༅༅། །རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མ་རུ་འཁོད་པའི་བོད་དང་ཏང་ཞང་གི་སྐོར།
རྩོམ་པ་པོ།:ཞུའེ་ཅུས་ཀྲེང་སོགས་ཀྱིས་བརྩམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-19
ཀློག་གྲངས།:
༅༅། །རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མ་རུ་འཁོད་པའི་བོད་དང་ཏང་ཞང་གི་སྐོར།
( སུང་རྒྱལ་རབས། ) ཞུའེ་ཅུས་ཀྲེང་སོགས་ཀྱིས་བརྩམས།
བོད་ཀྱི་སྐོར།
བོད་ནི་མ་གཞི་ཧན་རྒྱལ་རབས་དུས་ཀྱི་ནུབ་ཆཱང་གི་སར་ཡོད། ལ་ལས་ལེང་ལྷོ་མའི་ཐུའུ་པ་ལི་ལུའུ་ཀུའུ་ཡི་རྒྱུད་ཡིན་ཟེར། དེའི་བུ་རྒྱུད་ཀྱིས་རྒྱལ་ཁབ་ཀྱི་མིང་ཐུའུ་པ་རུ་འབོད། དེ་ཟུར་ཆག་ནས་བོད་དུ་མིང་ཆགས། རྒྱལ་ཁབ་དེའི་མི་རྣམས་ཀྱིས་རྒྱལ་པོར་བཙན་པོ་རུ་འབོད། བློན་ཆེན་པོ་དང་བློན་ཆེ་འོག་མ་བསྐོས་ནས་རྒྱལ་སྲིད་སྐྱོང་། དེའི་སྲོལ་ལ་རུ་སྤོས་ནས་ཕྱུགས་འཚོ་བས་གནས་གཅིག་ཏུ་གཏན་ཆགས་སུ་མི་སྡོད་མོད། མཁར་ཡང་ཡོད་ཅིང་རྒྱལ་སའི་མིང་ལ་ར་ས་མཁར་དུ་འབོད། དུས་ཚིགས་མི་རྟོགས་པར་གྲོ་ནས་སྨིན་པའི་དུས་ལོ་མགོར་རྩི།( སུང་རྒྱལ་རབས། ) ཞུའེ་ཅུས་ཀྲེང་སོགས་ཀྱིས་བརྩམས།
བོད་ཀྱི་སྐོར།
ཐང་རྒྱལ་རབས་ཀྱི་དུས་སུ་རྟག་པར་མཐའ་མཚམས་ཀྱི་གནོད་སྐྱོན་དུ་གྱུར། སྔར་ཐང་གིས་གནམ་འོག་ཏའོ་བཅུ་རུ་བགོས་པ་དང་། ཧོ་ཞི་དང་ལུང་ཡིའུ་རུ་ཀྲོའུ་སོ་དྲུག་ཡོད་པའི་ནང་ལེང་ཀྲོའུ་ནི་དམག་སྡེ་ཆེ་ཤོས་ཡིན། ཐེན་པའོ་ཁྲི་ལོའི་དུས་སུ་ཕྱུགས་ལས་གཙོ་སྐྱོང་ལས་ཁུངས་བརྒྱད་བཙུགས་ཏེ་རྟ་སུམ་འབུམ་འཚོས་པ་དང་། སྤྱི་ཁྱབ་པ་བསྐོས་ནས་གཅུན་དུ་བཅུག