༄༅། །རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ་རུ་འཁོད་པའ་ིཐུ་ལུ་ཧུན་དང་ཏང་ཞང་དང་བོད་ཀྱི་སྐོར།
རྩོམ་པ་པོ།:ཨོའུ་དབྱང་ཞིའུ་སོགས་ཀྱིས་བརྩམས
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-22
ཀློག་གྲངས།:
༄༅། །རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ་རུ་འཁོད་པའ་ིཐུ་ལུ་ཧུན་དང་ཏང་ཞང་དང་བོད་ཀྱི་སྐོར།
(སུང་རྒྱལ་རབས)ཨོའུ་དབྱང་ཞིའུ་སོགས་ཀྱིས་བརྩམས།
ཐུ་ཧུན་གྱི་སྐོར།(སུང་རྒྱལ་རབས)ཨོའུ་དབྱང་ཞིའུ་སོགས་ཀྱིས་བརྩམས།
ཐུ་ཧུན་གྱི་མིང་ལ་མ་གཞི་ཐུ་ལུ་ཧུན་ཟེར། ལ་ལས་དེ་ནི་ཚི་ཧྥུ་ཆན་ཀུའེ་ཡི་རྒྱུད་པ་ཡིན་པར་བཤད། ཐུ་ལུ་ཧུན་ཞེས་པའི་མིང་དེ་ཀྲུང་གོར་ཐོག་མར་ཝེ་རྒྱལ་རབས་ཕྱི་མའི་ཚུན་ནས་མཐོང་ཐོས་བྱུང་། རྒྱལ་ཁབ་དེ་མཚོ་སྔོན་པོའི་རྒྱུད་དུ་ཡོད་ཅིང་། ཐང་རྒྱལ་རབས་ཀྱི་ཀྲི་ཏེ་ཁྲི་ལོའི་དུས་སུ་བོད་ཀྱི་དཔུང་འཇུག་ཐེབས་ཏེ་ཚོ་པ་སོ་སོར་ཐོར། ཐང་རྒྱལ་རབས་ཀྱི་མངའ་ཞབས་སུ་ཞུགས་པ་རྣམས་ཐང་གིས་ཧོ་ཞི་ས་ཆར་སྡོད་དུ་བཅུག དེའི་རུས་ཆེ་གྲས་ལ་མུའུ་རུང་། ཐོ་པ། ཧོ་ལེན་སོགས་ཚོ་པ་ཁག་ཡོད། གོང་མ་དབྱི་ཙུང་གི་དུས་སུ་དེའི་འགོ་པ་ཧོ་ལེན་ཏོ་ཞེས་པ་དབྱིན་ཧྲན་ཧྥུ་ཡི་སྤྱི་ཁྱབ་དམག་དཔོན་དུ་བསྐོས་པ་དང་། ཐང་ཞུན་འདུལ་རོགས་བྱས་ནས་བྱས་རྗེས་བཞག་པར་བརྟེན་ནས་ཏ་ཐུང་དམག་དཔུང་གི་ཅེ་ཏུའུ་ཧྲིར་བསྐོས། ཕྱིས་ཅིན་ཝང་གིས་ཕམ་རྗེས་ཚོ་པ་ཉམས་ཤིང་རྒུད་དེ་ཡུས་ཀྲོའུ་ཡི་ཁོངས་སུ་ཐར་ཐོར་དུ་གནས།
གོང་མ་ཀྲོང་ཙུང་གི་དུས་སུ་ཐུ་ལུ་ཧུན་གྱི་འགོ་པ་པའེ་ཁྲེང་ཧྥུ་ཞེས་པ་ཞིག་ཡོད་པ་དེས་ཀྲུང་ཧྲན་བྱང་ཕྱོགས་ཀྱི་ཧྲི་མོན་དུ་མཁར་རྫོང་བརྩིགས། གོང་མ་ཀྲོང་ཙུང་གིས་ཉིང་ཧྲོ་ཧྥུ་དང་ཧྥིང་ཧྭ་ཧྥུ་གཉིས་བཙུགས་ནས་པའེ་ཁྲེང་ཧྥུ་སྤྱི་ཁྱབ་དམག་དཔོན་དུ་བསྐོས། ལི་ཧྲའོ་ཅི་ཞེས་པའི་རུས་མིང་བསྩལ། ཐང་རྒྱལ་རབས་འཇིག་པའི་བར་ང་རྟག་པར་ཀྲུང་གོར་ཕོ་ཉ་མངགས་ཏེ་སྐྱེས་ཕུལ།
ཅན་ཀའོ་ཙུའུ་གོང་མའི་ཁྲིར་འཁོད་རྗེས་ཡན་མོན་གྱི་བྱང་རྒྱུད་བཅད་དེ་ཆི་ཏན་ལ་བྱིན་པས། ཐུ་ལུ་ཧུན་ཆི་ཏན་གྱི་འབངས་སུ་ཚུད་དེ་དཔྱ་ཁྲལ་ལྗིད་མོ་དང་མནར་གཅོད་བཟོད་དཀའ་བ་བྱུང་། དུས་དེར་ཨན་ཁྲུང་རུང་གིས་ཁྲེང་ཏེ་བསྲུངས་ཡོང་ཅིང་། ཁོས་བསམ་ཕྱོགས་གཞན་བཅངས་ནས་ལྐོག་ཏུ་མི་མངགས་ནས་ཐུ་ལུ་ཧན་གྱི་མི་རྣམས་འགག་སྒོའི་ནང་རོལ་དུ་བཀུག་པར། པའ་ཁྲེང་ཧྥུ་སོགས་ཀྱང་ཝུའུ་ཐའེ་ནས་ཀྲུང་གོར་ཡོང་སྟེ་གནས་བཅས་པས། ཆི་ཏན་གྱི་གོང་མ་ཡེ་ལི་ཏེ་ཀོང་ཆེར་ཁྲོས་ཏེ་ཕོ་ཉ་མངགས་ནས་ཅིན་ཀའོ་ཙུའུ་ལ་དེའི་སྐོར་འདྲི་རྩད་བྱས། གོང་མ་ཀའོ་ཙུའུ་འཇིགས་ཏེ་ཞབས་ཞུ་དཔོན་པོ་ཀྲང་ཁྲང་ཞེས་པར་དམག་མི་འཁྲིད་དུ་བཅུག་ནས་པིང་ཀྲོའུ་དང་། ཀྲེན་ཀྲོའུ། ཞིན་ཀྲོའུ། ཏའེ་ཀྲོའུ་བཅས་ཀྱི་རི་གྲོག་ཁྲོད་ཀྱི་ཐུ་ལུ་ཧུན་གྱི་མི་རྣམས་ཕྱིར་སྐྲོད་དུ་བཅུག