༄༅། །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དབུ་རུ་ཀླུང་ཤོད་ལ་ཡོད་པའི་སྐོར་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ།:བསྟན་འཛིན་རིན་ཆེན།
ཡོང་ཁུངས།:ཧི་མ་ལའི་སྐུད་ལམ།
དུས་ཚོད།:2021-10-28
ཀློག་གྲངས།:
༄༅། །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དབུ་རུ་ཀླུང་ཤོད་ལ་ཡོད་པའི་སྐོར་ལ་རགས་ཙམ་དཔྱད་པ།
བསྟན་འཛིན་རིན་ཆེན།
[གནད་དོན་མདོར་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་ད་ཡོད་བོད་ཀྱི་ལོ་རྒྱུས་དཔེ་ཆ་ཁག་ཞིག་གཞིར་བཟུང་ནས་གཙོ་བོ་མུ་ཏིག་བཙན་པོའམ་སད་ན་ལེགས་འཇིང་ཡོན་སྐབས་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་གི་བཞེངས་སའི་ཡུལ་ནི་ལྷ་སའི་ལྷོ་ཕྱོགས་ར་མ་སྒང་སངས་རྒྱས་དགོན་ཡོད་ས་དེར་མིན་པར་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དེ་ད་ལྟའི་དབུ་རུ་ཀླུང་ཤོད་ལ་ཡོད་པའི་སྐོར་རགས་ཙམ་གླེང་རྒྱུ་ཡིན།
[བརྡ་ཆད་གཙོ་བོ།] མུ་ཏིག་བཙན་པོ། ར་མ་སྒང་། དབུ་རུ་ཀླུང་ཤོད།
༡ རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྐར་ཆུང་གཙུག་ལག་ཁང་བཞེངས་དགོས་པའི་སྐོར།
དེའི་སྐོར་ལ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ལས་“ཡབ་ཁྲི་སྲོང་ལྡེ་བཙན་དང་གཅེན་པོ་མུ་ནེ་བཙན་པོ་བསྟུད་མར་སྐུ་གཤེགས་ཞིང་།ཁོང་སྐུ་ན་ཆུང་བའི་རྐྱེན་ཆབ་སྲིད་ཀྱི་འགན་འཁུར་མི་ཐུབ་པས་སྐབས་འདིའི་དུས་སུ་སངས་རྒྱས་ཆོས་ལུགས་ལ་ཉམས་ཆག་ཆེན་པོ་བྱུང་། སྦ་བཞེད་ལས། “བར་དུ་བསམ་ཡས་ཀྱི་དགེ་འདུན་བཤོད་ཆད་ནས་ཁ་ཤུགས་སུ་བཏང་ཁ་སོ་ནི་ཞིག་གཙུག་ལག་ཁང་གི་རྨང་བྱ་བྲུན་གྱིས་གང་། གནས་ཁང་ཀུན་གྱི་སྒོ་ཡང་རྐུན་མས་ཁྱེར་སྐད་”ཅེས་སོགས་མང་དག་འཁོད་པ་ལྟར་གནས་ཚུལ་དེ་ཁམས་ན་ཡོད་པའི་དགེ་སློང་ཤཱནྷི་ཞེས་པས་ཐོས་པ་ན་དབུས་སུ་ཕེབས་ཏེ། ཇོ་མོ་ཁྲི་ལེགས་བྱ་བར་བསམ་ཡས་བཞིག་གསོ་དགོས་པའི་སྙན་གསེང་ཞུས། ཁོང་དད་པ་ཆེ་ཞིང་ཆོས་ལུགས་གསོ་བར་དགོངས་པ་ལེགས་ཀྱང་། བར་ཆད་ཆེན་པོ་བྱུང་། སྦ་ཡེ་ཤེས་དབང་པོའི་བུ་མོ་སྤྱན་རས་གཟིགས་དང་དགེ་ལྡེམ་བཅས་འཛོམས་ནས་གྲོས་བྱས་མཐར།ཡུལ་གང་སར་སློང་མོ་བྱེད་དུ་ཕྱིན་པས་མཐར་བསམ་ཡས་གཙུག་ལག་ཁང་དེ་བཞེངས་གསོ་བྱས་ནས་ཆོས་ལུགས་དར་འཕེལ་ཤུགས་ཆེན་ཕྱིན།