ཨན་ལུའུ་ཧྲན་གྱིས་འཁྲུག་ཟིང་བཟོ་དུས་གོང་མ་སུའུ་ཙུང་ལིང་ཝུའུ་རུ་བཞུགས། གོང་མས་ཧོ་ཞིའི་ས་སྲུང་དམག་དཔུང་ཚང་མ་བསྐངས་ཏེ་རྒྱལ་ས་གཉིས་ལེན་དུ་བསྐྱོད་པས། བོད་ཀྱིས་གླགས་དེར་བསྟུན་ནས་ཧོ་ཞི་དང་ལུང་ཡིའུ་ས་ཆ་བླངས། རྒྱ་མི་ས་ཡའི་གྲངས་བོད་ཀྱི་མངའ་འོག་ཏུ་ཤོར། ཁའེ་ཁྲེང་ཁྲི་ལོའི་དུས་སུ་གོང་མའི་སྲིད་གཞུང་གིས་ནུབ་ཕྱོགས་སུ་ཕོ་ཉ་མངགས་དུས། ཀན་ཀྲོའུ། ལེང་ཀྲོའུ། ཀྭ་ཀྲོའུ། ཧྲ་ཀྲོའུ་སོགས་ཀྱི་མཁར་སྔར་བཞིན་སྐྱོན་མེད་དུ་གནས་པ་མཐོང་། བོད་ཀྱི་མངའ་འོག་ཏུ་ཤོར་བའི་མིས་ཐང་གི་ཕོ་ཉའི་ཕྱག་རྟགས་མཐོང་ནས་ལམ་གྱི་གཡས་གཡོན་གཉིས་སུ་བསྒྲིགས་ནས་བསུས་ཤིང་། གོང་མས་བོད་ཀྱི་དབང་འོག་ཏུ་ཤོར་བའི་མི་སེར་ངེད་ཅག་ཐུགས་ནས་དོར་མེད་དུམ་ཞེས་ངུ་བཞིན་དུ་དྲིས། དེའི་སྐྱེ་བོ་ཚང་མ་ཐེན་པའོ་ཁྲི་ལོའི་དུས་སུ་བོད་ཀྱི་མངའ་འོག་ཏུ་ཚུད་པའི་མིའི་བུ་རབས་ཚ་རྒྱུད་རེད། ཁོ་ཚོའི་སྐད་ཆ་ཅུང་འགྱུར་ཡོད་ཀྱང་ཆ་ལུགས་འགྱུར་མེད་དུ་གནས།
རྒྱལ་རབས་ལྔའི་དུས་ལ་སླེབས་སྐབས། བོད་ཉམས་རྒུད་དུ་གྱུར་པས་ཡུ་གར་དང་ཏང་ཞང་སོགས་ཆཱང་གི་ཚོ་པ་ཁག་གིས་དེའི་ས་རྣམས་བཟུང་ཡང་། འབངས་མི་རྣམས་ནི་མངའ་འོག་ཏུ་བླངས་ནས་མ་བསྐྱངས། སྐབས་དེ་ཏག་ཏག་ཀྲུང་གོར་ཟིང་ཆ་བྱུང་ནས་སྟོབས་ཉམས་པའི་དུས་ལ་ཁེལ་ཡོད་པས་ས་དེ་སྐྱོང་མི་ཐུབ་པར་གྱུར་མོད། ཀན་ཀྲོའོ་དང་། ལེང་ཀྲོའུ། ཀྭ་ཀྲོའུ། ཧྲ་ཀྲོའུ་བཅས་ཀྲོའུ་བཞིས་རྟག་པར་ཀྲུང་ག་དང་འགྲོ་འོང་བྱེད། ཀན་ཀྲོའུ་རུ་ཡུ་གུར་ཁ་གན་གྱི་གུར་ཡོད་པ་ཕུད། ལེང་ཀྲོའུ་དང་། ཀྭ་ཀྲོའུ། ཧྲ་ཀྲོའུ་བཅས་གསུམ་གྱི་དམག་དཔོན་དང་དཔོན་རིགས་ཀྱིས་རང་ལ་སྔར་མུས་བཞིན་ཐང་གི་དཔོན་རིགས་སུ་འབོད་ཅིང་དཔོན་ཐོབ་ཞུ་རུ་ཐེངས་དུ་མར་སླེབས། ལིའང་ཐའེ་ཙུའུ་ཡི་སྐབས་ནས་ལིང་ཝུའུ་ཡི་ཅེ་ཏུའུ་ཧྲི་ཡིས་ཧོ་ཞིའི་ཅེ་ཏུའུ་ཧྲིའི་འགན་ཡང་གཅིག་ལྕོགས་སུ་ཁུར་བ་དང་། ཀན་ཀྲོའུ་དང་། སུའུ་ཀྲོའུ། ཝེད་ཀྲོའུ་སོགས་ཀྱི་ཀོན་ཁྲ་ཧྲིའི (ལྟ་ཞིབ་དཔོན)འགན་ཡང་ཁུར་ཡོད་མོད་དེ་ཡང་མིང་ཙམ་དུ་ལུས་ཤིང་། ལེང་ཀྲོའུ་སྲུང་མཁན་དམག་དཔོན་ནི་ཁོ་ཚོ་རང་ཉིད་ནས་བསྐོས་པ་རེད། ཐང་རྒྱལ་རབས་ཀྱི་ཁྲང་ཞིང་ཁྲི་ལོ་བཞི་པར། ལེང་ཀྲོའུ་ཡི་ལིའུ་ཧོའུ་དཔོན་པོ་སུན་ཁྲའོ་ཡིས་དམག་དཔོན་ཆེན་མོ་ཐོ་པ་ཁྲེང་ཆན་དང་། དགེ་འདུན་པ། ཏའོ་ལུགས་པ། དཔེ་ཆ་བ། རྒན་པོ་དབྱང་ཐུང་ཞིན་སོགས་མངགས་པ་རྒྱལ་སར་འབྱོར་ཅིང་། གོང་མ་མིང་ཙུང་གིས་སུན་ཁྲའོ་ཅེ་ཏུའུ་ཧྲིར་བསྐོས། ཆིང་ཐའེ་ཁྲི་ལོ་དང་པོར། ལིའུ་ཧོའུ་དཔོན་པོ་ལི་ཝུན་ཆན་གོ་ཐོབ་ཞུ་རུ་སླེབས། ལོ་འགའ་ཕྱིན་རྗེས་ལེང་ཀྲོའུ་ཡི་མི་རྣམས་ཀྱིས་ལི་ཝུན་ཆན་བསྐྲད་པས། ལིང་ཝུའུ་ཡི་ཧྥེང་ཧུའེ་ཞེས་པས་ཡ་ཅང་དམག་དཔོན་ཝུའུ་ཅི་ཞིང་ཞེས་པ་ལི་ཝུན་ཆན་གྱི་ཚབ་ཏུ་བསྐོས། དེ་ནི་ཐེན་ཧྥུ་ཁྲི་ལོ་བདུན་པའི་དུས་ཡིན། དེའི་ཕྱི་ལོར་ཅིན་ཀའོ་ཙུའུ་ཡིས་ཅིང་ཀྲོའུ་ཡི་ཡ་ཡ་དམག་དཔོན་ཁྲེན་ཡན་ཧུའེ་བཀའ་ཡིག་དང་བཅས་ལེང་ཀྲོའུ་བདེ་ལ་འགོད་དུ་མངགས་མོད། ལེང་ཀྲོའུ་ཡི་མི་རྣམས་ཀྱིས་ཁྲེན་ཡན་ཧུའེ་ཕྱིར་མ་བཏང་བར་ཚི་ཧྲིར་བསྐོས། ཧན་དབྱིན་ཏིའི་དུས་སུ་ལེང་ཀྲོའུ་ཡི་ལིའུ་ཧོའུ་དཔོན་པོ་ཀྲེ་པུའུ་ཅ་ཧྲི་ཞེས་པ་གོ་ཐོབ་ཞུ་རུ་སླེབས་པས་ཧན་གྱིས་ཁོ་ཅེ་ཏུའུ་ཧྲིར་བསྐོས། ཀྲེ་པུའུ་ཅ་ཧྲི་ནི་ཡུལ་དཔོན་ཞིག་རེད། ཀྲོའུ་ཡི་ཀོང་ཧྲུན་ཁྲི་ལོ་གཉིས་པར་ཀྲེ་པུའུ་ཅ་ཧྲིས་རྒྱལ་སར་མི་མངགས་ནས་རྟའི་ཚོང་བྱེད་དུ་བཅུག དུས་དེར་ཧྲུའུ་སྨི་ཧྲིའི་གོ་ཐོབ་ཅན་ཝང་ཅུན་གྱིས་སྲིད་དོན་སྐྱོང་བཞིན་ཡོད། ཝང་ཅུན་གྱི་གྲོགས་པོ་རྙིང་པ་ཧྲེན་ཧྲི་ཧོའུ་ཞེས་པ་གཞོན་དུས་སུ་ཇག་རྐུན་གྱི་ལས་ལ་ཞུགས་མྱོང་ཞིང་། སྐབས་དེར་ཡའན་ཀྲོའུ་ཡི་ཡ་ཅང་དམག་དཔོན་བྱེད་བཞིན་ཡོད་པ་ཝང་ཅུན་དང་ཡིད་གཅུགས་པ་ཞིག་