ཅིན་རྒྱལ་ཁབ་ཀྱིས་ཀྱང་ཆི་ཏན་གྱི་མནར་སྡུག་མྱོང་བཞིན་ཡོད་པས། ནམ་ཞིག་གནས་ཚུལ་ཛ་དྲག་ཆེ་དུས་ཐུ་ལུ་ཧུན་བེད་སྤྱོད་ཆོག་པར་བསམས། ལྐོག་ཏུ་ལིའུ་ཀྲི་ཡོན་ཞེས་པ་ཐའེ་ཡོན་བསྲུང་དུ་མངགས་ནས་ཐུ་ལུ་ཧུན་ལ་སེམས་གསོ་བྱས། ཅིན་ཀའོ་ཙུའུ་ཡི་དུས་ཧྲིལ་པོར་པའེ་ཁྲེང་ཆན་གྱིས་ཕོ་ཉ་ཐེངས་དུ་མར་མངགས་ཏེ་སྐྱེས་བཏེགས། ཕྱིས་སུ་གོང་མ་ཁྲུའུ་ཏི་ཡིས་ཆི་ཏན་དང་མཐུན་ལམ་བཅད་པས། པའེ་ཁྲེང་ཧྥུ་ཕོ་བྲང་དུ་བཀུག་སྟེ་ཏ་ཐུང་དམག་དཔུང་གི་ཅེ་ཏུའུ་ཧྲིར་བསྐོས་ཤིང་གཟིགས་མཐོང་ཆེན་པོ་གནང་། ཆི་ཏན་དང་ཅིན་རྒྱལ་ཁབ་གཉིས་ཀྱི་བར་དུ་རྨ་ཆུས་ཆོད་ཡོད། པའེ་ཁྲེང་ཧྥུ་ཡིས་གོང་མ་ཁྲུའུ་ཏིའི་ཞབས་འདེགས་སུ་རང་འོག་དམག་དཔུང་ཁྲིད་དེ་དགྲ་བོ་བཀག ལོ་དེར་ཚ་བ་ཆེན་པོ་བྱུང་ནས་ཐུ་ལུ་ཧུན་གྱི་མི་མང་པོ་རིམས་ནད་ཀྱིས་ཤི་བས། པའེ་ཁྲེང་ཧྥུ་ཐའེ་ཡོན་དུ་ལོག་ཏུ་བཅུག་ཅིང་ལཱན་དང་ཧྲིའི་བར་དུ་བསྡད། ལིའུ་ཀྲི་ཡོན་གྱིས་ཐུ་ལུ་ཧུན་ལ་བརྙས་བཅོས་རིམ་པར་བྱས་པར་བརྟེན་ནས་པའེ་ཁྲེང་ཧྥུས་སླར་ཡང་ས་སྒོའི་ཕྱི་རུ་འབྲོ་འཆར་བཀོད། ལིའུ་ཀྲི་ཡོན་གྱིས་ཐུ་ལུ་ཧུན་གྱི་ཚོ་པ་དམག་གིས་བསྐོར་ཏེ་པའེ་ཁྲེང་ཧྥུ་དང་ཚོ་པ་ཆེན་པོའི་འགོ་པ་ཧོ་ལེན་ཧའེ་ལུང་། པའེ་ཁོ་ཅིའུ། པའེ་ཐིའེ་ཁུའེ་སོགས་བསད་ཅིང་དེ་དག་གི་རྟ་ལུག་ཁྲི་ཕྲག་དུ་མསོགས་རྒྱུ་ནོར་འབོར་ཆེན་མ་ལུས་པར་བླངས་པས། ཐུ་ལུ་ཧུན་གྱི་མི་ལྷག་ལུས་རྣམས་ཐུ་ལུ་ཧུན་གྱི་ཚོ་པ་གཞན་པའི་མི་ཝང་དབྱི་ཙུང་ཞེས་པ་དེས་བསྐྱངས། དེ་ནས་བཟུང་ཐུ་ལུ་ཧུན་ཉམས་ཏེ་ཁོ་ཚོའི་སྐོར་བཀོད་པ་མཐོང་རྒྱུ་མེད་པར་གྱུར།
སྔར་ཐང་གིས་པའེ་ཁྲེང་ཧྥུའི་ཚོ་པ་གཡུང་ཐུ་ཧུན་ཞེས་པར་རྩི་ཞིང་། ཁྲང་ཞིང་ཁྲི་ལོའི་དུས་སུ་རྒོད་ཐུ་ཧུན་གྱི་ཏུའུ་མེར་ཞེས་པ་སྐྱེས་འབུལ་དུ་ལྷགས། ཏུའུ་མེར་གྱི་རྒྱལ་ཁམས་དང་ཚོ་པ་གར་ཡོད་མི་རྟོགས། ཧན་རྒྱལ་རབས་ཀྱི་ཆན་ཡིའུ་ཁྲི་ལོ་གཉིས་པར་ཡང་ཐུ་ལུ་ཧུན་གྱི་ཧོ་ཀ་ལ་ཞེས་པ་སྐྱེས་འབུལ་དུ་སླེབས། དེ་ཡང་གཡུང་ཐུ་ཧུན་ནམ་ཡང་ན་རྒོད་ཐུ་ཧུན་གང་ཡིན་མི་ཤེས། ཚོ་པ་དེ་དག་ཚང་མ་རྒུད་པའི་རྐྱེན་གྱིས་དཔྱད་པ་གཏོང་རིན་དང་འགོད་རིན་མེད་པར་གྱུར་ནས་ལོ་རྒྱུས་སུ་མ་བཀོད་པ་ཡིན་སྲིད།