སྐར་ཆུང་ལྷ་ཁང་འདི་དགོས་པའི་དབང་གང་ལ་བརྟེན་ནས་བཞེངས་པ་ཡིན་ནམ་ཞེ་ན། དེ་ནི་སྐར་ཆུང་རྡོ་རིང་གི་དམ་བཅའི་རྩ་ཚིག་ཐོག་བཀོད་པ་ལྟར། སྤྲུལ་པའི་ལྷ་བཙན་པོ་མེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་བཞེངས་ཤིང་། དཀོན་མཆོག་གསུམ་གྱི་སྐུ་གསུང་ཐུགས་རྟེན་བཞེངས་ཏེ་བཙུགས་པ་དང་། མེས་པོ་ཁྲི་འདུས་སྲོང་རིང་གླིང་གི་ཁྲི་རྩེ་ལ་སོགས་པ་བཞེངས། མེས་པོ་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་གྱི་སྐུ་རིང་བྲག་དམར་གྱི་ཀ་ཅུ་དང་། མཆིམས་ཕུར་གཙུག་ལག་ཁང་བརྩིགས། ཡབ་ཁྲི་སྲོང་ལྡེ་བཙན་རིང་བསམ་ཡས་ལ་སོགས་པ་མཐའ་དབུས་ཀུན་ཏུ་གཙུག་ལག་ཁང་བཞེངས། ལྷ་བཙན་པོ་སྟེ་ཆོས་ཀྱི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་འདི་ཉིད་ཀྱི་རིང་སྐར་ཆུང་གི་གཙུག་ལག་ཁང་འདི་ལ་སོགས་པ་བརྩིགས་པར་མཛད་དེ། དཀོན་མཆོག་གསུམ་གྱི་རྟེན་བཞེངས་པ་དང་བཙུགས་པ་ལ་སོགས་པ་གདུང་རབས་རྒྱུད་ཀྱིས་འདི་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཏུ་མཛད། འདི་ནི་ནམ་ཡང་མ་བཤིག་པ་དང་། མི་འདོར་བར་ཉམས་སུ་བླངས་ན་ལེགས་ཚོགས་དཔག་ཏུ་མེད་པར་གྱུར། འདི་དག་དོར་ནས་བཤིག་ན་སྡིག་པ་ཆེ། ཉེས་པ་བགྲང་གིས་མི་ལངས་པ་འོང་བས། སླད་ལེགས་ཚོགས་མི་འབྱུང་ངོ་ཞེས་པ་སོགས་ཀྱི་རྫུན་མོའི་མོ་དང་། སྒྱུ་མའི་རྨི་ལམ་གྱི་བལྟས་ལ་སོགས་པ་གང་དང་ཅི་བྱུང་ཡང་མ་བཤིག་ཤིག མ་སྤོངས་ཤིག རྒྱལ་པོའི་སྲས་སྲོས་སྐུ་མཆེད་ཆུང་ངུ་ཡན་ཆད་ནས། ཆབ་སྲིད་ཀྱི་མངའ་བདག་མཛད་པོ་མན་ཆད་ཀུན་གྱིས་ཀྱང་དགེ་སློང་རྣམས་ཀྱི་ནང་ནས་ཡོངས་འཛིན་དགེ་བའི་བཤེས་གཉེན་བསྐོས་ཏེ། ཆོས་ཐུགས་སུ་བྱང་ཆུབ་པར་བསླབས། དེ་ཡི་ནང་ནས་མཁྱེན་པ་དང་ནུས་པ་ཕུལ་དུ་བྱུང་བ་རྣམས་ལ་སངས་རྒྱས་ཀྱི་རིང་ལུགས་འཛིན་པའི་གཙོ་བོའམ། མཁན་པོའི་རྒྱུད་དུ་བསྟན་པ་འཛིན་པའི་བྱེད་པོར་བསྐོ་བར་བྱ། ཆོས་ཀྱི་འཁོར་ཚོགས་རྣམས་ཀྱི་འདུལ་ཁྲིམས་ལ་དབང་བའི་བྱ་བ་བྱེད་ཅིང་། ཀུན་ལ་དགེ་བའི་ལམ་སྟོན་པའི་ཡོངས་འཛིན་བཤེས་གཉེན་བྱེད་པར་བསྐོ་བར་བྱའོ། རྒྱལ་པོའི་ཕོ་བྲང་དུ་དཀོན་མཆོག་གསུམ་གྱི་སྐུ་རྟེན་ལེགས་པར་བཙུགས་ནས་དེ་དག་ལ་མཆོད་པ་ཡང་ལེགས་པར་བྱ་དགོས། ནང་པ་སངས་རྒྱས་པའི་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཆེད་དུ་མཐུན་རྐྱེན་དུ་གྱུར་བ་ཐམས་ཅད་འཐོར་ཞིག་དང་། ཉམས་ཆག་ཏུ་མི་འགྲོ་བའི་ཕྱིར་དུ་བྲིས་པའི་ལྷ་རིས་ཀྱི་ཁྱིམ་ཡིག་གི་མགོ་ཞེས་པའི་ཡི་གེ་ལས་གསལ་བ་བཞིན་དུ་དེ་དམ་རྒྱུན་བསྲིངས་སུ་མཛད་དགོས་པའི་དོན་ནོ། དེ་ལྟར་དམ་བཅའ་བ་བཞིན་དུ་ད་ཕྱིན་ཆད་རྒྱལ་པོའི་གདུང་རབས་རེ་རེའི་དུས་སུ་རྒྱལ་པོ་ཡབ་སྲས་ཀྱི་འདི་བཞིན་དུ་མཛད་པའི་དམ་བཅའ་མཛད་དགོས། དམ་བཅའ་བའི་དབུ་མནའ་བསྐྱལ་བ་དེ་ལས་མི་འགལ་བའམ། མི་འདའ་བའི་དབང་པོ་འཇིག་རྟེན་ལས་འདས་པའི་ལྷ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལྟ་བུ། འཇིག་རྟེན་པའི་ལྷ་ཚངས་པ་དང་། བརྒྱ་བྱིན། དབང་ཕྱུག་ལྟ་བུ། མདོར་ན་མི་མ་ཡིན་པ་རྒྱལ་པོ་དང་། བཙན། ཡུལ་ལྷ་གཞི་བདག་ལ་སོགས་པ་དེ་དག་ཀྱང་དཔང་དུ་བཙུགས་ཏེ། འདིར་བཞུགས་རྒྱལ་པོ་དང་། རྗེ་བློན་སོགས་མི་ཀུན་གྱིས་ཀྱང་དབུ་མནའ་བསྐྱལ་བ་དང་དམ་བཅའ་མཛད་དོ། དེ་ལྟར་ནན་ཏན་དམ་བཅའ་བའི་རྩ་ཚིག་གི་ཡི་གེ་ཞིབ་མོ་ནི་ཡབ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ནན་ཏན་དམ་བཅའ་བའི་རྩ་ཚིག་གི་ཡི་གེ་བྲིས་ཏེ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་བཞག་པ་དེ་དང་ཟླ་བསྒྲིལ་དུ་བཞག་གོ །
བཙན་པོ་དེས་སྐར་ཆུང་རྡོ་རྗེ་དབྱིབས་ཀྱི་ཕོ་བྲང་བཞེངས་པའི་སྐོར་ལ་ཡང་མྱང་རལ་ཆོས་འབྱུང་དུ་ཅུང་རྒྱས་པ་འདི་ལྟར། “རྒྱལ་བུ་འདིའི་ཞལ་ནས་འཛམ་བུ་གླིང་ན་རྒྱལ་པོ་ཆེ།བོད་ཀྱི་རྒྱལ་པོ་ལ་ང་ཆེ་བས། ངའི་ལག་རིས་སུ་ལྷ་ཁང་ཉི་མ་ཙམ་ཞིག་རྩིག་གོ་ཞེས་བཀའ་བསྩལ་ནས། སློབ་དཔོན་མཛད་