ཡོད། ཕྱིས་སུ་ཝང་ཅུན་གོ་གནས་མཐོན་པོར་འཕར་བས། ཧྲེན་ཧྲི་ཧོའུ་ཡིས་ལྭ་བ་ཧྲུལ་པོ་གྱོན་ཅིང་མགོ་སྐྲ་ཟིང་ཟིང་དུ་ཉིན་ལྟར་ཝང་ཅུན་ཕྱིར་འཐོན་པར་བསྒུགས་པ་དང་། ཝང་ཅུན་གྱི་རྟ་ཁ་བཀག་ནས་ཕྱག་བཙལ། རང་ཉིད་དབུལ་ཞིང་ཕོངས་པའི་གནས་ཚུལ་བརྗོད་ཀྱང་། ཝང་ཅུན་གྱིས་ཁོར་གོ་གནས་ཅི་ཡང་ཁས་མ་བླངས་པར་ལོག་ཏུ་བཅུག ཀྲེ་པུའུ་ཅ་ཧྲི་སོགས་དམག་དཔོན་ཞིག་བསྐོ་དགོས་ཚུལ་ཞུ་རུ་སླེབས་དུས། ཝང་ཅུན་གྱིས་ལེང་ཀྲོའུ་མཐའ་འཁོབ་མི་རིགས་ཀྱི་མཐིལ་དུ་གནས་ཤིང་ཀྲུང་གོས་དཔོན་རིགས་བསྐོས་མ་མོང་བས། རྒྱལ་སྲས་དམ་པའི་སྐུ་སྲུང་དམག་དཔུང་ཁྲོད་ནས་དེར་འགྲོ་ཐུབ་མཁན་དཔོན་རིགས་ཤིག་འོས་སྡུད་བྱ་རྒྱུའི་གྲོས་འགོ་བཏོན། ཟླ་གཅིག་ལྷག་འགོར་ཀྱང་དང་ལེན་ཞུ་མཁན་མ་བྱུང་བས། ཧྲེན་ཧྲི་ཧོའུ་ལ་ཙོ་ཝེ་དམག་དཔོན་གྱི་ཆོ་ལོ་སྩོལ་རྒྱུ་གོང་མར་ཞུས་པ་དང་། དེར་མཐུད་ནས་ཧོ་ཞིའི་ཅེ་ཏུའུ་ཧྲིར་བསྐོས། ཧྲེན་ཧྲི་ཧོའུ་ལེང་ཀྲོའུ་རུ་སླེབས་རྗེས། གོང་ལ་ཞུས་པ་བརྒྱུད་ཡ་ཡ་དཔོན་གཞོན་ཚུའི་ཧུའུ་ཞིན་དང་། དབྱང་ཧྥྲ་ལུང་པའི་འགོ་པའི་མི་རྒྱུད་ཝང་ཐིང་ཧན། ཝུན་ཁྲུང་ཡུའེ། ལིའུ་ཧྲའོ་ཡིང་ལ་སོགས་དམག་དཔོན་དང་དཔོན་རིགས་སུ་བསྐོས་པ་དང་། ཨན་ཀོ་ཀྲེན་ནས་ལེང་ཀྲོའུ་བར་དུ་ཀྲོའུ་གསུམ་བཙུགས་ནས་ཆཱང་པའི་ཚོ་པ་ཁག་གཅུན་ཐབས་བྱས། ཚོ་དཔོན་རྣམས་ཚི་ཧྲི་དཔོན་དུ་བསྐོས་མོད། ལེང་ཀྲོའུ་རུ་མཐའ་འཁོབ་མི་རིགས་དང་རྒྱ་འདྲེས་ནས་ཡོད་ཅིང་། ཧྲེན་ཧྲི་ཧོའུ་སྤྱོད་པ་ངན་པའི་མིར་སོང་གཤིས་སྐྱོང་མ་ཐུབ། གོང་མ་ཧྲི་ཙུང་གི་དུས་ལ་སླེབས་སྐབས། ཧྲེན་ཧྲི་ཧྲོའུ་ཡིས་ཁོའི་བུ་ཤུལ་དུ་བཞག་ནས་ཕྱིར་བྲོས་པས། ལེང་ཀྲོའུ་ཀྲུང་གོ་དང་འགྲོ་འོང་ཆད་པར་གྱུར། ཀྭ་ཀྲོའུ་དང་ཧྲ་ཀྲོའུ་ཁོ་ན་རྒྱལ་རབས་ལྔ་མཇུག་འགྲིལ་བའི་བར་རྟག་པར་འོང་།