ཏང་ཞང་གི་སྐོར།
ཏང་ཞང་ནི་ནུབ་ཆཱང་གི་རྒྱུད་པ་ཡིན། རྒྱལ་ཁབ་དེ་ཡུས་ཀུང་ཞེས་པའི་དཔེ་ཆའི་ནང་དུ་བརྗོད་པའི་ཞི་ཀྲི་ས་ཆར་ཡོད། དེའི་ཤར་ཕྱོགས་སུང་ཀྲོའུ་རུ་སླེབས་པ་དང་། ནུབ་མཐའ་ཡེ་ཧུའུ་དང་འབྲེལ། ལྷོ་མཐའ་ཁྲུང་སང་དང་འབྲེལ། བྱང་ཕྱོགས་ཐུ་ལུ་ཧུན་དང་འབྲེལ། མངའ་ཁོངས་ལེ་དབར་སུམ་སྟོང་ལྷག་ཡོད། མཁར་མེད་ཀྱང་ཁང་པ་ཡོད་པ་དེའི་ཀླད་དུ་བལ་རྩིད་བཏགས་ནས་གཡོགས། ཚོ་པ་དེའི་མི་རྣམས་རྐུན་ཇག་གི་ལས་ལ་སྤྲོ་ཞིང་ཚེ་ཐག་རིང་། ལོ་བརྒྱ་དང་ལྔ་བཅུ་དྲུག་ཅུ་བར་འཚོ་ཐུབ་མཁན་མང་། རུས་ཚོ་ཆེ་གྲས་ལ་ཞི་ཧྥེང་དང་། ཧྥེ་ཐིང་། ཀྲེ། ཡེ་ལ་སོགས་ཡོད་ཅིང་ཐོ་པ་ཚོ་པ་སྟོབས་ཆེ་ཤོས་ཡིན། ཐང་གི་གོང་མ་ཏེ་ཙུང་གི་དུས་སུ་ཏང་ཞང་གི་ཚོ་པ་རྣམས་སྔ་ཕྱིར་ཐང་ལ་མགོ་བཏགས། དེ་ལས་ཆིང་ཀྲོའུ་རུ་སྡོད་མཁན་རྣམས་ལ་ཏུང་ཧྲན་ཚོ་པ་ཟེར། ཞ་ཀྲོའུ་རུ་སྡོད་མཁན་རྣམས་ལ་ཕིང་ཞ་ཚོ་པ་ཟེར། ཚོ་པར་ཁྱིམ་རྒྱུད་ཆེན་པོ་ཡོད་ཀྱང་རྒྱལ་པོ་མེད་པས་གཅིག་ཏུ་མ་གྲིལ་བར་པིན་ཉིང་། ཧྥུའ་གཡན། ལིང་ཝུའུ། ཧོ་ཞི་བཅས་དང་། ཤར་གྱི་ལིངས་དང་ཧྥུ་ཡི་བར་དུ་ཐར་ཐོར་དུ་གནས། ཐུང་ཀོང་ཁྲི་ལོའི་རྗེས་སུ་ཚོ་པ་ཆེན་པོ་ཁག་གི་འགོ་པ་རང་ས་ནས་སྐྱེས་འབུལ་དུ་སླེབས།
གོང་མ་མིང་ཙུང་གི་དུས་སུ་གོང་མའི་བཀས་མཐའ་མཚམས་སུ་ཚོང་ར་བཙུགས་ནས་རྟའི་ཚོང་བྱེད་དུ་བཅུག་པས་མཐའ་འཁོབ་མི་རིགས་ཚང་མ་ཀྲུང་གོར་ཡོང་ནས་ཚོང་བྱས། མང་ཤོས་ཡུ་གུར་དང་ཏང་ཞང་གི་རྟ་རེད། གོང་མ་མིང་ཙུང་གིས་མཐའ་འཁོབ་པ་འགུགས་པ་དང་སེམས་གསོའི་ཕྱིར་དུ་རྟའི་བཟང་ངན་ལ་ལྟོས་པ་མེད་པར་ཚང་མ་ཉོས་ཤིང་། རྟག་པར་རིན་གོང་མཐོ་དྲགས་པ་སྦྱིན་པ་དང་མགྲོན་ཁང་གི་གླ་ཆ་དང་འགྲོ་འོང་གི་གཏོང་སྒོ་ཕོན་ཆེན་བཏང་། དེ་དག་རྒྱལ་སར་ཡོང་ཐེངས་རེར་གོང་མ་མིང་ཙུང་གིས་ཕོ་བྲང་གི་ཚོམས་ཆེན་དུ་མཇལ་འཕྲད་གནང་བ་དང་། ཁོ་ཚོར་ཆང་རག་དང་ཁ་ཟས་བསྟབས་ཏེ་ར་རོ་བར་གྱུར་དུས་དེ་དག་དང་ལྷན་དུ་གཞས་གཏོང་བ་དང་། དེ་དག་གི་ཡུལ་སྲོལ་རྗོད་དུ་བཅུག་ནས་སྤྲོ་སྤྲོ་བྱེད། ཕྱིར་ལོག་དུས་ཀྱང་གསོལ་རས་སྤམ་མཐོ་བ་སྩོལ་བས་ལོ་རེར་དངུལ་ས་ཡ་ཙམ་གྲོན། ཐང་གི་བློན་ཆེན་ཚང་མས་དེར་སེམས་ཁུར་གྱིས་གོང་མར་ཐེངསམང་ཞུས་གཤིས། གོང་མས་དཔོན་རིགས་ལ་མཐའ་མཚམས་རང་དུ་རིན་གོང་འཚམ་ངེས་བྱིན་ནས་རྟ་ཉོ་བ་དང། རྟ་འཚོང་མཁན་རྣམས་རྒྱལ་སར་ཡོང་དུ་མི་འཇུག་པའི་བཀའ་ཕབ་མོད། ཏང་ཞང་པས་ཁེ་སྤོགས་ལ་དམིགས་ནས་རྒྱལ་སར་མུ་མཐུད་ཡོང་བས་འགོག་མ་ཐུབ། ལིང་ཀྲོའུ་དང་ཆིང