བཙན་པོ་སྲོང་བཙན་སྒམ་པོའི་སྐོར། (སྨད་ཆ)
བཙན་པོ་སྲོང་བཙན་སྒམ་པོའི་སྐོར། (སྨད་ཆ)
གསུམ། ད་ལྟའི་བོད་ཡིག་གསར་གཏོད་མཛད་པ།
ཡི་གེ་ནི་སྤྱི་ཚོགས་ཀྱི་རྣམ་པ་དང་དུས་རིམ་གང་དུའང་མེད་མི་རུང་བ་ཞིག་ཡིན་པ་དང་། ནང་སྒོས་སུ་སྲོང་བཙན་སྒམ་པོའི་སྐབས་བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་རིམ་གྱིས་ཇེ་ཆེར་ཕྱིན་པས་མཐའ་བཞིའི་རྒྱལ་ཁབ་ཚོས་ཀྱང་ཕོ་ཉ་མངགས་ཏེ་འཚམས་ཞུ་དང་འབུལ་སྐྱེས་སོགས་སོ་སོའི་ཡུལ་གྱི་ཡི་གེར་བྲིས་ནས་བསྐུར་བ་ལ། དུས་དེར་བོད་རང་ལ་ཡི་གེ་མེད་པས་སྐྱེས་ལན་དང་འཕྲིན་ལན་བསྐུར་བར་རྒྱལ་ཁམས་དེ་དག་གི་ཡི་གེ་འབྲི་བའམ། ཡང་ན་ངག་འཕྲིན་ཙམ་ལས་བསྐུར་མ་ཐུབ་པས་བཙན་པོའི་དགོངས་པར་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་ཞིག་གསར་སྐྲུན་མ་བྱས་ཐབས་མེད་འདུག་འཆར་ནས། བློན་པོའི་བུ་རིག་པ་རྣོ་པ་བཅུ་དྲུག་ལ་གསེར་གྱི་རྫོངས་བ་དང་བཅས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་མོད། ལ་ལ་ལམ་བགྲོད་དཀའ་བ་ལ་འཇིགས་ནས་འགྲོ་མ་ནུས། ལ་ལ་རྒྱ་གར་དུ་སླེབས་ཀྱང་ཚད་པས་ཤི། ལ་ལ་རྒྱ་སྐད་མ་ཤེས་པར་ཕྱིར་ལོག དེ་ནས་རྒྱལ་པོས་ཐོན་མི་རྒྱ་གར་ཏུ་མངགས། ཐོན་མིས་རྒྱ་གར་ནས་བྲམ་ཟེ་ལི་བྱིན་དང་། སློབ་དཔོན་ལྷ་རིག་པའི་སེང་གེ་སོགས་མཁས་པ་མང་དུ་བསྟེན་ནས་མཁས་པའི་རྩེ་མོར་སོན་པར་གྲགས། དེ་ནས་ཕྱིར་བོད་དུ་སླེབས་ནས་བོད་ཡིག་གསར་གཏོད་མཛད་ཅིང་དེའི་སྐོར་ལ་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང་འདིར་ཞིབ་ཏུ་མ་བཀོད་དོ། བཞི། བཙུན་མོ་ཆེ་ཆུང་ཁབ་ཏུ་བཞེས་པའི་སྐོར། སྲོང་བཙན་མཆོག་གིས་སྔ་རྗེས་སུ་མོང་བཟའ་ཁྲི་ལྕམ་དང་། ཞང་ཞུང་བཟའ་ལི་ཐིག་སྨན། མི་ཉག་རུ་ཡོང་བཟའ་རྒྱལ་མོ་བཙུན་བཅས་རིགས་མཐུན་གྱི་བཙུན་མོ་གསུམ་ཁབ་ཏུ་བཞེས། དེ་ནས་བཙན་པོས་བོད་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། རྒྱ་བལ་སོགས་ནས་ཡུལ་གྱི་རིག་གནས་དང་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་འདུ་པའི་ཆེད་དུ་བལ་བོའི་ཡུལ་ལྷ་གཅིག་ཁྲི་བཙུན་དང་། རྒྱ་ནག་ཡུལ་གྱི་ལྷ་གཅིག་ཀོང་ཇོ་གཉིས་འཇིག་རྟེན་མི་ཆོས་དང་བསྟུན་པའི་སྒོ་ནས་བཙུན་མོར་བཞེས་ཕྱིར་བློན་པོ་མགར་སོགས་ཕོ་ཉར་མངགས་ཤིང་སྔ་རྗེས་སུ་བལ་བཟའ་ཁྲི་བཙན་དང་རྒྱ་བཟའ་ཀོང་ཇོ་གཉིས་བོད་ཀྱི་བཙན་པོའི་བཙུན་མོ་དམ་པའི་ཁྲི་ལ་དབང་བསྐུར། བཙུན་མོ་གཉིས་ཀྱིས་རང་རང་ཡུལ་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་ཇོ་བོ་ཤཱཀྱ་མུ་ནེ་གཙོ་བྱས་བཟོ་ཡི་རིག་བྱེད། སྨན་དཔྱད། རིན་པོ་ཆེའི་དངོས་པོ་ཟད་མི་ཤེས་པ་སོགས་རྫོངས་སྐྱེས་བསྣམས་ཡོང་པ་རེད། དེ་ལྟར་བལ་བོད་དང་རྒྱ་བོད་བར་ཡུན་རིང་མཛའ་མཐུན་པར་གྱུར་ཏེ་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་མོ་ལྡན་ནོ།། ལྔ། ལྷ་ས་གཙུག་ལག་ཁང་སོགས་བཞེངས་ནས་བོད་དུ་སངས་རྒྱས་བསྟན་པའི་སྲོལ་གཏད་པ། བཙན་པོ་སྲོང་བཙན་སྒམ་པོས་བོད་ཡོངས་གཅིག་གྱུར་གྱི་སྲིད་དབང་བཙུགས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཁྲིམས་སྲོལ་གཏན་འབེབས། དམག་དོན་གྱི་སྟོབས་ཤུགས་སྒྲིག་འཛུགས། བོད་ཡིག་གསར་བཅོས་སོགས་རླབས་ཆེ་བའི་མཛད་པ་རབས་དང་རིམ་པ་ཞིག་ཕྱག་ལེན་གནང་པའི་ཁྲོད། བོད་ཡུལ་འདི་ཡུན་རིང་བདེ་སྐྱིད་ཀྱི་དཔལ་ལ་འགོད་དགོས་ན་ད་དུང་དེ་ཙམ་གྱིས་མི་འདང་པར། མི་ལོ་སྟོང་ཕྲག་དུ་མའི་རིང་སིལ་བུར་གནས་པའི་བོད་ཀྱི་རུས་རྒྱུད་ཚོ་བ་རྣམས་གཅིག་འོག་གཅིག་མི་འདུ་བའི་བག་ཆགས་མེད་པར་བཏང་སྟེ་གཅིག་གྱུར་གྱི་བསམ་བློའི་ཀ་རྟེན་ཞིག་ངེས་པ་འཛུགས་དགོས་པར་དགོངས། དེ་ནས་ར་ས་གཙུག་ལག་ཁང་དང་ར་མོ་ཆེའི་གཙུག་ལག་ཁང་སོགས་བརྟེན་དང་རྟེན་པ་མང་པོ་བཞེངས་སོ།། དྲུག ཆབ་སྲིད་མཐའ་བཞིར་བཀྱེད་ནས་བོད་ཀྱི་དཔལ་འབྱོར་གོང་སྤེལ་མཛད་པ། བོད་ཡོངས་གཅིག་གྱུར་དང་མངའ་ཁོངས་རྒྱ་ཆེར་བསྐྱེད་པའི་ཆ་རྐྱེན་འོག མཐའ་བཞིའི་རྒྱལ་ཁམས་རྣམས་དང་འབྲེལ་བ་རྒྱ་ཆེར་འཛུགས་པའི་ཐབས་ཤེས་ལ་བརྟེན་ནས་གཅིག་གྱུར་བྱུང་མ་ཐག་པའི་བོད་ཀྱི་ཆབ་སྲིད། རིག་གནས། དམག་དོན་ཙམ་དུ་མ་ཟད། ལྷག་པར་སྤྱི་ཚོགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ཐད་ལའང་མཛད་རྗེས་རླབས་པོ་ཆེ་ཞིག་འཇོག་གནང་མཛད་ཡོད། སྐབས་དེའི་ལོ་རྒྱུས་ཀྱི་མཚན་སྙན་གྲགས་ད་ལྟའང་འཛམ་གླིང་དུ་གསལ་བ་ཞིག་བྱུང་བ་དེ་ལ་རྒྱུ་རྐྱེན་མང་པོ་ཡོད་ཀྱང་། གལ་ཆེ་བའི་ཉམས་མྱོང་ཞིག་ནི་ཡུལ་ཁམས་གཞན་དང་མི་རིགས་གཞན་གྱི་སྔོན་ཐོན་གྱི་ལེགས་ཆ་མཐའ་དག་སློབ་སྦྱོང་ངམ། བཅུད་ལེན་བྱས་ཏེ་རང་གི་མི་རིགས་དེ་སྟོབས་འབྱོར་དང་དཔལ་ཡོན་རབ་ཏུ་འབར་བ་ཞིག་ཏུ་འགྱུར་བར་མཛད་བར་མཛད་པ་དེ་ཡིན།