ས་སྐྱ་བའི་སྡེ་ཁག་སོ་སོའི་རྩ་འཛུགས་ཀྱི་སྒྲིག་གཞིའི་སྐོར།
༡.བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོ་ནི་ས་སྐྱའི་ཁྲི་ཐོག་རིམ་བྱོན་རྣམས་ཡིན་ལ། དེ་དག་ནི་འཁོན་ས་སྐྱའི་གདུང་རུས་མི་ནོར་བ། ཆོས་སྲིད་གཉིས་ཀྱི་ཤེས་བྱའི་སྐོར་ལ་ཐོགས་པ་མེད་པའི་མཁས་པ་ཤ་སྟག་ཡིན། ས་སྐྱའི་ཁྲི་ཐོག་དང་པོ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡིན་ཞིང་། ཧོར་གོང་མ་སེ་ཆེན་གྱིས་བླ་མར་བཀུར་ནས་གསང་སྔགས་ཀྱི་དབང་ཞུས། བོད་ཆོལ་ཁ་གསུམ་གྱི་ས་གནས་ལ་ཆོས་སྲིད་གཉིས་ཀྱི་བདག་པོར་བྱེད་ཆོག་པའི་ལུང་དང་ཐམ་ག་གནང་སྟེ་སྤྱི་ལོ༡༢༦༥ལོར་བོད་དུ་ཕེབས། བོད་ཀྱི་ཆོས་སྲིད་ཀྱི་བྱ་བ་ཆེ་རིགས་ཚང་མ་འགྲོ་མགོན་འཕགས་པ་བརྒྱུད་ནས་ཐག་གཅོད་བྱེད་དགོས་པས། བླ་མས་སྲིད་ཀྱི་ལས་འགན་གཙོ་བོ་བཞེས་པའི་ལམ་ལུགས་ཀྱང་འདི་ནས་དར་བ་ཡིན། རྗེ་འདི་ཡིས་སྤྱི་ལོ༡༢༥༣ལོ་ནས་སྤྱི་ལོ༡༢༨༠ལོའི་བར་ས་སྐྱའི་ཁྲི་འཛིན་གནང་། སྤྱི་ལོ༡༢༦༧ལོ་ནས་སྤྱི་ལོ༡༢༧༥ལོའི་བར་པེ་ཅིན་དུ་བཞུགས་པའི་ཚེ། རིན་ཆེན་རྒྱལ་མཚན་གྱིས་ས་སྐྱའི་ཁྲི་འཛིན་ཚབ་མ་གནང་།
༢.ཆོས་རྗེ་ས་སྐྱ་བའི་ཁྲི་ཐོག་གི་བདག་རྐྱེན་འོག་བོད་ས་གནས་ཀྱི་སྲིད་དོན་ལས་ཀ་རྣམས་ལག་བསྟར་གནང་མཁན་གཙོ་བོ་ནི་ས་སྐྱའི་དཔོན་ཆེན་རིམ་བྱུང་རྣམས་ཡིན་ཞིང་། དེ་ཡང་དཔོན་ཆེན་ཐོག་མ་ནི་གྲོམ་པ་ཤྰཀྱ་བཟང་བོ་ཡིན་ཞིང་། དེ་ནི་འགྲོ་མགོན་འཕགས་པས་མིང་འདོན་གནང་ནས། གོང་མ་སེ་ཆེན་ཧན་གྱིས། དབུས་གཙང་གི་ཟམ་ཀླུ་གུན་མིན་དབང་ཧུ། ཞེས་པའི་མིང་དང་དངུལ་གྱི་ཐམ་ག་གནང་སྟེ་ལུང་གིས་བསྐོས་པ་ཡིན།
༣.དེའི་འོག་ཏུ་ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་ཞེས་པ་གསར་དུ་བཙུགས་པ་ནི། གསོལ་གཟིམ་མཆོད་གསུམ། མཇལ་ཡིག་མཛོད་གསུམ། ཐབ་འདྲེན་གདན་གསུམ་བཅས་གསུམ་ཚན་གསུམ་དང་། སྐྱ་རྟ་གཉིས། མཛོ་ཁྱི་གཉིས་ཏེ་གཉིས་ཚན་བསྡོམས་པས་ལས་ཚན་བཅུ་གསུམ་བཙུགས། དེ་ཡང་གསོལ་གཟིམ་མཆོད་གསུམ་ཞེས་པའི་གསོལ་དཔོན་ནི། བླ་མའི་གཟིམ་གཡོག་དང་ན་བཟའ་སྟོན་ཆས། དེ་མིན་སྐུའི་ཉེར་སྤྱད་རྩག་རྩིག་སོགས་བདག་གཉེར་ཞབས་ཞུའི་འགན་ཁུར་མཁན་ཡིན། མཆོད་ཡོན་ནི་མཆོད་པ་གཤོམ་སྒྲིག་དང་། མཆོད་ཆས་དོ་དམ་སྒྲིག་གཤོམ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོའི་ཞབས་ཞུའི་འགན་ཁུར་མཁན་ཡིན།
མཇལ་ཡིག་མཛོད་གསུམ་ཞེས་པའི་མཛོད་ནི། མགྲོན་གཉེར་ཏེ་བླ་མ་མཇལ་ཁ་གཏོང་བ་དང་། མཇལ་མགྲོན་ལ་སྣེ་ལེན། ཡར་ཞུ་མར་གནང་གི་བརྒྱུད་ཚབ་ཞབས་ཞུའི་འགན་ཁུར་མཁན་ཡིན། ཡིག་མཁན་ནི་དྲུང་ཡིག་སྟེ་བླ་མའི་བཀའ་ཤོག་དང་བཀའ་ལན་ལྗགས་རྩོམ་སོགས་ཡི་གེ་འབྲི་རྒྱུའི་ཞབས་ཞུའི་འགན་ཁུར་མཁན་ཡིན། མཛོད་པ་ནི་བླ་བྲང་གཞུང་གི་སྐུ་རྒྱུ་ཕྱག་རྫས་བསྡུ་གཏོང་གི་འགན་ཁུར་མཁན་བཅས་སོ།། ཐབ་འདྲེན་གདན་གསུམ་གྱི་ཐབ་ནི། གསོལ་ཐབ་པ་སྟེ་བླ་མའི་གསོལ་ཀ་དང་གསོལ་ཆས་སོགས་བཟོ་བའི་འགན་ཁུར་མཁན་ཡིན། འདྲེན་པ་ནི་མཛད་སྒོ་སོགས་ཀྱི་སྐབས་དཀར་སྤྲོ་བཀྱེ་འདྲེན་དང་། གནང་སྦྱིན་སྩོལ་བསྟར་སོགས་ལག་ལེན་གྱི་འགན་ཁུར་མཁན་ཡིན། གདན་གཉེར་ནི་བླ་མའི་བཞུགས་ཁྲི་དང་། མཇལ་མགྲོན། དཔོན་རིགས་སོགས་ལ་གོ་བབ་ཀྱི་གདན་ལྕོག་གཤོམ་དང་བདག་གཉེར་བཅས་ཀྱི་འགན་ཁུར་མཁན་ཡིན། སྐྱ་རྟ་གཉིས་དང་། མཛོ་ཁྱི་གཉིས་ཞེས་པའི་སྐྱ་དཔོན་ནི་བླ་མའི་ཆིབས་དར་རྔ་ཐུག་སོགས་གྲལ་སྟར་སྒྲིག་བཀོད་ཀྱི་འགན་ཁུར་མཁན་ཡིན། རྟ་དཔོན་ནི་གཞུང་ཕྱོགས་ཀྱི་རྟ་དྲེལ་གསོ་ཚགས་བདག་གཉེར་བྱེད་པའི་འགན་ཁུར་མཁན་ཡིན། མཛོ་དཔོན་ནི་གཞུང་ཕྱོགས་མཛོ་གཡག་འབྲི་སོགས་འབྲོག་ལས་ཀྱི་འགན་ཁུར་མཁན་ཡིན། ཁྱི་དཔོན་ནི་གཟིམ་ཁྱི་གསོ་ཚགས་དང་འབྲེལ་གཙོ་བོ་མེལ་ཚེ་བའི་འགན་ཁུར་མཁན་བཅས་ཡིན། དེའི་འོག་ཏུ་ཁྲི་སྐོར་སོ་སོའི་དཔོན་དུ་ཁྲི་དཔོན་ཞེས་པ་བསྐོས་བཞག་གནང་ཞིང་། དེ་དག་གི་འོག་ཏུ་ཡང་འོས་འཚམ་གྱི་ལས་ཚན་རེ་ཡོད་པ་གསལ།
《བོད་ཀྱི་