་ཀྲོའུ་རུ་ཡོད་པའི་ཏང་ཞང་པ་རྣམས་ཀྱིས་མཐའ་མཚམས་སུ་ཐེངས་དུ་མར་གཙེས་ནས་འཕྲོག་བཅོམ་བྱས་པ་དང་། ཧོ་ཞིའི་ཡུ་གུར་བ་ནམས་ཏང་ཞང་ཚོ་པ་བརྒྱུད་ནས་ཀྲུང་གོར་སྐྱེས་འབུལ་དུ་ཡོང་དུས་ལམ་དུ་བཀག་ནས་འཕྲོག་བཅམ་དང་ཡུ་གུར་གྱི་ཕོ་ཉ་བཟུང་ནས་ཚོ་པ་གཞན་ལ་བཙོངས་ཏེ་རྟ་ནོར་དང་བརྗེས་པས། གོང་མ་མིང་ཙུང་གིས་ལིང་ཝུའུ་ཡི་ཁང་ཧྥུ་དང་། པིན་ཀྲོའུ་ཡི་ཡའོ་ཡན་ཁྲོའུ་སོགས་ལ་དམག་སྣེ་འཚོ་རུ་བཅུག་ནས་འདུལ་དུ་མངགས། ཁང་ཧྥུ་སོགས་ཀྱིས་ཨ་མའེ་ཝེ་ཞི་པའོ་ལེ་ཆང་ལའེ་མའེ་སི་ཀུའུ་ཝེ་དང་། དེའི་འགོ་པ་ཆེན་མོ་ལེན་ཞང་ལི་པ་ས་ཝང་། ཏུའུ་ཐུང་དམག་དཔོན་ཞི་ན་མའེ་མོ། ཧྲི་ཡུའེ་དཔོན་པོ་ཆི་མའེ་ཝེ་ཞི་པོ་སོགས་ཀྱི་ཚོ་པ་གཏོར། མི་སྟོང་ཕྲག་དུ་མ་བསད། དེའི་ནོར་ལུག་ཁྲི་ཕྲག་མང་པོ་དང་། ཁོ་ཚོས་རྒྱལ་ཁབ་གཞན་ནས་འཕྲོག་པའི་རིན་པོ་ཆེ་གཡང་ཊི་སོགས་ཐོབ་པ་ཚང་མ་དམག་མིར་བྱིན། དེར་བརྟེན་ནས་ཏང་ཞང་གི་གནོད་འཚེ་ཅུང་མཚམས་བཞག
ཀྲོའུ་ཐའེ་ཙུའུ་ཡི་དུས་ལ་སླེབས་སྐབས། ཧྥུའུ་ཀྲོའུ་ཡི་ཏང་ཞང་པ་རྒྱལ་བུ་ཉི་ཡེ་ལིའུ་ཉི་ཞང་དང་། ཐོ་པ་ཧྲན་སོགས་ཚང་མ་མཇལ་དུ་འོངས་ནས་སྐྱེས་ཕུལ། ཀོང་ཧྲུན་ཁྲི་ལོ་གསུམ་པར་ཆིང་ཀྲོའུ་ཡི་ཚི་ཧྲི་དཔོན་པོ་ཀོ་ཡན་ཆིན་ཏང་ཞང་གི་རྟ་ལུག་ལ་སྲེད་པ་སྐྱེས་ཏེ་ཚོ་པ་ཁག་ལ་གཙེས་ཤིང་། ཡེ་ཅི་ཚོ་པ་གཅིག་པུ་སྟོབས་ཆེ་བས་ཉེ་སར་བཅར་མ་ཐུབ་གཤིས་ཚོ་པ་དེས་མཐའ་མཚམས་ལ་བཙན་འཛུལ་བྱས་ཞེས་བསྙད་བཏགས། ཀྲོའུ་ཐའེ་ཙུའུ་ཡིས་ཕོ་ཉ་མངགས་ནས་ཚོ་པ་དེར་སེམས་གསོ་དང་འགུགས་ཐབས་གནང་ཡང་། ཡེ་ཅི་ཚོ་པས་ཀོ་ཡན་ཆིན་གྱི་མནར་གཅོད་མ་བཟོད་པས་བཀའ་མ་བརྩིས། དེར་ཀྲོའུ་ཐའེ་ཙུའུ་ཡིས་པིན་ཀྲོའུ་ཡི་ཀྲེ་ཚུང་རོན་དང་། ཉིང་ཀྲོའུ་ཡི་ཚི་ཧྲི་དཔོན་པོ་ཀྲང་ཅན་ཝུའུ་སོགས་འདུལ་དུ་མངགས། ཀྲང་ཅན་ཝུའུ་ཡིས་མཐའ་འཁོབ་མི་རིགས་ཀྱི་གནས་ཚུལ་མི་རྟོགས་མོད། བྱས་རྗེས་འཇོག་རྒྱུར་བརྔམས་ནས་ཡེ་ཅི་ཚོ་པར་བྲེལ་སྟབས་ཀྱིས་དམག་དྲངས་ཏེ་མི་བརྒྱ་ཕྲག་འགའ་བསད། ཀྲང་ཅན་ལཝུའུ་ཡིས་ཡེ་ཅི་ཚོ་པ་གཏོར་ཚུལ་དེ་ཞི་ཡུས་དང་། ཀྲེ་སི། ཧྲ་ཉིའུ་ཅས་ཆོ་པ་གསུམ་གྱིས་ཐོས་པས། གནག་ཕྱུགས་ཀྱི་ཤ་དང་ཆང་རག་ཁྱེར་ནས་དམག་མིར་སྣེ་ལེན་ཞུས། དམག་མི་རྣམས་རྒྱུ་ནོར་ལ་ཧམ་པ་སྐྱེས་ནས་འཕྲོག་བཅོམ་བྱས་པ་ཚོ་པ་གསུམ་གྱིས་ཀྲང་ཅན་ལཝུའུ་ཡི་དམག་དཔུང་སླུ་བྲིད་ཀྱིས་པའོ་ཧྲན་དུ་ཁྲིད་པ་དང་། འགག་བཙན་པོ་སྒྲོལ་དུས་ཚོ་པ་གསུམ་གྱིས་མཉམ་དུ་འཐབ་པས་དམག་མི་རྣམས་བྲག་རོང་དུ་མཆོངས་ནས་ཤི་རྨས་ཧ་ཅང་མང་པོ་བྱུང་། གོང་མ་ཐའེ་ཙུའུ་ཁྲོས་ནས་ཀྲང་ཅན་ཝའུ་སོགས་ལ་ཉེས་ཆད་བཅད། དཔོན་རིགས་བཟང་པོ་ཆིང་ཀྲོའུ་ཡི་ཚི་ཧྲི་དཔོན་དུ་མངགས་ནས་ཏང་ཞང་པ་འགུགས་པ་དང་སྐྱོང་དུ་བཅུག ས་མཚམས་སུ་ཐར་ཐོར་དུ་ཡོད་པའི་ཚོ་པ་གཞན་ཡང་ཧ་ཅང་མང་ནའང་། དེ་དག་ལ་རྒྱལ་ཁབ་དང་རྒྱལ་པོ་མེད་པས་དེའི་སྐོར་ཞིབ་རྒྱས་འགོད་ཐབས་མ་བྱུང་།
