཀྱི་དུར་སའི་ཞེ་ས་ཡིན།
དེ་ཡང་ལོ་རྒྱུས་དེབ་ཐེར་རྣམས་ལས་འབྱུང་བ་ན། གཉའ་ཁྲི་བཙན་པོ་སོགས་གནམ་ཀྱི་ཁྲི་བདུན་རྣམས་རིམ་པ་བཞིན་དུ་རྨུ་ཐག་ལ་འཇུས་ནས་རྨུ་སྐས་ལ་འཛེགས་ཏེ་ནམ་མཁའི་དབྱིངས་སུ་འཇའ་ཚོན་ཡལ་བ་ལྟར་སོང་བ་ན་དེ་རྣམས་གྲོངས་པའི་བང་སོ་གནམ་ལ་བཏབ་པར་གྲགས།
སྟོད་ཀྱི་སྟེང་གཉིས་ཀྱི་དང་པོ་རྒྱལ་བོ་གྲི་གུམ་བཙན་པོ་དང་། བློན་པོ་ལོ་ངམ་རྟ་རྫི་གཉིས་འཐབ་སྟེ་རྒྱལ་པོ་བཀྲོངས། རྒྱལ་པོ་ལོ་ངམ་རྟ་རྫིའི་གཡོ་འོག་ཏུ་ཚུད་པས་གནམ་གྱི་རྨུ་ཐག་རང་ཉིད་ཀྱི་བཅད་པས་མཁར་བྱོན་མ་ཐུབ་པར་ས་ཐོག་ཏུ་ལུས་ནས་པུར་བྱུང་བ་ལས་བོད་ཀྱི་བཙན་པོའི་བང་སོ་བརྩིགས་པའི་སྲོལ་དར་བ་ཡིན། རྒྱལ་པོ་གྲི་གུམ་བཙན་པོ་ནས་གླང་དར་མའི་བར་དུ་སྟོད་ཀྱི་སྟེང་གཉིས། སའི་ལེགས་དྲུག་བར་གྱི་ལྡེ་བརྒྱད། འོག་གི་བཙན་ལྔ། སྐྱིད་པའི་གདུང་རབས་བརྒྱད། ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ། སྨད་ཀྱི་སྟེང་གཅིག་བཅས་བཙན་པོ་སུམ་ཅུ་སོ་ལྔ་རིམ་པར་བྱོན་པ་ཀུན་ལ་བང་སོ་མཆིས་ཤིང་། བང་སོ་བཏབ་ཡུལ་ཐད་ལའང《མཁས་པའི་དགའ་སྟོན》དུ“སྟེང་གཉིས་བང་སོ་རྫ་སྤང་གཡའ་ལ་བཏབ”ཅེས་རི་སྒང་གི་ཆེས་མཐོ་སར་བཏབ་པ་དང་། “ལེགས་དྲུག་བང་སོ་གཞུང་ལ་བཏབ”ཅེས་ཆུ་ནང་དུ་བསྐྱུར་བ་དང་། “བཙན་ལྔ་མན་ཆད་བང་སོ་འཕྱིང་ཡུལ་ལ་བཏབ”ཅེས་གསུང་ཤིང་། བང་སོའི་བཟོ་དབྱིབས་ལ་ཡང་སྣ་ཚོགས་ཡོད་པ་ལས་གཙོ་ཆེ་བ་གཉིས་སུ་འདུ་པར་སྣང་སྟེ་སྟོད་ཀྱི་སྟེང་ཉིས་ནས་འོག་གི་བཙན་ལྔ་ཡན་ཆད་ཀྱི་བཙན་པོའི་བང་སོ་རྫ་རི་མཐོ་ཞིང་བཙན་པོའི་གནས་སུ་བརྩིགས་ཤིང་། བང་སོ་བརྩིགས་པའི་དབྱིབས་ཟླུམ་པོ་ཉིད་དུ་ངེས། དེ་མན་ཆད་ནས་བཙན་པོའི་བང་སོ་རི་ལ་བརྩིགས་པ་ལས་ཡུལ་དུ་འདེབས་པའི་སྲོལ་དུ་གནས་སྤོས། གནམ་རི་སྲོང་བཙན་གྱི་དུས་ནས་བང་སོ་གྲུ་བཞིར་བརྩིགས་པའི་སྲོལ་དར།
ཆོས་རྒྱལ་བང་སོར་བང་སོ་ཅི་ཙམ་ཡོད་མེད་སྐོར《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་ལྟར་ན་ས་དེར་བང་སོ་ཉི་ཤུ་རྩ་གཅིག་ཙམ་ཡོད་འདུག་ཀྱང། ད་ཆ་དེ་ལྟ་བུའི་མང་པོ་མཐོང་རྒྱུ་མེད་པ་ནི་ལ་ལ་དམག་འཁྲུག་དང་དུས་ཟིང་ནང་གཏོར་བརླག་སོང་བའམ་ཡང་ན་ལ་ལ་ཆར་ཆུས་འཇིག་པ་གང་རུང་བྱུང་བར་ངེས། ཡང་སྙིང་བང་སོ་ཁ་གྲངས་ཅི་ཙམ་ཡོད་མེད་ནི་མཁས་དབང་རྣམས་ཀྱིས་རྟོག་ཞིབ་གནང་གཞིར་གྱུར། ད་ཆ་མུར་རིའི་འདབས་སུ་བང་སོ་བརྒྱད་དགུ་ཙམ་ཞིག་དངོས་སུ་མཐོང་རྒྱུ་ཡོད་ཀྱང་བང་སོ་དེ་དག་གི་ནང་དུ་བཙན་པོ་སུ་དང་སུའི་བང་སོ་ཡིན་མིན་ཐད་ལ་ཡང་ཡོངས་སུ་གཏན་འཁེལ་བའི་ཚིག་ཐག་གཅོད་པར་དཀའ། འོན་ཀྱང་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན། ཁྲི་རལ་བ་ཅན་བཅས་ཀྱི་བང་སོ་ངོས་འཛིན་རྒྱུའི་ཐད་ཕལ་ཆེ་བ་གཅིག་མཐུན་ཡིན། ད་ཡོད་ཀྱི་བང་སོ་རྣམས་ནི་ས་རྡོས་བརྩིགས་པའི་ཐོག་ལེབ་མོ་ཤ་སྟག་རེད། བང་སོའི་ཞིག་ཁ་ནས་གྱང་ཤུལ་བང་རིམ་གསལ་པོ་མཐོང་རྒྱུ་འདུག་པར་གྱང་སྟར་རེའི་དབར་ལ་མཐོ་ཚད་སྨུད་བཅོ་ལྔ་ནས་ཉི་ཤུ་བར་ཟིན། དང་ཐོག་བང་སོ་དེ་དག་སྟེང་དབྱིབས་གྲུ་བཞི་ཡིན་སྲིད་ཀྱང་དུས་ཡུན་རིང་བོའི་ནང་ཆར་ཆུས་བཤལ་བའི་དབང་གིས་ད་ཆ་བང་སོའི་སྟེང་ཐོག་རྣམས་དབྱིབས་སྒོར་མོ་ཆགས་ཡོད། མུར་རིའི་རི་སྐེད་མཚམས་སུ་བང་སོ་ཞིག་ཡོད་པ་དེ་ནི་བང་སོ་ཀུན་ལས་གནས་ས་མཐོ་ཤོས་དང་ཆེ་ཤོས་ཡིན་པས་བང་སོ་དེའི་སྟེང་དུ་ལངས་ནས་ལྟ་སྐབས་རི་གཤམ་གྱི་བང་སོ་ཐམས་ཅད་གསལ་པོར་མཐུང་ཐུབ། བང་སོ་དེའི་ཤར་དུ་གཟུགས་ཚད་སྤྱི་ཁྲེ་གཅིག་དང་སྐར