དབོན་ཞང་རྡོ་རིང་ནི་ཚུལ་ཅི་འདྲ་ཞིག་གི་འོག་བསླངས་པར་བཤད་པ།
དེ་ཡང༌།《དབོན་ཞང་འདུམ་པའི་བཀའ་གཙིགས་ཀྱི་རྡོ་རིང》ཚུལ་ཇི་འདྲ་ཞིག་གི་འོག་ཏུ་བསླངས་ཤེ་ན། གནམ་རི་སྲོང་བཙན་གྱིས་གཅིག་གྱུར་བོད་ཀྱི་རྒྱལ་ཁབ་ཐོག་མར་བཙུགས་པ་དང་སྲོང་བཙན་སྒམ་པོས་དེ་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་བ། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཐོད་ཀྱི་མངའ་ཐང་དར་བའི་རྩེར་སོན་ཏེ། སྟོད་སྟག་གཟིག་གི་ས་མཚམས་མན་ཆོད་དང་སྨད་ཧྲའན་ཞི་དང་ཀན་སུའུ་བར་གྱི་ལོང་ཧྲན(陇山)ལ་རྒྱུད་ཡན་ཆོད་ཆབ་འོག་ཏུ་འདུས། བཙན་པོ་ཡབ་མེས་སྐུ་གོང་མ་རྣམས་ཀྱིས་བོད་ཀྱི་ཆབ་ཁོངས་ཕྱོགས་བཞིར་རྒྱ་བསྐྱེད་པ་དེ་དག་སྲས་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ཧ་ལམ་ཡོད་ཀྱང༌། བཙན་པོ་ཁྲི་གཙུག་ལྡེ་བཙན་དང་ཐང་མོའུ་ཙུང་དབོན་ཞང་གཉིས་འདུམ་འགྲིགས་པ་དེ། 733ལོར་རྡོ་ཉི་ཟླ་ནས་བོད་རྒྱའི་ས་མཚམས་ཐོག་མར་བཅད་པ་དང༌། 783ལོར་ཆེང་ཧྲུའེ་ནས་གྲོས་མཐུན་བྱུང་སྟེ་ས་མཚམས་སླར་ཡང་ལོང་ཧྲན་ལ་རྒྱུད་ནས་རྒྱལ་མོའི་རྔུལ་ཆུ་སོགས་སུ་བཅད་པ་གཉིས་དང་མི་འདྲ། སྔ་མ་གཉིས་ནི་བོད་གོང་ནས་གོང་དུ་དར་ཞིང་རྒྱས་པའི་གཞུང་ལ་དམག་འཁྲུག་གི་ལས་ཁོ་ནར་བརྟེན་ཏེ་མངའ་ཐང་མཐའ་བཞི་དང༌། ཁྱད་པར་དུ་ཤར་ཕྱོགས་ཐང་གི་ཡུལ་དུ་རྒྱ་བསྐྱེད་མཐར་བོད་ནི་གཡུལ་གྱི་ཕྱོགས་ལས་རྣམ་པར་རྒྱལ་བ་དང༌། ཐང་ལ་ཕམ་ཁ་ཆེར་བྱུང་ཞིང་བོད་དམག་གིས་ཟིལ་གྱིས་མནན་པ་མ་བཟོད་དེ་མི་འདོད་ཀྱང་ཐབས་རྡུགས་ནས། དངོས་གཏོགས་མངའ་ཁོངས་ཀྱི་ཡུལ་གྲུ་རྒྱ་ཆེན་པོ་བོད་ལ་ཤོར་བ་རྣམས་བོད་ལ་དབང་བ་ཁས་བླངས་པའི་ཆ་རྐྱེན་འོག་འདུམ་འགྲིགས་ནས་ས་མཚམས་བཅད་པ་ཞིག་ཡིན་ཞིང༌། ཕྱི་མ་དེ་ནི་སྤྱི་ལོ་787པར་ཞང་རྒྱལ་བཙན་གྱིས་ཕེན་ལང(平凉)གི་འདུམ་བཤིག་པ་ནས་བཟུང༌། ཐང་ཏི་ཙུང་གིས་བློན་ཆེན་ལིས་རྨི(李泌)བྱ་བའི་ཐབས་ཇུས་ལྟར། རྒྱ་གར་དང་སྟག་གཟིག དྲུ་གུ འཇང་དང་བཅས་པར་མཉམ་འབྲེལ་གྱིས་བོད་ཁེར་རྐྱང་གི་ཚུལ་དུ་བཅུག་པ་དང་། རྗེས་སོར་འཇང་ཡུལ་མང་ཆེ་བ་ཞིག་བོད་ཀྱི་མངའ་འོག་ནས་ཐང་གི་ངོར་བལྟས་པས་ཤར་ལྷོ་མཚམས་ཀྱི་ཡུལ་གྲུ་མང་ཙམ་ཕྱིར་ཐང་ལ་ཤོར་སྟབས་བོད་ཀྱི་སྟོབས་ཤུགས་ཞན་པར་གྱུར། སྟག་གཟིག་དང་དྲུ་གུ་གཉིས་ཀྱིས་རྟག་པར་དམག་འཁྲུག་གི་འཇིགས་བསྐུལ་པས་བོད་ཀྱིས་རང་ཉིད་ཀྱི་དཔུང་ཤུགས་ཀྱང་ནུབ་བྱང་དུ་བགོ་དགོས་པ་བྱུང༌། དེར་བརྟེན་ཤར་ནས་ཐང་དང་འཐབ་པའི་སྟོབས་ནི་ལོ་རེ་བཞིན་ཞན་པར་གྱུར། ཁྱད་པར་