ལིའང་རྒྱལ་རབས་ཀྱི་ཁའེ་ཕིང་ཁྲི་ལོའི་དུས་སུ་ཧྲ་ཀྲོའུ་རུ་ཅེ་ཏུའུ་ཧྲི་ཡི་གོ་ཐོབ་ཅན་ཀྲང་ཧྥིང་ཡོད་ཅིང་། རང་གིས་རང་ལ་གསེར་རིའི་གོས་དཀར་གོང་མ་ཞེས་སུ་འབོད། ཐང་ཀྲོང་ཙུང་གི་དུས་སུ་ཡུ་གུར་གྱི་ཕོ་ཉ་མཇལ་དུ་སླེབས་ཤིང་། ཧྲ་ཀྲོའུ་ཡི་ཚི་ཧྲི་དཔོན་པོ་ཚའོ་དབྱི་ཅིན་གྱིས་ཀྱང་ཡུ་གུར་གྱི་ཕོ་ཉ་དང་ལྷན་དུ་ཕོ་ཉ་མངགས་པས། གོང་མ་ཀྲོང་ཙུང་གིས་ཚའོ་དབྱི་ཅིན་ཀུའེ་དབྱི་ཅུན་གྱི་ཅེ་ཏུའུ་ཧྲི་དང་། ཀྭ་ཀྲོའུ་དང་ཧྲ་ཀྲོའུ་སོགས་ཀྲོའུ་ཁག་གི་ཀོན་ཁྲ་ཁྲུའུ་ཀྲི་ཧྲི( ལྟ་ཞིབ་ཐག་གཅོད་དཔོན) རུ་བསྐོས། ཅིན་རྒྱལ་རབས་ཀྱི་ཐེན་ཧྥུ་ཁྲི་ལོ་ལྔ་པར་ཚའོ་དབྱི་ཅིན་འདས་ཤིང་ཁོའི་བུ་ཚའོ་ཡོན་ཏེས་དེའི་ཚབ་བྱས། ཁྲི་ལ་བདུན་པར་ཧྲ་ཀྲོའུ་ཡི་ཚའོ་ཡོན་ཀྲུང་དང་། ཀྭ་ཀྲོའུ་ཡི་ཚའོ་ཡོན་ཧྲེན་གཉིས་ཀས་ཕོ་ཉ་མངགས། ཀྲོའུ་ཧྲི་ཙུང་གི་དུས་སུ་ཚའོ་ཡོན་ཀྲུང་ཀུའེ་དབྱི་ཅུན་གྱི་ཅེ་ཏུའུ་ཧྲི་དང་། ཚའོ་ཡོན་ཀུང་ཀྭ་ཀྲོའུ་ཡི་ཐོན་ལེན་ཧྲིར( བདེ་སྲུང་དྲག་དཔོན) བསྐོས། དེ་དག་གིས་རྒྱ་ཚྭ་དང་། གཅོད་རྭ། པར་སིག་གི་དར་གོས། ཨན་ཞིའི་སྲིང་རས་སྤུས་ལེགས། མཚུར། ཚ་ལ། ཕྲུགས། གཡང་ཊིའི་རྡོག་པོ་བཅས་ཕུལ། དེ་དག་འབུལ་མཁན་ཡིན་པའི་རྐྱེན་གྱིས་ཁོ་ཚོའི་མིང་རྟོགས་པ་ཙམ་ལས། ཁོ་ཚོས་གོ་གནས་ཁུར་བའི་ལོ་དང་འདས་ལོ། དཔོན་རབས་སོགས་ལོ་རྒྱུས་ཐོག་བཀོད་མེད།
བོད་ནི་ལིའང་རྒྱལ་རབས་ཀྱི་དུས་སུ་གོ་ཐོས་མེད་པར་གྱུར། ཐང་རྒྱལ་རབས་ཀྱི་ཐེན་ཁྲེང་ཁྲི་ལོ་གསུམ་པར་ཡུ་གུར་གྱི་རྒྱལ་པོ་རེན་ཡུས་གོང་མར་མཇལ་དུ་འོངས་ཤིང་། བོད་ཀྱིས་ཀྱང་དེ་དང་འགྲོགས་ནས་ཕོ་ཉ་མངགས། དེ་ནས་བཟུང་སྟེ་བོད་ཀྱི་ཕོ་ཉ་ཀྲུང་གོར་ཐེངས་འགར་འབྱོར། ཐེངས་ཤིག་གོང་མ་མིང་ཙུང་ཚོམས་ཆེན་ཏོན་མིང་དུ་ཕེབས་ནས་