བོད་ཀྱི་སྐོར།
བོད་ཀྱི་མངའ་རིས་དང་། རྒྱལ་རབས། ཚོ་པ། མིང་། ཡུལ་ཟོག་དང་གོམས་སྲོལ་སོགས་ཐང་རྒྱལ་རབས་དུས་ཀྱི་དེབ་ཐེར་ནང་བཀོད་ཡོད། ཐང་རྒྱལ་རབས་དར་བའི་དུས་སུ་ཧོ་ཞི་དང་ལུང་ཡིའུ་ཡི་ཀྲོའུ་སོ་གསུམ་ལས་ཆེ་ཤོས་ལེང་ཀྲོའུ་ཡིན། དེ་གའི་ས་གཤིན། དངོས་ཟོག་འབེལ། ཡུལ་མི་རྣམས་འབྱོར་བ་ཆེ་ཞིང་སྐྱིད། ཡུལ་དེ་རྟ་འཚོ་སར་འཚམ་པས་ཐང་རྒྱལ་རབས་ཀྱིས་དེར་ཕྱུགས་ལས་གཙོ་སྐྱོང་ལས་ཁུངས་བརྒྱད་བཙུགས་ནས་རྟ་སུམ་འབུམ་འཚོས། ཨན་ཞིའི་སྤྱི་ཁྱབ་ཁང་གིས་ནུབ་ཡུལ་གྱི་རྒྱལ་ཁབ་སོ་དྲུག་གཅུན་ཞིང་སྐྱོང་། ཐང་གི་ཅུན་དང་། ཀྲེན། ལྟ་རྟོག་དང་སྐྱོང་གཉེར་ལས་ཁུངས་སོགས་མཁར་སུམ་བརྒྱ་ལྷག་ཡོད་པ་ཚང་མ་ཀྲུང་གོའི་དམག་དཔུང་གིས་རྟག་པར་བསྲུངས་ཤིང་། ལེང་ཀྲོའུ་རུ་ཅེ་ཏུའུ་ཧྲི་བསྐོས་ནས་སྐྱོང་། ཨན་ལུའུ་ཧྲན་གྱིས་ཟིང་ཆ་སློང་དུས་གོང་མ་སུའུ་ཙུང་ལིང་ཝུའུ་རུ་ཕེབས་ཤིང་། ཧོ་ཞིའི་ས་སྲུང་དམག་དཔུང་ཚང་མ་དཔུང་རོགས་སུ་བསྐངས། བོད་ཀྱིས་གླགས་དང་བསྟུན་ནས་ཧོ་ཞི་དང་ལུང་ཡིའུ་ལ་དམག་དྲངས་ནས་ཕབ། རྒྱ་མི་ས་ཡ་བོད་ཀྱི་མངའ་འོག་ཏུ་ཤོར། གོང་མ་ཝུན་ཙུང་གི་དུས་སུ་ནུབ་ཕྱོགས་སུ་ཕ་ཉ་མངགས་དུས། ཀན་ཀྲོའུ། ལེང་ཀྲོའུ། ཀྭ་ཀྲོའུ། ཧྲ་ཀྲོའུ་སོགས་ཀྱི་མཁར་སྔར་བཞིན་སྐྱོན་མེད་དུ་གནས་པ་མཐོང་། བོད་ཀྱི་མངའ་འོག་ཏུ་ཤོར་བའི་མིས་ཐང་གི་ཕོ་ཉ་སླེབས་པ་རྟོགས་རྗེས་ལམ་གྱིགཡས་གཡོན་གཉིས་སུ་བསྒྲིགས་ནས་བསུས། ངུ་བཞིན་དུ་གོང་མས་བོད་ཀྱི་དབང་འོག་ཏུ་ཤོར་བའི་མི་སེར་ངེད་ཅག་ཐུགས་ནས་དོར་མེད་དམ་ཞེས་དྲིས། དེའི་མི་རྣམས་ཚང་མ་ཐེན་པའོ་ཁྲི་ལོའི་དུས་སུ་བོད་ཀྱི་མངའ་འོག་ཏུ་ཚུད་པའི་མིའི་བུ་རབས་ཚ་རྒྱུད་རེད། ཁོ་ཚོའི་སྐད་ཆ་ཅུང་འགྱུར་ཡོད་ཀྱང་ཆ་ལུགས་འགྱུར་མེད་དུ་གནས།
རྒྱལ་རབས་ལྔའི་དུས་ལ་སླེབས་སྐབས་བོད་ཉམས་རྒུད་དུ་གྱུར་པས་ཡུ་གུར་དང་། ཏང་ཞང་སོགས་ཆཱང་གི་ཚོ་པ་ཁག་གིས་དེའི་ས་རྣམས་བཟུང་ཡང་། འབངས་མི་རྣམས་ནི་མངའ་འོག་དུ་བླངས་ནས་མ་བསྐྱངས། སྐབས་དེ་ཏག་ཏག་ཀྲུང་གོར་ཟིང་ཆ་བྱུང་ནས་སྟོབས་ཉམས་པའི་དུས་ལ་ཁེལ་ཡོད་པས་ས་དེ་སྐྱོང་མི་ཐུབ་པར་གྱུར་མོད། ཀན་ཀྲོའུ་དང་། ལེང་ཀྲོའུ། ཀྭ་ཀྲོའུ། ཧྲ་ཀྲོའུ་བཅས་ཀྲོའུ་བཞིས་རྟག་པར་ཀྲུང་གོ་དང་འགྲོ་འོང་བྱེད་བཞིན་ཡོད། ཀན་ཀྲོའུ་རུ་ཡུ་གུར་ཁ་གན་གྱི་གུར་ཡོད་པ་ཕུད། ལེང་ཀྲོའུ་དང་། ཀྭ་ཀྲོའུ། ཧྲ་ཀྲོའུ་བཅས་གསུམ་གྱི་དམག་དཔོན་དང་དཔོན་རིགས་ཀྱིས་རང་ལ་སྔར་མུས་བཞིན་ཐང་གི་དཔོན་རིགས་སུ་འབོད་ཅིང་དཔོན་ཐོབ་སྩོལ་རྒྱུ་ཞུ་རུ་ཐེངས་དུ་མར་སླེབས། ལིའང་ཐའེ་ཙུའུ་ཡི་སྐབས་ནས་ལིང་ཝུའུ་ཡི་ཅེ་ཏུའུ་ཧྲི་ཡིས་ཧོ་ཞིའི་ཅེ་ཏུའུ་ཧྲིའི་འགན་ཡང་གཅིག་ལྕོགས་སུ་ཁུར་བ་དང་། ཀན་ཀྲོའུ་དང་། སུའུ་ཀྲོའུ། ཝེད་ཀྲོའུ་སོགས་ཀྱི་ཀོན་ཁྲ་ཧྲིའི་འགན་ཁུར་མོད་དེ་ཡང་མིང་ཙམ་དུ་ལུས་ཤིང་། ལེང་ཀྲོའུ་སྲུང་མཁན་གྱི་དམག་དཔོན་ནི་ཁོ་ཚོ་རང་ཉིད་ཀྱིས་བསྐོས་པ་རེད། ཐང་རྒྱལ་རབས་ཀྱི་ཁྲང་ཞིང་ཁྲི་ལོ་བཞི་པར། ལེང་ཀྲོའུ་ཡི་གཙོ་སྐྱོང་ཚབ་མ་སུན་ཁྲའོ་ཡིས་དམག་དཔོན་ཆེན་མོ་ཐོ་པ་ཁྲེང་ཆན་དང་། དགེ་འདུན་པ། ཏའོ་ལུགས་པ། རྒན་རབས་དབྱང་ཐུང་ཞིན་སོགས་རྒྱལ་སར་མངགས་ཏེ་དཔོན་ཐོབ་ཀྱི་ཕྱག་རྟགས་སྩོལ་རྒྱུ་ཞུས། གོང་མ་མིང་ཙུང་གིས་སུན་ཁྲའོ་སོགས་ཀྱི་ཁྱིམ་རྒྱུད་ཀྱི་སྐོར་དྲིས་པར། ཐོ་པ་ཁྲེང་ཆན་ན་རེ། ལེང་ཀྲོའུ་བོད་ལ་ཤོར་དུས། ཕ་ཡུལ་ཀྲང་ཡེ་ནས་ཡིན་པའི་ཀྲང་དབྱི་ཁྲའོ་ཡིས་དམག་མི་སྡུད་རུབ་ཀྱིས་བོད་དང་འཐབ། བོད་ཕྱིར་བསྐྲད་པས་ཐང་གོང་མས་ཀྲང་དབྱི་ཁྲའོ་ཅེ་ཏུའུ་ཧྲིར་བསྐོས་ཤིང་། གཡུན་ཀྲོའུ་0ཡི་དམག་མི་ཉིས་སྟོང་ལྔ་བརྒྱ་མངགས་ནས་བསྲུང་དུ་བཅུག ཐང་རྒྱལ་རབས་འཇིག་རྗེས་གནམ་འོག་ཟང་ཟིང་དུ་གྱུར་ཅིང་། ལེང་ཀྲོའུ་ཡི་ཤར་རྒྱུད་གྲུ་གུ་དང་ཏང་ཞང་གིས་བཟུང་བས་གཡུན་ཀྲོའུ་ཡི་དམག་མི་ཕྱིར་ལོག་ཐབས་མ་བྱུང་བས་དེར་བསྡད། ད་ལྟའི་ལེང་ཀྲོའུ་ཡི་རྒྱ་མི་རྣམས་ནི་ས་སྲུང་དམག་མི་དེ་དག་གི་བུ་རབས་ཚ་རྒྱུད་རེད"ཞུས། དེར་གོང་མ་མིང་ཙུང་གིས་སུན་ཁྲོའོ་ཅེ་ཏུའུ་ཧྲིར་བསྐོས། ཆིང་ཐའེ་ཁྲི་ལོ་དང་པོར་ལིའུ་ཧོའུ་དཔོན་པོ་ལི་ཝུན་ཆན་དཔོན་ཐོབ་ཞུ་རུ་སླེབས། ལོ་འགའ་ཕྱིན་རྗེས་ལེང་ཀྲོའུ་ཡི་མི་རྣམས་ཀྱིས་ལི་ཝུན་ཆན་ཕྱི་རུ་བསྐྲད་ཅིང་། ལིང་ཝུའུ་ཡི་ཧྥེང་ཧུའེ་ཞེས་པས་ལི་ཝུན་ཆན་གྱི་ཚབ་ཏུ་ཡ་ཅང་དམག་དཔོན་ཝུའུ་ཅི་ཞུན་ཞེས་པ་ལིའུ་ཧོའུ་དཔོན་པོར་བསྐོས། དེ་ནི་ཐེན་ཧྥུ་ཁྲི་ལོ་བདུན་པའི་དུས་ཡིན། དེའི་ཕྱི་ལོར་ཅིན་ཀའོ་ཙུའུ་ཡིས་ཅིང་ཀྲོའུ་ཡི་ཡ་ཡ་དམག་དཔོན་ཁྲེན་ཡན་ཧུའེ་བཀའ་ཡིག་དང་བཅས་ལེང་ཀྲོའུ་བདེ་བར་འགོད་དུ་མངགས་མོད། ལེང་ཀྲོའུ་ཡི་མི་རྣམས་ཀྱིས་ཁྲེན་ཡན་ཧུའེ་ཕྱིར་མ་བཏང་བར་ཚི་ཧྲིར་བསྐོས། ཧན་དབྱིན་ཏིའི་དུས་སུ་ལེང་ཀྲོའུ་ཡི་ལིའུ་ཧོའུ་དཔོན་པོ་ཀྲེ་པུའུ་ཅ་ཧྲི་ཞེས་པ་གོ་ཐོབ་ཞུ་རུ་སླེབས་པས་ཧན་གྱིས་ཁོ་ཅེ་ཏུའུ་ཧྲིར་བསྐོས། ཀྲེ་པུའུ་ཅ་ཧྲི་ནི་ཡུལ་དེའི་ཚོ་དཔོན་ཞིག་ཡིན།
ཀྲོའུ་ཡི་ཀོང་ཧྲུན་ཁྲི་ལོ་གཉིས་པར། ཀྲེ་པུའུ་ཅ་ཧྲིས་མི་མངགས་ནས་རྒྱལ་སར་རྟའི་ཚོང་བྱེད་དུ་བཅུག་པ་དང་འབྲེལ། ལེང་ཀྲོའུ་རུ་དམག་སྤྱི་ཞིག་བསྐོ་དགོས་ཚུལ་ཞུས། དུས་དེར་ཧྲུའུ་སྨི་ཧྲིའི་གོ་ཐོབ་ཅན་ཝང་ཅུན་གྱིས་སྲིད་དོན་སྐྱོང་བཞིན་ཡོད། ཝང་ཅུན་གྱི་གྲོགས་པོ་རྙིང་པ་ཧྲེན་ཧྲི་ཧོའུ་ཞེས་པ་དེ་གཞོན་དུས་སུ་ཇག་ལས་ལ་ཞུགས་མྱོང་ཞིང་། སྐབས་དེར་ཡའན་ཀྲོའུ་ཡི་ཡ་ཅང་དམག་དཔོན་བྱེད་བཞིན་ཡོད་པ་ཝན་ཅུན་དང་ཡིད་གཅུགས་པ་ཡོད། ཕྱས་སུ་ཝང་ཅུན་གོ་གནས་མཐོན་པོར་འཕར་བས། ཧྲེན་ཧྲི་ཧོའུ་ཡིས་ལྭ་བ་ཧྲལ་ཧྲུལ་ཞིག་གྱོན་པ་དང་མགོ་སྐྲ་ཟིང་ཟིང་དུ་ཉིན་ལྟར་ཝང་ཅུན་ཕྱིར་འཐོན་པར་བསྒུགས་ཤིང་། ཝང་ཅུན་གྱི་རྟ་ཁ་བཀག་ནས་ཕྱག་བཙལ་ཏེ་རང་ཉིད་དབུལ་ཞིང་ཕོངས་པའི་གནས་ཚུལ་བརྗོད་ཀྱང་ཝུང་ཅུན་གྱིས་ཅི་ཡང་ཁས་མ་བླངས་པར་ལོག་ཏུ་བཅུག ཀྲེ་པུའུ་ཅ་ཧྲི་སོགས་དམག་དཔོན་བསྐོ་རྒྱུ་ཞུ་རུ་སླེབས་དུས། ཝང་ཅུན་གྱིས་ལེང་ཀྲོའུ་མཐའ་འཁོབ་མི་རིགས་ཀྱི་མཐིལ་དུ་གནས་ཤིང་ཀྲུང་གོས་དཔོན་རིགས་བསྐོས་མ་མྱོང་བས། རྒྱལ་སྲས་དམ་པའི་སྐུ་སྲུང་དམག་དཔུང་ཁྲོད་ནས་དེར་འགྲོ་ཐུབ་མཁན་དཔོན་རིགས་ཤིག་འོས་སྡུད་གནང་བར་འཚལ"ཞེས་གྲོས་འགོ་བཏོན། ཟླ་གཅིག་ལྷག་འགོར་ཀྱང་དང་ལེན་ཞུ་མཁན་མ་བྱུང་བས། ཧྲེན་ཧྲི་ཧོའུ་ལ་གཡོན་སྲུང་དམག་དཔོན་གྱི་ཆོ་ལོ་སྩོལ་རྒྱུ་གོང་མར་ཞུས་པ་དང་། དེར་མཐུད་ནས་ཧོ་ཞིའི་ཅེ་ཏུའུ་ཧྲིར་བསྐོས། ཧྲེན་ཧྲི་ཧོའུ་ལེང་ཀྲོའུ་རུ་སླེབས་རྗེས། གོང་ལ་ཞུས་པ་བརྒྱུད་ཡ་ཡ་དཔོན་གཞོན་ཚུའི་ཧུའུ་ཤིན་དང་། དབྱང་ཧྥེ་ལུང་པའི་འགོ་པ་ཧྲེན་ཉན་པན་སོགས་དང་། ཤུལ་ལུས་ཀྲུང་གོ་བའི་མི་རྒྱུད་ཝང་ཐིང་ཧན། ཝུན་ཁྲུང་ཡུའེ། ལིའུ་ཧྲའོ་ཡིང་ལ་སོགས་དམག་དཔོན་དང་དཔོན་རིགས་སུ་བསྐོས་པ་དང་། ཨན་ཀོ་ཀྲེན་ནས་ལེང་ཀྲོའུ་བར་དུ་ཀྲོའུ་གསུམ་བཙུགས་ནས་ཆཱང་པའི་ཚོ་པ་ཁག་གཅུན་ཐབས་བྱས། ཚོ་དཔོན་རྣམས་ཚི་ཧྲི་དཔོན་དུ་བསྐོས་མོད། ལེང་ཀྲོའུ་རུ་མཐའ་འཁོབ་མི་རིགས་དང་རྒྱ་འདྲེས་ནས་ཡོད་ཅིང་། ཧྲེན་ཧྲི་ཧོའུ་སྤྱོད་པ་ངན་པའི་མིར་སོང་གཤིས་སྐྱོང་མ་ཐུབ། གོང་མ་ཧྲི་ཙུང་གི་དུས་ལ་སླེབས་སྐབས། ཧྲེན་ཧྲི་ཧྲོའུ་ཡིས་ཁོའི་བུ་ཤུལ་དུ་བཞག་ནས་ཕྱིར་བྲོས་པས། ལེང་ཀྲོའུ་ཀྲུང་གོ་དང་འགྲོ་འོང་ཆད་པར་གྱུར། ཀྭ་ཀྲོའུ་དང་ཧྲ་ཀྲོའུ་ཁོ་ན་རྒྱལ་རབས་ལྔ་མཇུག་འགྲིལ་བའི་བར་རྟག་པར་གོང་མའི་ཕོ་བྲང་དུ་འོངས།
