logo

༄༅། །བཙན་པོའི་སྐབས་ཀྱི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེའི་ཁྱད་འཕགས་རང་བཞིན་གླེང་བ། 

རྩོམ་པ་པོ།:ཆབ་འགག་རྟ་མགྲིན། ཡོང་ཁུངས།:ཀྲུང་གོའི་བོད་རིག་པ། 2021ལོའི་དེབ་གཉིས་པ། དུས་ཚོད།:2021-11-04 ཀློག་གྲངས།:
༄༅། །བཙན་པོའི་སྐབས་ཀྱི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེའི་ཁྱད་འཕགས་རང་བཞིན་གླེང་བ། 
ཆབ་འགག་རྟ་མགྲིན།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ལོ་རྒྱུས་ཀྱི་ཡིག་ཚངས་དང་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དངོས་ཟུང་དུ་སྦྲེལ་ཏེ་བཙན་པོའི་དུས་ཀྱི་བཀའ་གཙིགས་རྡོ་རིང་གི་བཞེངས་ཚུལ་དང་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེའི་ནང་དོན། བཀའ་གཙིགས་ལ་གཏོགས་པའི་མི་སྣ་དང་མཛད་སྒོ། བཀའ་གཙིགས་ཀྱི་རྡོ་རིང་བཞེངས་པའི་དགོས་པ། བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་ཉར་སྟངས་བཅས་ལ་ཞིབ་ཏུ་དཔྱད་དེ། དེའི་ལོ་རྒྱུས་ཀྱི་རིན་ཐང་དང་ཡིག་ཚངས་ཀྱི་རིན་ཐང་སྟེ་ཡིག་ཚངས་གཞན་ལས་ཁྱད་དུ་འཕགས་པའི་རང་བཞིན་གླེངས་ཡོད། 
[གནད་ཚིག] བཙན་པོའི་དུས་སྐབས། བཀའ་གཙིགས་རྡོ་རིང་། ཁྱད་འཕགས་རང་བཞིན། 

        དེ་ཡང་སྔོན་གྱི་ཡིག་ཚངས་སྔ་ཤོས་དག་ཏུ་བཀོད་པ་ལྟར་ན། བཙན་པོའི་དུས་སྐབས་སུ་བློན་འབངས་རྣམས་ཀྱི་བྱས་རྗེས་ཆེ་ཆུང་ལ་དམིགས་ནས་དཔོན་གནས་དང་ཡིག་ཚངས་སོགས་བདག་རྐྱེན་སྩོལ་བ་ནི་བོད་ཀྱི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་རིང་ནས་ཡོད་པའི་དཔོན་གནས་བསྐོ་གཞག་དང་དམིགས་བསལ་ཐོབ་ཐང་སྩོལ་བའི་ལམ་ལུགས་ཤིག་ཡིན་ཞིང་། བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ་ལམ་ལུགས་དེ་འཐུས་ཚང་ཅན་དང་ཚད་ལྡན་ཅན། ཡིག་ཚངས་ཅན་བཅས་སུ་བཏང་བར་མ་ཟད། བཀའ་ཁྲིམས་དང་ལམ་ལུགས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ལ། བློན་འབངས་བྱས་རྗེས་ཅན་གྱི་བདག་རྐྱེན་དུ་དཔོན་གནས་དང་ཡིག་ཚངས་སྩོལ་བ་དང་། བཙན་པོ་འཁོར་དང་བཅས་པ་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཐུགས་དགོངས་གཅིག་ཏུ་མཐུན་པ་ལ་སོགས་པའི་རྟིང་གནོན་དུ་ཉི་ཟླ་གཟའ་སྐར་དཔང་དུ་བཞག་ནས་བྲོ་མནའ་བོར་བའི་སྲོལ་ཡང་བཙན་པོ་སྤུ་དེ་གུང་རྒྱལ་གྱི་རིང་ལ་