གནའ་དུས་བོད་ཀྱི་བཙན་པོའི་དུར་སྲུང་བ་ལ་ཟུར་ཙམ་དཔྱད་པ།
ལར་བོད་གངས་ཅན་པའི་མཁས་པ་སྔ་མ་རྣམས་ཀྱིས་མཛད་པའི་ཆོས་འབྱུང་དང་དེབ་ཐེར་ཕལ་ཆེ་རུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའམ་འོ་ལྡེ་སྤུ་རྒྱལ་ནས་བརྩི་ལ། རྒྱལ་པོ་འདི་ནས་བཟུང་ཁྲི་དར་མ་འུ་དུམ་བཙན་པོའི་བར་གདུང་མ་འགྱུར་གྱི་རྒྱལ་རྒྱུད་རྣམས་ཀྱིས་རྒྱལ་རབས་ཞེ་གཉིས་མི་ལོ་དགུ་བརྒྱ་དང་རེ་བརྒྱད་ཙམ་ལ་བོད་གངས་ཅན་གྱི་ལྗོངས་འདིའི་མངའ་བདག་མཛད། འདིར་ཞིབ་ཆ་ཞིག་འབྱེད་དགོས་པ་ནི་རྒྱལ་རབས་འདི་དག་གི་ཁྲོད་དུའང་གཉའ་ཁྲི་ནས་གནམ་རི་སྲོང་བཙན་ཡར་སྔོན་གྱི་བཙན་པོ་རྣམས་ནི་བོད་སྤྱི་ལ་དབང་བའི་རྒྱལ་བོ་ནི་མིན་པར་ཡུལ་ཕྲན་ཆུང་ངུ་དག་གི་རྗེ་བོ་མཛད་པ་ཡིན། 《དབོན་ཞང་རྡོ་རིང་དང་ཐང་བོད་བར་གྱི་འབྲེལ་བ》ལས། གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་ཡན་ཆོད་ཀྱི་རྗེ་བོ་རྣམས་ནི་སྡེ་སྤུ་རྒྱལ་པ་ལྟ་བུའི་རུས་རྒྱུད་ཚོ་བའི་འགོ་གཙོ་ཙམ་ཡིན་པ་ལས། བོད་སྤྱི་ཡི་མངའ་བདག་ནི་མ་ཡིན་ལ་བོད་ཆེན་པོའི་རྒྱལ་ཁམས་ཀྱི་རྒྱལ་པོ་ནི་དེ་བས་ཀྱང་མིན། དེ་རྣམས་ཀྱི་རིང་ལ་སྤུ་རྒྱལ་བའི་ཡུལ་གྲུ་ལ་འཕྱོང་རྒྱས་སྟག་རྩེ་གཙོས་པའི་ཡར་ཀླུང་ཙམ་ལས་མེད་ཅེས་གསུངས་པ་བཞིན་ལགས་མོད། ཕྱིས་སུ་ཡུལ་ཁམས་ཆེན་པོའི་རྒྱལ་བོ་ལྟ་བུར་གྲགས་ཆེ་བར་གྱུར། དེང་གི་མཁས་པའི་ཞིབ་འཇུག་གི་འབྲས་བུ་ལྟར་ན་གནའ་བོའི་ཞང་ཞུང་གི་རྒྱལ་རབས་དར་རྒྱས་ཆེ་བ་དག་ཀྱང་ཡོད་ངེས་ན་རང་རེའི་བོད་ཀྱི་ལོ་རྒྱུས་རིག་གནས་འདི་ཡང་མི་ལོ་བརྒྱ་ཕྲག་དུ་མའི་སྔུན་ལ་བསྣུར་ཆོག་ཆོག་དང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན་པའི་ངེས་པ་ལའང་གཡོ་འགུལ་ཐེབས་རྒྱུ་གདོན་མི་ཟ། འོན་ཀྱང་། འདིར་ཐུན་མོང་གི་ལུགས་བཞིན་དུ་གཉའ་ཁྲི་བཙན་པོ་ནས་སྲིབ་ཁྲི་བཙན་པོའི་བར་གནམ་གྱི་ཁྲི་བདུན་དུ་གྲགས་པ་རྣམས་ནི་སྐུ་གཤེགས་རྗེས་བང་སོ་ས་ལ་མེད་པར་གནམ་ལ་བཏབ་ཅེས་གྲགས་པ། 《མཁས་པའི་དགའ་སྟོན》དུ། རི་བྲག་མི་ཐོགས་མཐའ་ལ་གཤེགས་བཞུད་བྱེད།། ཉིན་བཞིན་སར་བྱོན་མཚན་བཞིན་མཁའ་ལ་གཤེགས།། སྲས་ཀྱིས་ཆིབས་ཁ་ཐོབ་པར་གྱུར་པ་ན།། རྨུ་ཐག་ལ་འཇུས་ནམ་མཁར་གཤེགས་སོ་སྐད།། ལྷ་ལ་རོ་མེད་འཇའ་ཚོན་ལྟར་ཡལ་བས།། གྲོངས་ཀྱི་བང་སོ་གནམ་ལ་བཏབ་ཅེས་གྲགས། ཞེས་གསུངས་པ་ལྟར་གསལ་མོད། དོན་ལ་འདི་དུས་བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་པར་ལོ་རྒྱུས་དེབ་ཐེར་ཀུན་ན་གསལ་བ་ལྟར་བོན་རྣམས་ཀྱིས་རྒྱལ་པོའི་ཆེ་བ་འདོན་པ་དང་རྒྱལ་བོ་ལྷའི་སྲས་སམ་ཡང་ན་སྤྲུལ་བ་ཡིན་པར་ཡིད་ཆེས་རྙེད་ཕྱིར་དེ་ལྟར་བསྒྲགས་པ་ཙམ་ལས། རྒྱལ་པོའི་སྐུ་ཞུགས་ལ་སྦྱངས་སོ་ཞེས་མཁས་པས་གླེང་། ཡང་གཅིག་ན། གནམ་གྱི་ཁྲི་བདུན་སྐུ་གཤེགས་རྗེས་སྐུ་ཕུང་མེར་བསྲེགས་པས་བང་སོ་བརྩིགས་པའི་སྲོལ་མ་བྱུང་ལ། ད་ལྟའི་བོད་མི་རྣམས་ཀྱིས་བེམ་པོ་སྦྱིན་བསྲེགས་གམ་མེར་བསྲེགས་པའང་གནའ་དུས་ཀྱི་སྲོལ་རྒྱུན་གྱི་ཆོ་ག་དེ་རང་རྒྱུད་འཛིན་བྱས་པ་ལས་ཕྱིས་ཆོས་ལུགས་དང་འདྲེས་སམ་སྙམ། ཁྲི་བདུན་གྱི་རྗེས་སུ་སྟེང་གཉིས་ཀྱི་སྔ་མ་གྲི་གུམ་བཙན་པོ་བྱོན་ལ། རྒྱལ་པོ་འདིས་མེས་པོ་རྣམས་ཀྱི་སྐུ་རིང་ལ་དར་བའི་བོན་བསྟན་བསྣུབས། ལོ་ངམ་དང་འཐབ་པས་བཀྲོངས་ཏེ་ཕྱིས་སྐུ་གདུང་འཕྱང་ཡུལ་དར་ཐང་དུ་གདན་དྲངས་ནས་བང་སོ་བརྩིགས་ལ་འདི་ནི་བོད་ཀྱི་རྒྱལ་པོའི་བང་སོ་ཐོག་མ་དེ་ཡིན་སྐད། བཙན་པོ་འདི་དང་ལོ་ངམ་འཐབ་སྐབས་རལ་གྲི་ཀླད་ལ་བསྐོར་བས་དབུའི་རྨུ་ཐག་བཅད་པ་སོགས་ལྷ་སྒྲུང་ལྟ་བུ་ཞིག་གླེང་ཡོད་མོད་དེ་ནི་སྨྱུ་གུ་མཁན་པོ་དག་གི་འདོད་ཚུལ་འབའ་ཞིག་ལས་མ་འདས་སྙམ། སྐབས་དེའི་བང་སོ་དབྱིབས་ནི་ཟླུམ་པོ་ཞིག་བརྩིགས་སྲོལ་འདུག་སྟེ། 《དེབ་དཀར》ལས། “དུར་སྟེང་རི་དེའུ་འདྲ་བ་ཞིག་བརྩིགས། དེར་ཤིང་སྡོང་འཛུགས་ལོ་རེ་བཞིན་དུ་མཆོད་པ་ཡིན་ནོ”ཞེས་གསུངས་པས་བར་སོ་འབུར་པོ་བརྩིགས་པ་དང་ཤིང་སྡོང་འཛུགས་པ་སོགས་ཀྱིས་གཅིག་ནས་གཤེགས་ཟིན་པའི་བཙན་པོར་རྗེས་དྲན་བྱེད་པ་དང་གཉིས་ནས་་བཙན་པོའི་མཛད་འཕྲིན་གྱི་འཕྲོ་གསར་སྐྱེས་ཀྱི་ཤིང་སྡོང་ཇི་བཞིན་བཙན་པོ་ཕྱི་མ་རྣམས་ཀྱིས་ཡར་རྒྱས་གོང་འཕེལ་དུ་གཏོང་ཐུབ་ངེས་ཀྱི་སྨོན་འདུན་ཟབ་མོ་དག་ཀྱང་འདོན་གྱིན་ཡོད་པ་འདྲ། ཡང་འདིར་བསམ་དགོས་པ་ཞིག་ལ། བོད་ཀྱི་བཙན་པོའི་བང་སོ་དག་གི་ནང་དུ་བཙན་པོའི་སྐུ་གདུང་ཁོ་ན་ལས་གཞན་ཅི་ཡང་མེད་དམ་ཞེ་ན། བང་སོའི་ནང་དུ་བཙན་པོ་རང་རང་གི་གཅེས་ནོར་དང་གོ་ཁྲབ། རིན་ཆེན་སྣ་ཚོགས་སོགས་ཀྱང་བཞག་ཡོད་དེ། དེབ་ཐེར་ཁག་ལས་མུ་ཏིག་བཙན་པོ་སད་ན་ལེགས་མཇིང་ཡོན་གྱི་བང་སོ་བརྗོད་སྐབས། “དེ་ཡི་བང་སོ་འཕྲུལ་རྒྱལ་གཡོན་ན་ཡོད།། བང་སོ་དེ་ཡང་རིན་ཆེན་ནོར་གྱིས་བཀང”ཞེས་འབྱུང་བ་དང་། 《དེབ་དཀར》ལས་ཀྱང“བཙན་པོའི་རྟ་དང་གོ་ཁྲབ་གཅེས་