བོད་རྒྱལ་བཙན་པོའི་སྐབས།
ཕོ་བྲང་ཡུམ་བུ་བླ་སྒང་།
གནམ་གྱི་ཁྲི་བདུན།
༡ གཉའ་ཁྲི་བཙན་པོ། ཁྲི་བཙན་པོ་འོད་ལྡེ་ཡང་ཞུ་བོད་རྒྱལ་ཐོག་མ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། འདི་ཉིད་བོད་ཤིང་སྟག་སྤྱི་ལོ་སྔོན་གྱི་ལོ་༡༢༧ལོར་བྱོན་ཞེས་དང༌། ཤིང་བྱི་སྤྱི་ལོའི་སྔོན་གྱི་ལོ་༢༣༧ལོར་བྱོན་སོགས་གསུང་ཚུལ་མི་འདྲ་བ་མང༌།རྒྱལ་བོ་འདིའི་འབྱུང་ཁུངས་ལ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང༌། གནམ་གྱི་ལྷ་ལས་མིའི་རྗེ་བོར་ཕེབས་ཟེར་བ་དང༌། རྒྱ་གར་གྱི་ཤཱཀྱའི་རིགས་རྒྱུད་ཆེ་གེ་མོ་ཞིག་ལས་བྱུང་ཟེར་བ། བོད་ཀྱི་སྤུ་བོའི་ཡུལ་ནས་ཡར་ལུང་དུ་བྱོན་ཟེར་བ་སོགས་བཞེད་ཚུལ་མི་འདྲ་བ་སྣང༌། གང་ལྟར་ཡུལ་གང་ཞིག་ནས་བོད་ཡུལ་བཙན་ཐང་སྒོ་བཞིར་ཕེབས་པའི་ཚེ་བོད་མི་རྣམས་ཀྱིས་མཐོང་སྟེ་མི་ལས་འདས་པའི་མཚན་མ་དང་ལྡན་པ་སྟེ། མིག་མས་འགེབས་པ། གཡུ་ཡི་སྨིན་མ་ཅན། སོ་དུང་སོ་འཁོར་མར་ཡོད་པ། སོར་མོ་ཤའི་དྲ་བས་འབྲེལ་བ་ཞིག་ཡོད་པས་ཡ་མཚན་སྐྱེས་ཏེ་བོད་ཁམས་ཀྱི་རྒྱལ་པོར་འོས་སོ་ཞེས་གཉའ་བར་བཏེགས་ནས་འོངས་བས་མཚན་ཡང་གཉའ་ཁྲི་བཙན་པོ་ཞེས་གྲགས། གཉའ་ཁྲི་བཙན་པོས་བོད་ཀྱི་རྒྱལ་པོ་མཛད་པ་ནས་བཟུང་སྤུར་རྒྱལ་བཙན་པོའི་རྒྱལ་རབས་དབུ་བརྙེས་ཤིང༌། དེ་ཡན་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ལ་སོགས་པས་དབང་བསྒྱུར་པ་དང༌། བོད་མི་རྣམས་བྲག་ཕུག་དང་ས་ཕུག་སོགས་སུ་སྡོད་སྐད། རྒྱལ་པོ་འདིས་མཁར་གྱི་དང་པོ་ཡུམ་བུ་བླ་སྒང་བརྩིགས། དེ་ནི་རྡོ་གཡམ་ཆེ་ཆུང་སྣ་ཚོགས་ཀྱིས་བརྩིགས་པའི་མཁར་ཐོག་ས་གསུམ་པ་ཞིག་ཡོད། སུམ་པའི་བོན་པོ་ཨ་ཡོང་རྒྱལ་བ་བཏུལ། སྣུབས་རྗེ་སྲིད་པ་ལ་སོགས་རྒྱལ་ཕྲན་འབངས་སུ་བསྡུས་ཤིང༌། སྐབས་དེའི་འགོ་དཔོན་གྱི་ཁྲོད་དུ་དབུ་རྨོག་བཙན་ལ་སྙན་གྲགས་ཆེ་བ་ཞིག་བྱུང༌། རྒྱལ་པོ་འདིའི་དུས་བོན་གྱི་ཤེས་པ་ཅན་བཅུ་གཉིས་ཞེས་པ་བྱུང་ཞིང་སྨན་དཔྱད་དང་རྩིས་འདེབས་སོགས་ཀྱི་རིག་གནས་དར་བ་མ་ཟད། གཏམ་རྒྱུད་དང༌། སྒྲུང་རྒྱུད། སྡེབ་སྦྱོར། བཀའི་ཀུགས། བྲོ་གར། གླུ་གཞས། ཤོག་རྩེད། རྩེད་འཇོ་ལ་སོགས་པ་བྱུང་ཞེས་གྲགས། རྒྱལ་པོ་འདིའི་སྐུ་བོན་ནི་མཚེ་མི་སྨུ་རྒྱལ་དང༌། ཙོ་མི་ཕྱག་གར་གཉིས་ཀྱིས་བྱས། གནམ་མུག་མུག་གམ་མུ་ཚོ་བཟའ་ཁབ་ཏུ་བཞེས་པར་སྲས་མུ་ཁྲི་བཙན་པོ་འཁྲུངས། སྲས་ཆིབས་ཁ་ཐུབ་ཙམ་ན་ཡབ་གནམ་དུ་གཤེགས་པས་པུར་དང་བང་སོ་མེད་པར་གྲགས།
༢ མུ་ཁྲི་བཙན་པོ། མུག་ཁྲི་བཙན་པོ་ཞེས་པའང་སྣང་བོད་རྒྱལ་གཉིས་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་གཉའ་ཁྲི་བཙན་པོ་དང་ཡུམ་མུ་ཚོ་བཟའ་གཉིས་ཀྱི་སྲས། བོན་གྱི་ལོ་རྒྱུས་ལྟར་ན། བཙན་པོ་འདིས་གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར། དེ་ཡང་དག་པ་ལྷ་ཡི་ཡི་གེ་སྟགས་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་གི་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ་ཞེས་དུས་དེ་ཤེད་དུའང་བོད་ལ་ཡི་གེ་ཡོད་པར་གསུངས། མུ་ཁྲི་ནི་བོད་དུ་གཡུང་དྲུང་གི་བོན་དར་རྒྱས་མཛད་མཁན་གཙོ་བོ་ཡིན་ཞིང༌། བོན་རྣམས་ཀྱིས་ཁོང་ལ་བརྩི་བཀུར་ཆེན་པོ་བྱེད། སྐུ་གཤེན་ཅོའུ་ལན་ཚས་མཛད། ས་དིང་དིང་མའམ་ས་སྨན་ཏིང་ཏིང་མ་ཁབ་ཏུ་བཞེས་པར་སྲས་དིང་ཁྲི་བཙན་པོ་འཁྲུངས།