བོད་ཀྱི་ཕོ་ཉར་མཇལ་འཕྲད་གནང་། ཁོ་ཚོའི་རྒྱལ་གུར་གང་དུ་ཡོད་པ་བཀའ་འདྲི་གནང་བར། ལན་དུ་ཅིང་ཀྲོའུ་ནས་ནུབ་ཕྱོགས་ལེ་དབར་ཉིས་སྟོང་གི་སར་ཡོད་ཅེས་ཞུས། གོང་མ་མིང་ཙུང་གིས་མི་རེར་སྟག་ལྤགས་རེ་བསྩལ་ཅིང་ཚང་མས་དེ་ལྷེབ་གྱོན་གྱིས་ཕྱག་བཙལ། ལུས་པོ་དུད་དེ་ཕྱིར་འཁོར་དུས་མགོའི་ཕྱིང་ཞྭ་སར་ལྷུང་བར། མགོ་སྐྲ་རྩྭ་ཡན་ལྟར་ཟིང་བ་མཐོང་ནས་གོང་མ་མིང་ཙུང་དང་དེར་ཡོད་ཀུན་གད་མོ་ཆེན་པོ་ཤོར། ཧན་དབྱིན་ཏིའི་དུས་སུ་ད་དུང་མཇུལ་དུ་སླེབས་མོད། ཕྱིས་སུ་འོངས་མཚམས་ཆད་ཅིང་དེའི་རྒྱལ་རབས་ཀྱི་གནས་ཚུལ་སྐོར་ལོ་རྒྱུས་སུ་འཁོད་པའང་མེད།
ཏང་ཞང་གི་སྐོར།
ཏང་ཞང་ནི་གཞིས་ཆགས་ནས་གནས་ཤིང་སྡད་སའ་ཁང་པ་ཡོད། བལ་རྩིད་ཀྱིས་ཐགས་བཏགས་ནས་ཁང་ཀླད་འགེབས། དྲག་པོའི་ལས་ལ་མོས་གུས་བྱེད། མི་རྣམས་ཚེ་ཐག་རིང་ཞིང་ལོ་ན་བརྒྱ་དང་ལྔ་བཅུ་དྲུག་ཅུ་བར་འཚོ་ཐུབ་པ་ཡང་ཡོད། སོ་ནམ་མི་བྱེད་པར་རྐུ་འཕྲོག་བྱེད་པར་དགའ། ཐུང་ཀོང་ཁྲི་ལོའི་རྗེས་སུ་ཏང་ཞང་གི་ཚོ་པ་ཆེ་གྲས་ཀྱི་འགོ་པ་དག་རང་ས་ནས་གོང་མ་མཇལ་བ་དང་སྐྱེས་འབུལ་དུ་འོངས། གོང་མ་མིང་ཙུང་གི་དུས་སུ་གོང་མའི་བཀས་མཐའ་མཚམས་སུ་ཚོང་ར་བཙུགས་ནས་རྟའི་ཚོང་བྱེད་དུ་བཅུག་པས་མཐའ་འཁོབ་མི་རིགས་ཚང་མ་ཀྲུང་གོར་ཡོང་ནས་ཚོང་བྱས། མང་ཤོས་ཡུ་གུར་དང་ཏང་ཞང་གི་རྟ་རེད། གོང་མ་མིང་ཙུང་གིས་མཐའ་འཁོབ་པ་ཞི་བས་འགུགས་པ་དང་སྐྱོང་བའི་ཆེད་དུ་རྟའི་བཟང་ངན་ལ་ལྟོས་པ་མེད་པར་ཚང་མ་ཉོས་ཤིང་། རྟག་པར་རིན་གོང་མཐོ་དྲགས་པ་སྦྱིན་པ་དང་མགྲོན་ཁང་གི་གླ་ཆ་དང་འགྲོ་འོང་གི་གཏོང་སྒོ་ཕོན་ཆེན་བཏང་། དེ་དག་རྒྱལ་སར་ཡོང་ཐེངས་རེར་གོང་མ་མིང་ཙུང་གིས་ཕོ་བྲང་གི་ཚོམས་ཆེན་དུ་མཇལ་འཕྲད་གནང་བ་དང་། ཁོ་ཚོར་ཆང་རག་དང་ཁ་ཟས་བསྟབས་ཏེ་ར་རོ་བར་གྱུར་དུས་