མཁན་ཀུན་ལ་ཉི་མ་རྒྱ་ཇི་ཙམ་ཡོད་དྲིས་པས། ཉི་མ་ལ་དཔག་ཚད་ལྔ་བཅུ་ཙམ་ཡོད་པས་བོད་ཀྱི་ས་གཞི་ལ་མི་ཤོང་གསུངས་པས། འོ་ན་ཟླ་བ་ཙམ་ཞིག་བྱེད་དོ་གསུངས། དེ་ཡང་མི་ཤོང་། སྐར་མའི་ཚད་ལ་ནི་ནབས་སོ་ལ་སོགས་པའི་སྐར་མ་ཆེ་བ་རྣམས་ལ་དཔག་ཚད་གཉིས་སོ།སྐར་ཕྲན་རྣམས་ལ་རྒྱང་གྲགས་ཏེ། གྲངས་ནི་ནི་དུང་ཕྱུར་གཉིས། བྱེ་བ་ཕྲག་བརྒྱད། ས་ཡ་ཕྲག་ལྔ་ཞེས་སོ། བྱང་འབྲོག་ཡངས་པ་རྩིག་གི་གསུངས་སོ། །བློན་པོ་ཀུན་གྱི་མཆིད་ནས། རྒྱལ་བློན་ཀུན་གྱིས་ལོངས་སྤྱོད་དབུས་སུ་བྱེད་པས། བྱང་དུ་བརྩིག་ན་ལྷ་ཁང་སྟོང་པར་ལུས་འགྲོ་ཞེས་གསོལ་བས་……རྒྱལ་སྡེ་སྐར་ཆུང་ཙམ་ཞིག་རྩིག་པར་ཆད་བྱས་ནས། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་སུ་གསོལ་ལོ། རྒྱང་གྲགས་གཅིག་ཡོད་པ་དེ་རྨང་བྲུས་པ་དང་། བཟོ་བོ་རྣམས་ཀྱིས་ཁེངས་དྲེགས་བྱས་ཏེ། རྩིག་པ་མཁན་པོ་ན་རེད། ངའི་རྩིག་པ་མེད་ན་གང་ཡང་བྱར་མི་བཏུབ་པས་ང་གཙོ་ཆེ་ཟེར། ལྡེར་བཟོ་མཁན་པོ་ན་རེ། ངའི་ལྷ་བཟོ་མེད་ན་དེ་དག་གང་བྱས་ཀྱང་ལྷ་བཟོ་འཕྲུལ་འཁོར་དུ་བཞེངས་སུ་གསོལ། དེ་ནས་ཀ་བ་བཙུགས་བསྐོར་བས་རྒྱ་ཕེབས་བཀལ། དེ་ནས་ཕྱི་ཐ་ལ་རྩིག་པ་བགྱིས་པས་གཙུག་ལག་ཁང་ཁྱད་པར་འཕགས་པ་གྲུབ་པ་ལགས།”ཞེས་གསལ་བ་ལ་ནི་གཏམ་རྒྱུད་ལྟ་བུར་སྣང་མོད། འོན་ཀྱང་དེའི་ཐོག་ནས་བཙན་པོས་རང་ཉིད་ཀྱི་ཕྱག་རྗེས་ལྷ་ཁང་དེ་ཡབ་མེས་གོང་མ་རྣམས་ཀྱི་གཙུག་ལག་ཁང་དག་ལས་ཀྱང་གཞི་ཁྱོན་ཆེ་བ་ཞིག་བཞེངས་དགོས་བྱུང་ན་ཁྲལ་འུལ་སོགས་ཁག་སྦྱོང་ཆེ་བས་གཞི་རྒྱ་གང་ཆུང་ཆུང་ཞིག་ཡོང་ཐབས་ཡང་ནན་ཞུས་པ་མཚོན། གང་ལྟར་རྒྱུ་རྐྱེན་ངེས་ཅན་ཞིག་ལ་བརྟེན་ནས་བཙན་པོ་འདིས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་འདི་བཞེངས་སོ།
༢ སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དབུ་རུ་ཀླུང་ཤོད་ལ་ཡོད་པའི་སྐོར།
ད་ཐེངས་ཀྱི་གླེང་བྱ་ནི་དལ་གྱི་འབབས་པའི་ཀླུང་ཤོད་གཙང་པོའི་འགྲམ་དུ་ཡོད་པའི་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་དེ་ཡིན། ཕོ་བྲང་དེ་དུས་ནམ་ཞིག་ལ་བཞེངས་པའི་སྐོར་ལ་ལོ་རྒྱུས་དཔེ་ཆ་དང་ལོ་རྒྱུས་སྨྲ་བ་པོ་དང་གཞན་དབུ་རུ་ཀླུང་ཤོད་ལ་ཡོད་པའི་རྒས་པོ་རྒས་མོ་སོགས་ཀྱིས་ཕོ་བྲང་དེ་ནི་སྤུ་རྒྱལ་བཙན་པོ་མུ་ནེ་བཙན་པོའམ་སད་ན་ལེགས་འཇིང་ཡོན་སྐབས་བཞེངས་པའི་ལྟ་བ་དང་འདོད་ཚུལ་མང་པོ་འདུག མེས་པོ་སྲོང་བཙན་སྐབས་ཡུལ་མང་པོར་ལྷ་ཁང་བཞེངས། ཡབ་ཁྲི་སྲོང་ལྡེ་བཙན་སྐབས་དགོན་པ་ཐོག་མ་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་སད་མི་བདུན་རབ་ཏུ་བྱུང་།སངས་རྒྱས་ཆོས་ལུགས་དེ་འཕེལ་རྒྱས་ཤུགས་ཆེན་ཕྱིན་སྟབས་རང་ཉིད་ཀྱི་ཡབ་མེས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱ་ཕྱིར་དང་སངས་རྒྱས་བསྟན་པ་ཡུན་རིང་གནས་ཕྱིར་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་གསར་བཞེངས་བྱས་པ་ལོ་རྒྱུས་སུ་འཁོད། ཡུལ་དབུ་རུ་ཀླུང་ཤོད་ལ་ཡོད་པའི་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་དེ་སྔོན་བཙན་པོའི་སྐབས་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་ཡིན་པ་ཡོངས་གྲགས་སུ་གྱུར་ཡོད། དེ་ཡང་ཕོ་བྲང་དེ་སད་ན་ལེགས་འཇིང་ཡོན་སྐབས་བཞེངས་པའི་སྐོར་ལ་གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པའི་བཀའ་ཐང་སྡེ་ལྔ་ལས་རྒྱལ་པོ་བཀའ་ཡི་ཐང་ཡིག་ཏུ་“དབུ་རུ་ཀླུང་ཤོད་གཙུག་ལག་ཁང་། །རྗེས་ལ་དབུ་རུ་ཀླུང་ཤོད་གཙུག་ལག །སྐར་མ་གཅིག་གི་རྒྱ་ཁྱོན་དཔེ་རུ་བླངས། །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས། །དབུས་ཀྱི་ལྟེ་བ་རྒྱལ་ཁང་བཟོ་ཐོག་ལ། །ཕྱོགས་མཚམས་བརྒྱད་དུ་བཀའ་རྟགས་མཆོད་རྟེན་བཞེངས། །རྩིས་ཀྱི་རྡོ་རིང་ལ་སོགས་གཙུག་ལག་ཁང་། །སྟོང་སྡེའི་མི་བྲན་ས་རྡོ་ཤིང་གཤོག་དང་། །ཕྱོགས་རེ་དག་ནས་བཟོ་བོ་བརྒྱ་བརྒྱ་ཡི། །རྡོ་ཡི་རྨང་བཏིང་ཤིང་དང་འདམ་བག་བརྩིགས། །”ཞེས་འཁོད་ཡོད། དེ་ཡང་ཕྱོགས་བཞིར་ཤུག་པ་ཡོད་པ་སྐྱབས་མགོན་བླ་ཤིང་དང་ཞིང་སྐྱོང་ཡབ་ཡུམ་གནས་པའི་ཤུག་པ། གཟའ་ཁྱབ་འཇུག་གནས་པའི་ཤིང་། བཀའ་སྲུང་བཞི་གནས་པའི་སྦྱར་སྡོང་བཅས་སོ། །གཙུག་ལག་ཁང་གི་མཐའ་འཁོར་དུ་ཆོས་རྟེན་བརྒྱ་དང་བརྒྱད་ཡོད་པ་གཙུག་ལག་ཁང་གི་མིང་དང་ཡོངས་སུ་མཚུངས་སོ། །