༣ དིང་ཁྲི་བཙན་པོ། དིང་ཁྲི་བཙན་པོ་ཞེས་པའང་སྣང་བོད་རྒྱལ་གསུམ་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་མུ་ཁྲི་བཙན་པོ་དང་ཡུམ་ས་དིང་དིང་གཉིས་ཀྱི་སྲས། སྐུ་གཤེན་ཅོའུ་སྨིན་དཀར་གྱིས་བྱས། གསས་མཁར་ཁོ་མ་ཡོངས་རྩེ་བཞེངས།སོ་ཐམ་ཐམ་མ་ཁབ་ཏུ་བཞེས་པར་སྲས་སོ་ཁྲི་བཙན་པོ་འཁྲུངས།
༤ སོ་ཁྲི་བཙན་པོ། བོད་རྒྱལ་བཞི་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་དིང་ཁྲི་བཙན་པོ་དང་ཡུམ་ཐམ་ཐམ་གཉིས་ཀྱི་སྲས། སྐུ་གཤེན་ཅོའུ་འོད་དཀར་གྱིས་བྱས། གསས་མཁར་དགུ་ར་དགུ་འཁྱུད་བཞེངས། དོག་མེར་མེར་རམ་སེ་བཟའ་སྨན་མོ་ཁབ་ཏུ་བཞེས་པར་སྲས་མེར་ཁྲི་བཙན་པོ་འཁྲུངས།
༥ མེར་ཁྲི་བཙན་པོ། དོག་ཁྲི་བཙན་པོའམ་དེ་ཁྲི་བཙན་པོ་ཞེས་པའང་སྣང་བོད་རྒྱལ་ལྔ་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་སོ་ཁྲི་བཙན་པོ་དང་ཡུམ་དོག་མེར་མེར་གཉིས་ཀྱི་སྲས། སྐུ་གཤེན་ཅོའུ་ཤང་ས་དཀར་གྱིས་བྱས། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས། གདགས་ལྷ་དཀར་མོའམ་དར་བཟའ་མ་ཁབ་ཏུ་བཞེས་པར་སྲས་གདགས་ཁྲི་བཙན་པོ་འཁྲུངས།
༦ གདགས་ཁྲི་བཙན་པོ། ཁྲི་སྤེ་བཙན་པོ་ཞེས་པའང་སྣང་བོད་རྒྱལ་དྲུག་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་མེར་ཁྲི་བཙན་པོ་དང་ཡུམ་གདགས་ལྷ་དཀར་མོའི་སྲས། སྐུ་གཤེན་ཅོ་ན་མི་ཆེན་གྱིས་བྱས། གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས། བཙན་པོ་འདིའི་རིང་བོད་ཀྱི་ཡི་གེ་བྱུང་བར་བཞེད་མཁན་ཡང་ཡོད། སྲིབས་ལྷ་སྔོན་མོའམ་སྨན་ཁྲི་ཕྱུག་མོ་ཁབ་ཏུ་བཞེས་པར་སྲས་སྲིབས་ཁྲི་བཙན་པོ་འཁྲུངས།
༧ སྲིབས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ་ཞེས་པའང་སྣང་བོད་རྒྱལ་བདུན་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་གདགས་ཁྲི་བཙན་པོ་དང་ཡུམ་སྲིབས་ལྷ་སྔོན་མོའི་སྲས། ས་བཙུན་རླུང་རྗེའམ་ས་བཙུན་ཀླུ་རྗེ་ཁབ་ཏུ་བཞེས། མུ་ཁྲི་བཙན་པོ་ནས་སྲིབས་ཁྲི་བཙན་པོའི་བར་དུ་གསང་སྔགས་ཀྱི་བོན་རྣམས་དང༌། ཁྱད་པར་དུ་སྤྱི་སྤུངས་ཀྱི་བོན་རྣམས་དར་ཞིང་རྒྱས་པ་བྱུང༌། དེ་དུས་བླ་ན་རྒྱལ་ཆེ། གོང་ན་གཤེན་གཉན། བར་ན་ཁྲིམས་དམ། འོག་ན་འབངས་སྐྱིད་དེ་ལུགས་གཉིས་ཟུང་འཇུག་གི་འཕྲིན་ལས་དར་ཞིང་རྒྱས་སྐད། འདི་ཡན་གདུང་རབས་བདུན་རྣམས་འདྲ་སྟེ་སྲས་ཆིབས་ཁ་ཐུབ་པ་ན་ཡབ་རྨུ་ཐག་ལ་འཇུས་ནས་གནམ་དུ་གཤེགས་པས་པུར་དང་བང་སོ་མེད་པར་གྲགས།