ཡོད་ཅིང་། བཙན་པོ་སྟག་རི་གཉན་གཟིགས་ཡབ་སྲས་ཀྱི་རིང་དུ་སླེབས་ཚེ་ཆེས་ཆེར་དར་ལ། བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ་སྲོལ་དེ་བཀའ་ལུང་རྒྱལ་ཁྲིམས་དྲུག་གི་ཡ་གྱལ་དུ་གཏན་ལ་ཕབ་པ་དང་། རྒྱལ་རབས་ཕྱི་མ་རྣམས་ཀྱིས་ཀྱང་ལུགས་སྲོལ་ལམ་བཀའ་ཁྲིམས་དེ་དག་ལ་བརྟེན་ནས་རྒྱལ་ཁམས་བདག་སྐྱོང་བྱས་པ་ཡིན་ན། དེ་ལྟ་བུའི་རིག་གནས་ཀྱི་རྒྱབ་ལྗོངས་འོག་བཞེངས་པའི་རྡོ་རིང་དང་རྡོ་བརྐོས་ཡི་གེ་ལས་ཀྱང་དེ་དང་དེའི་དོན་མངོན་པར་མཚོན་པ་སྟེ། བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་དང་། ཞོལ་རྡོ་རིང་ཕྱི་མ། རྒྱལ་སྡེ་སྐར་ཆུང་གི་རྡོ་རིང་། ཞྭ་ལྷ་ཁང་གི་རྡོ་རིང་དང་པོ་དང་གཉིས་པ། སྟོད་ལུང་མཚུར་ཕུ་དགོན་པའི་རྡོ་རིང་། ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་།
ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ། ལྷོ་བྲག་གི་བྲག་བརྐོས་ཡི་གེ་ལ་སོགས་རྣམས་ཀྱང་བཙན་པོའི་བཀའ་ཆེམས་དང་ཞལ་བཞེས་བྲོ་མནའ་བོར་བའི་བཀའ་གཙིགས་ཀྱི་རྡོ་རིང་དུ་གཏོགས་པ་ཡིན། དེས་ན་བཀའ་གཙིགས་ཀྱི་རྡོ་རིང་དེ་དག་བཞེངས་པའི་གོ་རིམ་དང་དགོས་པ། དེ་དག་གི་ཡི་གེའི་ནང་དོན། ཡི་གེ་དེ་དག་ཁྱབ་བསྒྲགས་དང་ཉར་ཚགས་བྱེད་སྟངས་སོགས་ལས་བརྟགས་ན། ཡིག་ཚངས་གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་ལྡན་པ་འདི་ལྟར་ཡོད་པ་གླེང་བར་བྱ་བ་ལ། 
དང་པོ། བཀའ་གཙིགས་ཀྱི་རྡོ་རིང་བཞེངས་ཚུལ་ཁྱད་དུ་འཕགས་པ། 
        བཙན་པོའི་སྐབས་ཀྱི་བཀའ་གཙིགས་ཀྱི་རྡོ་རིང་རྣམས་ནི་གཙུག་ལག་ཁང་དང་མི་སྒེར་གང་རུང་ཞིག་གིས་རང་རང་གི་འདོད་མོས་དང་དགོས་མཁོ་ལྟར་བཞེངས་པ་ཞིག་མ་ཡིན་ཏེ། དེ་ལ་བརྒྱུད་རིམ་ཆ་ཚང་དང་སྒྲིག་སྲོལ་གཟབ་ནན་ཞིག་ཡོད་པ་རེད། དེ་ཡང་«རྒྱལ་པོའི་བཀའ་ཐང་»ལས། “གཙུག་ལག་ལྷ་ཁང་ཚར་བའི་དུས་སུ་ནི། །སྟོང་སྡེ་ཕྱོགས་ཀྱི་མི་རྣམས་ཀུན་ཚོགས་ནས། །རིན་ཅེན་རྡོ་ལ་འཕྲུལ་གྱིས་འཁྱགས་ལུང་བཏགས། །རྒྱལ་པོའི་དྲུང་དུ་བདེ་བླག་དྲངས་ནས་ནི། །རིག་པ་ཅན་གྱི་རྡོ་བཟོ་མཁན་རྣམས་ཀྱིས། །ལྕགས་ཞུན་རྡོ་རྗེ་ཕ་ལམ་བཏབ་ནས་ནི། །འཕྲུལ་གྱི་བཟོ་བོས་གཟོང་ཐོགས་ལག་གིས་བདར། །ཇི་ལྟར་རྡོ་རིང་བཟོ་ལེགས་བཙུགས་པ་ནི། །ཡབ་མེས་རྒྱལ་པོས་ཇི་ལྟར་མཛད་ཚུལ་དང་། །ཐང་ཡིག་རྒྱལ་པོའི་བཀའ་ལུང་བསྩལ་བ་བྲིས། །རྒྱལ་པོ་དགེ་སྤྱོད་སྒོ་མོ་རྣམ་བཞི་ལ། །སྲོང་གི་བང་སོ་ཆེ་བའི་ཡོན་ཏན་དང་། །བཞུགས་ཀྱི་སྐུ་མཁར་བཞེངས་ཀྱི་ལྷ་ཁང་དང་། །རྩིས་(གཙིགས)ཀྱི་རྡོ་རིང་རྣམ་པ་བཞི་ལ་ནི། །རབ་གནས་མཛད་དུས་སྟོང་སྡེའི་མི་རྣམས་ཚོགས། །ལོ་པཎ་གྲུབ་ཐོབ་བླ་མཆོད་རྣམས་ལ་ནི། །ཚོགས་ཀྱི་འཁོར་ལོའི་དགའ་སྟོན་བྱས་ནས་སུ། །བོད་ཀྱི་བདེ་སྐྱིད་གཟིགས་མོ་སྣ་ཚོགས་བྱས། །”[1]ཞེས་པ་ལྟར་ན། བཙན་པོའི་སྲིད་གཞུང་གི་ངོས་ནས་གཙུག་ལག་ལྷ་ཁང་བཞེངས་གྲུབ་རྗེས་དེ་དང་འབྲེལ་བའི་བཙན་པོའི་བཀའ་གཙིགས་ཀྱི་རྡོ་རིང་བཞེངས་པ་ལ་ཐོག་མར་སྟོང་སྡེ་ཕྱོགས་ཀྱི་མི་རྣམས་ཀྱིས་རྡོ་རིང་བཟོ་བར་འོས་པའི་རྡོ་འཚོལ་བ་དང་། རྡོ་བཙལ་ནས་རྙེད་རྗེས་བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེང་ཚལ་གུང་ཐང་ཤང་གི་ཀྲི་ལུང་པའི་རྡོ་རིང་གཤོག་པ་ཅན་ཇི་བཞིན་རང་བྱུང་གི་རྡོ་གླེགས་ལ་གཟོང་གིས་ལས་སྣོན་རགས་ཙམ་བྱེད་ཅིང་། འགྲམ་གཉིས་སུ་ཐག་པ་སོགས་ཀྱི་འཁྱགས་ལུང་ངམ་འགྱོགས་ལུང་འདོགས་སའི་“གཤོག་པ་”བཟོ་ཞིང་དེ་ལ་འགྱོགས་ལུང་བཏགས་ནས་བཙན་པོའི་སྤྱན་སྔར་དྲངས་ཏེ། རྡོའི་ཆེ་ཆུང་དང་ཁ་དོག་འོས་མིན། རྒྱུ་སྤུས་བཟང་ངན་སོགས་ལ་གཟིགས་སུ་འཇུག་དགོས། བཙན་པོས་གཟིགས་ནས་ཆོག་མཆན་གནང་རྗེས། ད་གཟོད་རྡོ་བཟོ་རིག་པ་ཅན་རྣམས་ཀྱིས་བརྐོ་བཟོ་བྱེད་དགོས། དེ་ལྟར་རྡོ་རིང་ལེགས་པར་བཟོས་ཐོག་ཡབ་མེས་བཙན་པོ་རྣམས་ཀྱི་མཛད་པ་དང་། སྲིད་བློན་ཆེན་པོ་དག་གི་ཆོས་སྲིད་ཟུང་གི་ཕྱག་རྗེས་ཆེ་ཆུང་ལ་དམིགས་ནས་ཞལ་བཞེས་བྲོ་མནའ་བོར་བའི་བཀའ་ལུང་དང་། སྐབས་དེའི་ཆོས་སྲིད་ཟུང་གི་ལོ་རྒྱུས་སོགས་ཡི་གེར་བཀོད་ནས་བཙུགས་རྗེས། ད་དུང་རྒྱལ་འབངས་རྣམས་ལྷན་ཅིག་ཏུ་འཚོགས་ཤིང་ལོ་པཎ་དང་གྲུབ་ཐོབ་བླ་མཆོད་རྣམས་ཀྱིས་རབ་གནས་མཛད་དེ་དགྱེས་སྐྱེམས་སྟོན་མོ་བྱ་དགོས་པ་རེད། དེས་ན་བཙན་པོའི་སྐབས་ཀྱི་བཀའ་གཙིགས་རྡོ་རིང་རྣམས་ནི་བཙན་པོའི་སྲིད་གཞུང་གིས་བརྒྱུད་རིམ་དེ་དག་ལ་བརྟེན་ནས་བཟོས་པས་གཞན་ལས་ཁྱད་དུ་འཕགས་པ་ཡིན་ནོ། ། 
གཉིས་པ། བཀའ་གཙིགས་ཀྱི་རྡོ་རིང་ཡི་གེའི་ནང་དོན་ཁྱད་དུ་འཕགས་པ། 