གཞན་ཡང་སྐར་ཆུང་འདི་གཉིས་ཡིན་ཚུལ་སྐོར་ལ། འབྲི་གུང་གདན་རབས་བཅོ་བརྒྱད་པ་རྒྱལ་དབང་རིན་ཆེན་ཕུན་ཚོགས་ཀྱི་གཏེར་ཆོས་གཞུ་སྟོད་ཏི་སྒྲོའི་གནས་ཡིག་དྲང་པོའི་གནས་ཀྱི་ཡི་གེ་བསྡུས་པ་ལས། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་གཏེར་ཁ་ལས། ལྷ་སྲས་འཇིང་ཡོན་གྱིས་ཟིན་བྲིས་སུ་དབུས་སྟོད་རྩེ་བ་དཀར་ཆུང་ཕོ་བྲང་དུ་བགྱིས་པའོ། །ཞེས་པ་ལྟར་ན་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་དེ་སྐར་ཆུང་ཕོ་བྲང་ཡིན་པར་འདོད། འོན་ཀྱང་ད་ལྟའི་ལོ་རྒྱུས་སྨྲ་བ་པོ་དག་གི་མུ་ཏིག་བཙན་པོས་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དེ་ད་ལྟ་ལྷ་ས་གྲོང་ཁྱེར་སྣེའུ་གྲོང་གསར་ར་མ་སྒང་སངས་རྒྱས་དགོན་ཞེས་པ་དེ་རེད་ཞེས་ཟེར། རྒྱུ་མཚན་ནི་བཙན་པོ་དེའི་སྐབས་སུ་བཙུགས་པའི་རྡོ་རིང་དེ་གནས་དེར་ཡོད་པས་རྐྱེན་འདི་ལྟར་བརྗོད་པ་ཡིན། འོན་ཀྱང་རྡོ་རིང་ཡོད་སའི་གནས་དེར་སྔོན་གྱི་གཙུག་ལག་ཁང་རེད་བརྗོད་ན་ཁུངས་དང་ལུང་རིགས་གང་ཡང་མིན་འདུག རྒྱུ་མཚན་ནི་གཅིག་སྤུ་རྒྱལ་བཙན་པོའི་དུས་སྐབས་ལྷ་ཁང་དང་དགོན་སྡེ་གཙུག་ལག་ཁང་གང་བཞེངས་ཀྱང་ཡུལ་དེའི་ས་ཁམས་ཆགས་ཚུལ་ལ་ཞིབ་ལྟ་ནན་པོ་བྱེད་པ་དང་དཔེར་ན་དབུ་རུ་ཞྭ་ལྷ་ཁང་འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་མཁན་སློབ་ཆོས་གཉིས་ཀྱི་བནྡེ་མྱང་ཏིང་ངེ་འཛིན་བཟང་པོ་ལ་ས་བརྟག་གནང་དགོས་པའི་ལུང་མནོས། དེ་རྗེས་དུས་རབས་བརྒྱད་པའི་དུས་མཇུག་ལ་ཕྲ་མེན་གྱི་མཆོད་རྟེན་དེ་བཞེངས་པ་ནས་བཟུང་དབུ་རུ་ཞྭ་ལྷ་ཁང་ཞེས་མིང་ཐོགས། དེ་ལས་གཙུག་ལག་ཁང་དང་ལྷ་ཁང་ལ་སོགས་བཞེངས་སྐབས་ངེས་པར་དུ་ཡུལ་འདིའི་བཀོད་པ་ལ་བརྟག་དཔྱད་བྱེད་ཀྱིན་ཡོད་པ་ཤེས་ཐུབ། འོན་ཀྱང་ར་མ་སྒང་ཞེས་པ་དེའི་ས་ཁམས་ངོས་ནས་བརྗོད་ན་དེ་ནི་ས་སྟོང་ཞིག་ལས་གཞན་གང་མེད་པ་ཕྱོགས་གཞན་ནས་བརྗོད་ན་བཙན་པོ་དེའི་དུས་སྐབས་སུ་ལྷ་ས་ནི་ཆབ་སྲིད་ཀྱི་གནས་གཙོ་བོ་ཡིན་པ་དང་གལ་སྲིད་ཆོས་ལུགས་སྤེལ་ས་དང་ཆབ་སྲིད་ལས་འགན་སྒྲུབ་ས་གཉིས་གནས་གཅིག་ཏུ་ཁེལ་ན་ཕན་ཚུན་བར་ལ་འགལ་བ་ཡོད་པ། དཔེར་ན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བསམ་ཡས་གཙུག་ལག་ཁང་བསམ་ཡས་ལ་བཞེངས་པའི་རྒྱུ་རྐྱེན་ངེས་ཅན་ཞིག་འདུག གཉིས་གལ་སྲིད་གནས་འདིར་ཡོད་པའི་གཙུག་ལག་ཁང་དེ་མུ་ཏིག་བཙན་པོའི་སྐབས་སུ་བཞེངས་པ་རེད་ཅེས་བརྗོད་ན་གནས་དེ་རུ་སྐར་ཆུང་རྡོ་རྗེ་དབྱིངས་ཕོ་བྲང་གི་ཤུལ་ཡོད་ངེས་ལ་དེ་ནི་རྒྱ་ཆེ་བ་ཞིག་ཡིན། གང་ཡིན་ཞེ་ན་བཙན་པོ་དེས་ཡབ་མེས་ཀྱི་མཛད་པ་ལ་གོང་བཀུར་དང་སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་ཕྱིར་སྐར་མ་ཆུང་བའི་རྒྱ་ཁྱོན་ཙམ་ཡོད་ཟེར། འོན་ཀྱང་གནས་དེ་རུ་སྔོན་གྱི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་གི་ཤུལ་ཡོད་པ་གནའ་དཔྱད་བསྔོགས་འདོན་བྱ་མཁན་བྱུང་མེད་པས་ད་དུང་ཡང་ལྐོག་གྱུར་ཞིག་ཡིན་པ། གསུམ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དེ་ར་མ་སྒང་ལ་རེད་ཅེས་ཟེར། འོན་ཀྱང་ཁོང་རྣམ་གཉིས་དང་བོད་ཀྱི་མཁས་དབང་དག་གི་དགོངས་འཆར་ལྟར་ན་སྐར་ཆུང་རྡོ་རིང་གནས་དེར་ཡོད་པས་གནས་དེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་རེད་ཅེས་བརྗོད། རྡོ་རིང་ཐོག་ཏུ། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ཡང་། སྐར་ཆུང་གཙུག་ལག་ཁང་ལ་སྩོགས་པ་བརྩེགས་ཏེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་ལས་སྩོགས་པ། འོན་ཀྱང་རྡོ་རིང་སྟེང་དུ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དེ་གནས་དེར་ཡོད་པ་འཁོད་མེད་ལ་རྡོ་རིང་དེའི་སྟེང་སྐར་ཆུང་ལྷ་ཁང་སོགས་བཞེངས་ཡོད་པའི་སྐོར་ལས་སྐར་ཆུང་ལྷ་ཁང་གི་རྡོ་རིང་རེད་ཅེས་གང་ཡང་འཁོད་མེད།
རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་དེ་སད་ན་ལེགས་འཇིང་ཡོན་སྐབས་བཞེངས་པའི་སྐོར་ལ་རྒྱལ་པོ་བཀའ་ཡི་ཐང་ཡིག་དང་གཏེར་ཆོས་གཞུ་སྟོད་ཏི་སྒྲོའི་གནས་ཡིག་ཏུ་འཁོད་ཡོད། གནས་དེར་གཙུག་ལག་ཁང་བཞེངས་པའི་རྒྱུ་མཚན་ནི་གཅིག་གནས་འདིའི་ཡུལ་གྱི་ཆགས་ཚུལ་ནི་ས་ཁམས་ཐོག་ནས་བརྗོད་ན་རྒྱབ་ཏུ་བྲག་རི་ཡོད་པ་མདུན་དུ་ཀླུང་ཤོད་གཙང་པོ་དང་ཐང་གཤོང་རྒྱ་ཆེ་བ། ཁུ་སིམ་ལ་ཡུལ་གྱི་བཀོད་པ་མཛེས་པས་ཆོས་སྤེལ་སའི་གནས་དང་ཡོངས་སུ་མཐུན་པ། གཉིས་ས་དེ་རུ་ད་ལྟའི་དུས་སུ་ཡང་སྐར་ཆུང་གཙུག་ལག་ཁང་གི་ཤུལ་མཐོང་རྒྱུ་ཡོད་པ། རིག་གནས་གསར་བརྗེ་མ་བྱུང་གོང་ལ་ཕོ་བྲང་དེ་ཐོག་བརྩེགས་དགུ་ལྡན་ཞིག་ཡིན་པ་ཡུལ་འདིའི་རྒས་པོ་རྣམས་ཀྱིས་ཞལ་ནས་ཐོན་ཐལ། གང་ལྟར་ཡང་རྩེ་བ་སྲ་བརྟན་མི་འགྱུར་ཕོ་བྲང་འདི་ཉིད་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་ཡིན་སྙམ་མོ། དེ་ལྟར་ལྷ་ཁང་འདི་ཉིད་བཞེངས་ནས་ད་བར་དུ་ལོ་ངོ་ཆིག་སྟོང་དགུ་བཅུ་ཙམ་ཕྱིན།
མཇུག་བསྡུ་བའི་གཏམ།
བཀའ་ཐང་སྡེ་ལྔ་ལས་རྒྱལ་པོ་བཀའ་ཡི་ཐང་ཡིག་དང་གཞུ་སྟོད་ཏི་སྒྲོའི་གནས་ཡིག་ནང་དུ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དེ་དབུ་རུ་ཀླུང་ཤོད་ལ་ཡོད་པ་གསལ་པོ་འཁོད་ཡོད། འོན་ཀྱང་ད་ལྟའི་བར་དུ་ངེད་ཚོའི་བོད་པ་རྣམས་ཀྱི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དེ་ར་མ་སྒང་སངས་རྒྱས་དགོན་དུ་ཡིན་བཤག་བྱས་ཡོད། རྒྱུ་མཚན་ནི་བོད་ཀྱི་མཁས་པ་ཁག་གི་རྗེས་སུ་བགྲང་པ་ལས་དོགས་སློང་གི་སྙིང་སྟོབས་གང་ཡང་མེད་པས་རྐྱེན། ཤེས་ཡོན་པ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ཁ་གསལ་གཏོང་རྒྱུའི་ཐད་འབད་པ་ཧུར་ལེན་དང་དོགས་སློང་སྙིང་སྟོབས་ཡོད་རྒྱུའི་རེ་བ་ཡོད།
དཔྱད་གཞིའི་ཡིག་ཆ།
ར་སེ་དཀོན་མཆོག་རྒྱ་མཚོ། འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྡེ་རྩེ་བ་ས་བརྟན་རྡོ་རྗེའི་ཕོ་བྲང་གི་ལོ་རྒྱུས།
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
གུ་རུ་ཨོ་རྒྱན་གླིང་པ། བཀའ་ཐང་སྡེ་ལྔ་ལས་རྒྱལ་པོ་བཀའ་ཡི་ཐང་ཡིག མི་རིགས་དཔེ་སྐྲུན་ཁང་།
མྱང་ཉི་མ་འོད་ཟེར། མྱང་རལ་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
འབྲེལ་ཡོད་འོས་སྦྱོར།