དེདག་དང་ལྷན་དུ་གཞས་གཏོང་བ་དང་། དེ་དག་གི་གོམས་སྲོལ་རྗོད་དུ་བཅུག་ནས་སྤྲོ་སྤྲོ་བྱེད། ཕྱིར་ལོག་དུས་ཡང་གསོལ་རས་སྤམ་མཐོ་བ་སྩོལ་བས་ལོ་རེར་དངུལ་ས་ཡ་ཙམ་གྲོན། ཐང་གི་བློན་ཆེན་ཚང་མས་དེར་སེམས་ཁུར་གྱིས་གོང་མར་ཐེངས་མང་ཞུས་གཤིས། གོང་མས་དཔོན་རིགས་ལ་མཐའ་མཚམས་རང་དུ་རིན་གོང་འཚམ་ངེས་བྱིན་ནས་རྟ་ཉོ་བ་དང་། རྟ་འཚོང་མཁན་རྣམས་རྒྱལ་སར་ཡོང་དུ་མི་འཇུག་པའི་བཀའ་ཕབ་མོད། ཏང་ཞང་པས་ཁེ་སྤོགས་ལ་དམིགས་ནས་རྒྱལ་སར་མུ་མཐུད་ཡོང་བས་འགོག་མ་ཐུབ། ལིང་ཀྲོའུ་དང་ཆིང་། ཀྲོ་འུ་རུ་ཡོད་པའི་ཏང་ཞང་པ་རྣམས་ཀྱིས་མཐའ་མཚམས་སུ་ཐེངས་དུ་མར་གཙེས་ནས་འཕྲོག་བཅོམ་བྱས་པ་དང་། ཧོ་ཞིའི་ཡུ་གུར་བ་རྣམས་ཏང་ཞང་གི་ཚོ་པ་བརྒྱུད་ནས་ཀྲུང་གོར་སྐྱེས་འབུལ་དུ་ཡོང་དུས་རྟག་པར་ལམ་དུ་བཀྱག་ནས་འཕྲོག་བཅོམ་དང་། ཡུ་གུར་གྱི་ཕོ་ཉ་བཟུང་བ་ཚོ་པ་གཞན་ལ་བཙོངས་ནས་རྟ་ནོར་དང་བརྗེས་པས། གོང་མ་མིང་ཙུང་གིས་ལིང་ཝུའུ་ཡི་ཁང་ཧྥུ་དང་། པིན་ཀྲོའུ་ཡི་ཡའོ་ཡན་ཁྲོའུ་སོགས་ལ་དམག་སྣེ་འཚོས་ཏེ་འདུལ་དུ་མངགས་པར། ཁང་ཧྥུ་སོགས་ཀྱིས་ཨ་མའེ། ཝེ་ཞི། པའོ་ལེ། ཆང་ལའེ། མའེ་སི་ཀུའུ་ཝེ་བཅས་དང་། དེའི་འགོ་བ་ཆེན་མོ་ལེན་ཞང་། ལི་པ་ས་ཝང་། ཏུའུ་ཐུང་དམག་དཔོན་ཞི་ན། མའེ་མོ། ཧྲི་ཡུའེ་དཔོན་པོ་ཆི་མའེ། ཝེ་ཞི་པོ་སོགས་ཀྱི་ཚོ་བ་གཏོར། མི་སྟོང་ཕྲག་དུ་མ་བསད། དེ་དག་གི་ནོར་ལུག་ཁྲི་ཕྲག་མང་པོ་དང་། ཁོ་ཚོས་རྒྱལ་ཁབ་གཞན་ནས་འཕྲོག་པའི་རིན་པོ་ཆེ་གཡང་ཊི་སོགས་ཐོབ་པ་ཚང་མ་དམག་མིར་བྱིན། དེར་བརྟེན་ནས་ཏང་ཞང་གི་གནོད་འཚེ་མཚམས་ཅུང་བཞགས་མཚམས་སུ་ཐར་ཐོར་དུ་ཡོད་པའི་ཚོ་བ་གཞན་ཡང་ཧ་ཅང་མང་ན་ཡང་། དེ་དག་ཚང་མར་རྒྱལ་ཁབ་དང་རྒྱལ་པོ་མེད་པས་དེའི་སྐོར་ཞིབ་རྒྱས་འགོད་ཐབས་མ་བྱུང་།
འབྲེལ་ཡོད་འོས་སྦྱོར།