བོད་ཀྱི་རིམ་བྱོན་བཙན་པོའི་ལོ་ཚིགས་གཏན་ལ་ཕབ་པ། (གཅིག)
བོད་དང་བོད་ཆེན་པོའི་སྐབས་ཀྱི་རིམ་ཕྱིན་བཙན་པོ་རྣམས་ཀྱི་ལོ་ཚིགས་ཐད་གངས་ཅན་མཁས་དབང་རྣམ་པས་བཞེད་པ་མི་མཚུངས་པ་རེ་འཛིན་གྱི་ཡོད་པ་མ་ཟད། བོད་རྒྱའི་ལོ་རྒྱུས་ཡིག་ཚང་དག་གི་བར་དྲུག་ཅུ་སྐོར་གཅིག་རྒྱུགས་པས། ངེད་ཅག་ཕྱི་ཐོག་པ་བློ་གསར་རྣམས་ཀྱིས་ལོ་རྒྱུས་དོན་དུ་གཉེར་བ་ལ་དཀའ་གནས་ཆེན་པོ་ཞིག་བཞག་ཡོད། དེ་ཡང་བོད་རྒྱལ་ཐོག་མར་ངོས་འཛིན་གྱི་ཡོད་པའི་རྗེ་གཉའ་ཁྲི་བཙན་པོ་ནས་ཐ་མ་དར་མ་འུ་དུམ་བཙན་པོའི་བར་རམ། དེ་ལས་ཀྱང་འཕྱི་བའི་ལོ་ཚིགས་རྣམས་ངེད་ཀྱི་དཔྱད་བྱ་མ་ཡིན་པའི་ཕྱིར་མང་པོ་མི་བརྗོད་མོད། འོན་ཀྱང༌། དེང་དུས་ཀྱི་མཁས་པའི་དབང་བོར་གྱུར་པ་སློབ་དཔོན་དམ་པ་ཚེ་ཏན་ཞབས་དྲུང་མཆོག་གིས། “སྔོན་གྱི་ལོ་རྒྱུས་སྐོར་འཁྲིད་པ་ལ་ལོ་ཚིགས་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ། དེ་ནི་ལོ་རྒྱུས་སྨྲ་བ་ཚོས་ཐོག་མར་དོན་དུ་གཉེར་དགོས་པའི་རྩ་བའི་རྨང་གཞི་ལྟ་བུ་ཡིན”ཞེས་གསུངས་པ་ནི་མཁས་པའི་གཏམ་ཤ་སྟག་ཡིན་པས། ངེད་ཅག་གིས་རྩ་བའི་རྨང་གཞི་དེ་འདྲ་ཞིག་བཞག་སྟེ་《དབོན་ཞང་འདུམ་པའི་བཀའ་གཙིགས་ཀྱི་རྡོ་རིང》དེ་དུས་ནམ་ཞིག་ལ་བསླངས་པ་གཏན་ཁེལ་བྱས་ནས། བོད་རྒྱའི་བར་གནས་ཚུལ་ཅི་དང་ཅི་བྱུང་བ་སོགས་འཆད་དགོས་པས་འདི་སྐོར་ཅུང་ཙམ་བརྗོད་པར་བྱའོ།།
《བདེ་བར་གཤེགས་པའི་བསྟན་པ་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད》(1322ལོར་བརྩམས། འདི་མན་ནས《བུ་སྟོན་ཆོས་འབྱུང》ཞེས་འབྱུང་)ལས། “རྒྱ་ལ་དམག་དྲངས་ཏེ་བཅོམ་ནས། དབོན་ཞང་དུམས་བྱས་པའི་ཡི་གེ་ལྷ་སའི་རྡོ་རིངས་ལ་བྲིས་སོ།།”ཞེས་ཡོད་ཀྱང་དུས་ནམ་ཞིག་ལ་ཡི་གེར་བྲིས་ནས་བསླངས་པའི་ལོ་མི་གསལ། 《རྒྱལ་རབས་རྣམས་ཀྱི་བྱུང་ཚུལ་གསལ་བའི་མེ་ལོང》(1388ལོརབརྩམས། འདི་མན་ནས《རྒྱལ་རབས་གསལ་མེ》ཞེས་འབྱུང༌།)ལས། “མངའ་བདག་རལ་བ་ཅན་གྱིས་ཀྱང … … … … …རྒྱ་ཡུལ་རྨེ་རུ་བྱ་བའི་སོ་མཚམས་སུ་བཙན་པོ་དབོན་ཞང་གཉིས་ཀྱི་ལྷ་ཁང་རེ་བརྩིགས། ཕ་བོང་ལ་ཉི་ཟླ་བྲིས་ནས། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་བཙན་པོ་དབོན་ཞང་། རྒྱའི་རྨེ་རུ་མན་ལ་བོད་ཀྱི་དམག་མི་དྲངས། དེ་ཡན་ལ་རྒྱའི་དམག་མི་དྲངས། ཕན་ཚུན་དུས་མཚམས་བསྲུང་སྟེ། ས་ས་མལ། རྡོ་རྡོ་མལ་དུ་གནས་ནས། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་པའི་ཁྲིམས་མཛད་ནས། … … … … … …ཆད་མལ་གྱི་ཡི་གེ་རྡོ་རིངས་གསུམ་བྱས་ཏེ། … … … … …ལྷ་ས་དང་རྒྱའི་ཕོ་བྲང་མདུན། རྨེ་རུ་རུ་བཙུགས” (འདིར་བསྡུས་པ་ཙམ་ལས་མེད་པས་རྒྱས་པར་ཤེས་འདོད་ན་མ་ཡིག་ལ་གཟིགས)ཞེས་གཞན་གྱི་སྒྱུར་རྩོམ་ལས་དྲངས་པ་རང་ལུགས་སུ་བཞག་ཀྱང་ལོ་ཚིགས་བཀོད་མེད། 《གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》(1642ལོརབརྩམས། འདི་མན་ནས་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཞེས་འབྱུང༌།)ལས་ཀྱང༌། “འདིའི་དུས་སུ་རྒྱ་བོད་གཉིས་མ་མཐུན་པར་རྒྱའི་ཧྭ་ཤང་དང་བོད་ཀྱི་ལོ་པཎ་རྣམས་ཀྱིས་བར་དུ་བཞུགས་ཏེ་ཚིག་གི་སྦྱངས་བཤད་ཀྱིས་དབོན་ཞང་མཐུན་པར་མཛད། རྒྱའི་གུང་གུ་རྨེ་རུར་རྡོ་རིང་ཞིག་བཙུགས་ཏེ་རྒྱ་བོད་ཀྱི་ས་མཚམས་སུ་བཅད་ནས་ཕན་ཚུན་གཉིས་ཀས་ས་མཚམས་ལས་ཕྱི་རོལ་ཏུ་མི་བརྒལ་བའི་དམག་གི་གཡུལ་བཤམས་པ་སོགས་མི་བྱེད་པའི་དཔང་དུ་ལྷ་ཀླུ་གཉན་པོ་བཞག་སྟེ་བྲོ་བོར་བའི་ཡི་གེ་ལྷ་ས། རྒྱ་རྗེའི་ཕོ་བྲང༌། རྨེ་རུ་གསུམ་གྱི་རྡོ་རིང་ལ་བྲིས”ཞེས་བྱུང་བ་ལས་ལོ་ནམ་ཡིན་པ་བསྟན་མེད། 《གངས་ཅན་བོད་ཀྱི་དེབ་ཐེར་སྔོན་པོ》 (1476-1478བར་བརྩམས། འདི་མན་ནས་《དེབ་སྔོན》ཞེས་འབྱུང།)ལས། “དེ་ལ་སྤྱིར་སྲོང་ཙན་སྒམ་པོ་འཁྲུངས་ནས་ལོ་ཉིས་བརྒྱ་དང་ལྔ་བཅུ་རྩ་གཉིས་འདས་པ་ལྕགས་མོ་གླང་གི་ལོ་ལ་རྒྱལ་པོ་རལ་བ་ཅན་གྱིས་རྒྱ་དང་དུམས་མཛད། དེའི་ཕྱི་ལོ་ཆུ་ཕོ་སྟག་ལ་ལྷ་སའི་རྡོ་རིངས་བཙུགས”ཞེས་བྱུང་བ་དང༌། 《མཁས་པའི་དགའ་སྟོན》དུ“<