བོད་དུ་འགྲོ་བ་མི་བྱུང་ཚུལ།
རང་ཅག་བོད་དུ་ཡོངས་གྲགས་སུ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང༌། མ་སྲིན་མོ་བྲག་སྲིན་གཉིས་ཀྱི་བུ་རྒྱུད་ལས་མིའི་རིགས་འཕེལ་བ་ཡིན་ཟེར་བ་དང༌། དེ་མིན་བོན་ལུགས་ཀྱི་འགྲོ་བ་མིའི་ཐོག་མ་སྒོ་ང་ལས་བྱུང་བའི་བཤད་ཚུལ་དང༌། མི་རིགས་གཞན་ལས་ཆད་ཚུལ་སྨྲ་བ་སོགས་མང་མོད། མདོར་ན་བོད་ཀྱི་མིའི་འབྱུང་ཁུངས་ནི་ཡར་ཀླུང་གཙང་པོའི་ཆུ་བརྒྱུད་ཀྱི་ནགས་ཚལ་དུ་གནས་ཤིང་ཤིང་འབྲས་ཟ་བའི་སྤྲ་རིགས་ཆུང་བ་དང༌། བྲག་ཕུག་ཏུ་སྡོད་ཅིང་སྲོག་ཆགས་ཀྱི་ཤ་ཁྲག་ལ་རོལ་བའི་སྤྲ་རིགས་ཆེ་བ་གཉིས་ཕན་ཚུན་འདུས་པ་ལས་འཕེལ་བའི་ཕྲུ་གུ་རྣམས་རིམ་འགྱུར་གྱིས་བྱུང་བ་དེ་ཡིན་པ་ཤེས་པར་བྱའོ།། བོད་མི་ནི་སྤྲེའུ་དང་བྲག་སྲིན་མོ་འདུས་པའི་རྒྱུད་ལས་ཆད་པའི་བཤད་ཚུལ་དེ་རིགས་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་མཐུན་པ་ཞིག་ཡིན་ལ། འཛམ་གླིང་ཐོག་མི་ཡི་འགྲོ་བ་འཕེལ་ཚུལ་གྱི་གཞུང་ལུགས་ཐད་ལ་རང་རེའི་མི་རིགས་འདིས་ཆེས་སྔ་ཤོས་ཀྱི་བྱས་རྗེས་རླབས་པོ་ཆེ་བཞག་པ་ཞིག་ཀྱང་ཡིན།
དེ་མིན་ལོ་རྒྱུས་ཀྱི་ཡིག་རིགས་དེབ་ཐེར་ཁག་དང༌། གནའ་རབས་ཀྱི་རིག་གནས་དངོས་པོ་འབོར་ཆེན་ཐོན་པ། དམངས་ཁྲོད་ཀྱི་གཏམ་རྒྱུད་སོགས་ཚང་བའི་ཐོག་ནས་མི་ལོ་སྟོང་ཕྲག་མང་པོ་དང༌། ཡང་ན་མི་ལོ་ཁྲི་ཕྲག་འགའ་ཞིག་གི་སྔོན་ནས་བོད་ཡུལ་འདི་ཉིད་དུ་བྱུང་ཞིང་འཕེལ་བའི་འགྲོ་བ་མིའི་རིགས་གནས་ཡོད་པ་ལས། ཡུལ་ཕྱོགས་གང་ཞིག་ནས་གསར་དུ་སྤོས་འོངས་ཏེ་དེའི་རྒྱུད་པ་ལས་བོད་ཀྱི་མི་རྣམས་བྱུང་བ་ནི་རྩ་བ་ནས་མ་ཡིན་ནོ།། འོན་ཀྱང་བོད་རིགས་འདིའང་མི་རིགས་གཞན་དང་འདྲ་བར་མི་རིགས་ཀྱི་གྲུབ་ཆའི་ངོས་ནས་བཤད་ན། གྲུབ་ཆ་གཅིག་ཁོ་ན་མ་ཡིན་པར་གྲུབ་ཆ་མང་པོ་ཡོད་པའི་མི་རིགས་ཤིག་ཡིན་སྲིད། དཔེར་ན། བོད་ཀྱི་མི་རིགས་ཆགས་པའི་བརྒྱུད་རིམ་ནང་རྒྱ་རིགས་དང༌། འཇང་རིགས། སོག་རིགས་སོགས་ཉེ་འདབས་ས་འབྲེལ་གྱི་ཡུལ་གྲུར་གནས་པའི་མི་རྣམས་ཕན་ཚུན་རྒྱུད་པ་འདྲེས་ཏེ་མི་རིགས་སོ་སོའི་ཁོངས་སུ་གཏོགས་པའང་བྱུང་ཡོད་པ་ནི་སྨོས་མ་དགོས་པ་ལགས་སོ། །