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཐའ་གཅིག་ནས་ནང་བ་སངས་རྒྱས་པའི་བསྟན་པ་འབའ་ཞིག་འདོད་ཀྱི། བོན་ཆོས་ནི་ཡོངས་སུ་སྤངས་པ་དང༌། སངས་རྒྱས་པའི་ལྟ་བའང་བོ་ངྷི་ས་ཏཱའི་ལུགས་ཁོ་ན་ལས་གཞན་རྣམས་བཀས་བཀག་སྟེ་ཞི་བ་འཚོ་དང་པདྨ་འབྱུང་གནས་ཟུང་གཙུག་རྒྱན་ལྟར་བཀུར་དྲགས་པས། སྤྱིར་བན་བོན་གཉིས་དང་བྱེ་བྲག་ནང་བ་པའི་བར་སྐྱི་གཡའ་བའི་འཐབ་རྩོད་མང་དུ་བྱུང་བར་མ་ཟད། དད་མོས་ཐ་དད་དུ་བཟུང་བའི་བློན་པོ་རྣམས་ཀྱིས་ཀྱང་འགལ་བ་དེ་དག་བེད་སྤྱད་ནས། རང་རང་གི་ཐོབ་ཐང་དང་སྒེར་དབང་སྐྱོབ་བསླད་འཐབ་རྩོད་བཟོད་དུ་མེད་པ་སྣ་ཚོགས་བྱས་ཏེ་རྗེ་བློན་བར་ལ་ཡང་འགལ་བ་ཆེར་བྱུང་བས། རྗེ་བློན་ཀུན་གྱིས་བློ་སེམསགཅིག་བསྒྲིལ་གྱིས་ནང་གི་སྲིད་སྐྱོང་བ་དང་ཕྱིའི་དགྲ་བོ་འདུལ་བའི་ནུས་ཤུགས་དེ། བཙན་པོ་ཁྲི་གཙུག་ལྡེ་བཙན་གྱིས་ཐང་མོའུ་ཙུང་དང་འདུམ་འཛུགས་དུས་སུ་ཧ་ཅང་ཞན་ནས་ཞན་དུ་སོང༌། ཐང་ཡང་སྤྱི་ལོ་755-763བར་ལོ་བརྒྱད་ཙམ་གྱི་རིང་ལ་བང་ཨན་ཧྲི་དང་ཧྲི་སི་མེན་(王安史, 史思明)གཉིས་ཀྱིས་ཐང་གི་ཆབ་སྲིད་ཉམས་རུལ་དུ་འགྱུར་བཞིན་པ་དང༌། སྤྱི་ཚོགས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར་པའི་སྐབས་དང་བསྟུན་ནས་ཧྥན་དབྱང་(范阳:དེང་གི་པེ་ཅིན)ནས་དམག་ལངས་ཏེ་གྱེན་ལོག་གི་ཟིང་འཁྲུག་བསླངས་པས། ཐང་གི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་བཅས་ལ་གྱོང་ཆག་ཆེན་པོ་བྱུང་བ་དང༌། 763ལོར་བོད་ཀྱིས་ཀྱང་ཐང་གི་རྒྱལ་ས་ཁྲང་ཨན་ཕབ་པ་དང་ཐང་གི་དངོས་གཏོགས་ཡུལ་གྲུ་རྒྱ་ཆེན་པོ་ཕྲོགས་པས་ཐང་ལ་ཕམ་ཉེས་དེ་བཞིན་དུ་བྱུང༌། དེ་ནས་བཟུང་ཡུལ་མཐའི་དཔོན་སྣ་དག་གིས་གོང་མའི་བཀའ་ལ་ཡིད་ཉིས་འགལ་བཟུང་སྟེ་རང་རང་ས་ནས་ཡུལ་རེ་གཉེར་བས། གོང་མའི་བཀའ་ཁྲིམས་ནི་སྔར་བཞིན་བཙན་ཞིང་གཉན་ཏེ་ཅི་གསུང་ཀུན་གྱིས་དང་དུ་ལེན་པའི་ཚུལ་ནི་མེད། གང་ལྟར་ཀྱང་བོད་ནི་དར་བའི་རྩེར་སོན་པ་ནས་རིམ་གྱིས་ཐུར་ནས་ཐུར་དུ་ཉམས་པར་འགྲོ་བ་དང་ཐང་ཡང་རྒུད་པའི་ལམ་ལ་ཞུགས་ནས་རིང་ཙམ་སོང་བའི་དུས་ལ་དབོན་ཞང་འདུམ་འགྲིག་བྱས་པ་དེ་ནི། བོད་ལ་འགྲན་ཟླ་དང་བྲལ་བའི་སྟོབས་འབྱོར་ལྡན་པ་དང༌། ཐང་ལ་ནུས་ཤུགས་ཡེ་ནས་ཟད་པའི་རྟགས་གཏན་ནས་མ་ཡིན་ཏེ། ཕན་ཚུན་གཉིས་ཀའི་སྟོབས་ཤུགས་དོ་མཉམ་པ་ཙམ་གྱི་འོག་783ལོར་བོད་རྒྱའི་ས་མཚམས་བཅད་པ་དེ་གཞིར་བཞག་ནས། རྗེས་སོར་ཡུལ་མཚམས་དེ་ལས་ཕན་ཚུན་དགྲར་མི་ལང་བ་དང༌། དམག་མི་འདྲེན་པ། ཡུལ་ཡང་མི་འཕྲོག་པར་ཉེ་ཞིང་གཉེན་པའི་དབོན་ཞང་གི་སྲི་ཞུའི་ལུགས་བསྲ