ལིའང་རྒྱལ་རབས་ཀྱི་ཁའེ་ཕིང་ཁྲི་ལོའི་དུས་སུ་ཧྲ་ཀྲོའུ་རུ་ཅེ་ཏུའུ་ཧྲི་ཀྲང་ཧྥིང་ཡོད། དེས་རང་ལ་གསེར་རིའི་གོས་དཀར་གོང་མ་ཞེས་སུ་འབོད། ཐང་ཀྲོང་ཙུང་གི་དུས་སུ་ཡུ་གུར་བ་གོང་མ་མཇལ་དུ་སླེབས་ཤིང་། ཧྲ་ཀྲོའུ་ཡི་ལིའུ་ཧོའུ་དཔན་པོ་ཚའོ་དབྱི་ཅིན་གྱིས་ཀྱང་ཡུ་གུར་གྱི་ཕོ་ཉ་དང་ལྷན་དུ་ཕོ་ཉ་མངགས་པས། གོང་མ་ཀྲོང་ཙུང་གིས་ཚའོ་དབྱི་ཅིན་ཀུའེ་དབྱི་ཅུན་གྱི་ཅེ་ཏུའུ་ཧྲི་དང་། ཀྭ་ཀྲོའུ་དང་ཧྲ་ཀྲོའུ་སོགས་ཀྲོའུ་ཁག་གི་ཀོན་ཁྲ་ཁྲུའུ་ཀྲི་ཧྲ(ལྟ་ཞིབ་ཐག་གཅོད་དཔོན) རུ་བསྐོས། ཅིན་རྒྱལ་རབས་ཀྱི་ཐེན་ཧྥུ་ཁྲི་ལོ་ལྔ་པར་ཚའོ་དབྱི་ཅིན་འདས་ཤིང་བུ་ཚའོ་ཡོན་ཏེས་དེའི་ཚབ་བྱས། ཁྲི་ལོ་བདུན་པར་ཧྲ་ཀྲོའུ་ཡི་ཚའོ་ཡོན་ཀྲུང་དང་། ཀྭ་ཀྲོའུ་ཡི་ཚའོ་ཡོན་ཧྲེན་གཉིས་ཀས་ཕོ་ཉ་མངགས། ཀྲོའུ་ཧྲི་ཙུང་གི་དུས་སུ་ཚའོ་ཡོན་ཀྲུང་ཀུའེ་དབྱི་ཅུན་གྱི་ཅེ་ཏུའུ་ཧྲི་དང་། ཚའོ་ཡོན་ཀུང་ཀྭ་ཀྲོའུ་ཡི་ཐོན་ལེན་ཧྲིར( བདེ་སྲུང་དྲག་དཔོན) བསྐོས། དེ་དག་གིས་རྒྱ་ཚྭ་དང་། གཙོད་རྭ། པར་སིག་གི་དར་གོས། ཨན་ཞིའི་སྲིང་རས་སྤུས་ལེགས། མཚུར། ཚ་ལ་ཆེན་པོ། ཕྲུགས། གཡང་ཊིའི་རྡོག་པོ་བཅས་ཕུལ། དེ་དག་འབུལ་མཁན་ཡིན་པའི་རྐྱེན་གྱིས་ཁོ་ཚོའི་མིང་རྟོགས་པ་ཙམ་ལས། ཁོ་ཚོས་གོ་གནས་ཁུར་བའི་ལོ་དང་འདས་ལོ། དཔོན་རབས་སོགས་ལོ་རྒྱུས་ཐོག་བཀོད་མེད།
བོད་ནི་ལིའང་རྒྱལ་རབས་ཀྱི་དུས་སུ་ཐོས་རྒྱུ་མེད་པར་གྱུར། ཐང་རྒྱལ་རབས་ཀྱི་ཐེན་ཁྲེང་ཁྲི་ལོ་གསུམ་པར་ཡུ་གུར་གྱི་རྒྱལ་པོ་རེན་ཡུས་གོང་མར་མཇལ་དུ་འོངས་ཤིང་། བོད་ཀྱིས་ཀྱང་དེ་དང་འགྲོགས་ནས་ཕོ་ཉ་མངགས། དེ་ནས་བཟུང་སྟེ་བོད་ཀྱི་ཕོ་ཉ་ཀྲུང་གོར་ཐེངས་འགར་འབྱོར། ཐེངས་ཤིག་གོང་མ་མིང་ཙུང་ཚོམས་ཆེན་ཏོན་མིང་དུ་ཕེབས་ནས་བོད་ཀྱི་ཕོ་ཉར་མཇལ་འཕྲད་གནང་། ཁོ་ཚོའི་རྒྱལ་གུར་གང་དུ་ཡོད་པ་བཀའ་འདྲི་གནང་བར། ལན་དུ"ཅིང་ཀྲོའུ་ནས་ནུབ་ཕྱོགས་ལེ་དབར་ཉིས་སྟོང་གི་སར་ཡོད"རེས་ཞུས། གོང་མ་མིང་ཙུང་གིས་མི་རེར་སྟག་ལྤགས་རེ་བསྩལ་ཅིང་ཚང་མས་དེ་ལྷེབ་གྱོན་གྱིས་ཕྱག་བཙལ། ལུས་པོ་དུད་དེ་ཕྱིར་འཁོར་དུས་མགོའི་ཕྱིང་ཞྭ་སར་ལྷུང་བས་མགོ་སྐྲ་རྩྭ་ཡན་ལྟར་ཟིང་བ་མཐོང་ནས་གོང་མ་མིང་ཙུང་དང་དེར་ཡོད་ཀུན་གད་མོ་ཆེན་པོ་ཤོར། ཧན་དབྱིན་ཏིའི་དུས་སུ་ད་དུང་མཇལ་དུ་ཡོང་མོད། ཕྱིས་སུ་ཡོང་མཚམས་ཆད་ཅིང་དེའི་རྒྱལ་རབས་ཀྱི་གནས་ཚུལ་སྐོར་ལོ་རྒྱུས་སུ་འཁོད་པའང་མེད།
འབྲེལ་ཡོད་འོས་སྦྱོར།