        བཙན་པོའི་སྐབས་ཀྱི་རྡོ་རིང་མང་ཆེ་བ་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་ཁྲི་ལྡེ་སྲོང་བཙན། ཁྲི་གཙུག་ལྡེ་བཙན་བཅས་ཀྱི་སྐུ་རིང་ལ་བཞེངས་པ་དང་། སྐབས་དེའི་བཙན་པོ་རྣམས་ཀྱི་མཛད་བྱ་གཙོ་བོ་ནི། “ཐུགས་དམ་གྱི་གཙུག་ལག་ཁང་བཞེངས་པ་དང་། བོད་འབངས་བདེ་ལ་བཀོད་པ་དང་། སྐུའི་དགྲ་ལ་དམག་དྲངས་པའོ། །”[2]ཞེས་པ་ཡིན་ལ། སྐབས་དེའི་རྡོ་རིང་གི་ངོས་སུ་དགོད་བྱ་ཡང་“ཡབ་མྱེས་རྒྱལ་པོས་ཇི་ལྟར་མཛད་ཚུལ་དང་། ཐང་ཡིག་རྒྱལ་པོའི་བཀའ་ལུང་བསྩལ་བ་བྲིས།”[3]ཞེས་པ་ཡིན་པས། གཙིགས་ཀྱི་རྡོ་རིང་ཡི་གེའི་ནང་དོན་ཡང་ཡབ་མྱེས་རྒྱལ་པོ་རྣམས་ཀྱི་མཛད་རྣམ་དང་སྐབས་དེའི་བཙན་པོ་རྣམས་ཀྱིས་སྲིད་བློན་ཆེན་པོ་དག་གི་ཕྱག་རྗེས་ཆེ་ཆུང་ལ་དམིགས་ནས་ཞལ་བཞེས་བྲོ་མནའ་བོར་བའི་བཀའ་ཆེམས་རེད། དེ་ཡང་ནང་དོན་གྱི་ཆ་ནས་ཞིབ་ཏུ་དབྱེ་ན་ཆོས་གཙིགས་དང་སྲིད་གཙིགས། རྒྱ་བོད་གཉིས་མཇལ་འདུམ་བྱུང་བའི་བཀའ་གཙིགས་བཅས་ཡོད་དེ། «བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ་»[4]ནི། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་རྒྱལ་བློན་བཙུན་མོ་དང་བཅས་པས་ནང་པའི་བསྟན་པ་སྤེལ་བ་དུས་ནམ་ཡང་མཚམས་མི་འཇོག་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་གཏོར་བཤིག་ཏུ་མི་བྱེད་ཅིང་། དངོས་པོའི་མཐུན་རྐྱེན་སྦྱོར་བ་རྣམས་ཀྱང་ཇེ་ཉུང་དུ་མི་གཏོང་བར་མ་ཟད། ཕྱིན་ཆད་གདུང་རྒྱུད་རིམ་བྱོན་གྱིས་ཀྱང་བཙན་པོ་ཡབ་སྲས་ཇི་བཞིན་ཞལ་བཞེས་དམ་བཅའ་བྱ་དགོས་པའི་ཆོས་གཙིགས་ཀྱི་ཡི་གེ་དང་པོ་ཡིན་ཞིང་། «རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེ་»[5]ནི། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་རྒྱལ་བློན་བཙུན་མོ་དང་བཅས་པས་ཆོས་གཙིགས་དང་པོར་གསུངས་པའི་བཀའ་ཆེམས་ལྟར་དཀོན་མཆོག་གསུམ་གྱི་རྟེན་བཞེངས་པའི་མཚམས་མི་འཇོག་པ་དང་། མོ་ལྟས་དང་རྨི་ལྟས་སོགས་ལ་ཁ་གཡར་ནས་སྐུ་གསུང་ཐུགས་ཀྱི་རྟེན་མི་བཤིག་པར་མ་ཟད། བཙན་པོ་དབོན་སྲས་སྐུ་ཆུང་ངུར་བཞུགས་པ་ཡན་ཆད་དང་། ཆབ་སྲིད་ཀྱི་མངའ་བདག་མཛད་པ་མན་ཆད་ཀྱིས་དགེ་སློང་ལས་དགེ་བའི་བཤེས་བསྙེན་བསྟེན་ཏེ། དམ་པའི་ཆོས་ཐུགས་སུ་ཅི་ཆུད་ཆུད་དུ་བསླབ་དགོས་པའི་ཆོས་གཙིགས་བཅས་པའི་ཡི་གེ་གཉིས་པ་ཡིན་པ་དང་། «སྟོད་ལུང་མཚུར་ཕུ་དགོན་པའི་རྡོ་རིང་ཡི་གེ་»[6]ནི། ཞང་ཚེས་པོང་སྟག་བཟང་ཉ་སྟོས་བཙན་པོའི་བཀའ་དྲིན་ཆེན་པོ་བསབ་པའི་ཕྱིར་བཙན་པོ་ཡབ་མེས་རྣམས་ཀྱིས་བཀའ་གཙིགས་བཅས་པ་དང་ཞལ་ཆེམས་གནང་བ་བཞིན་སྟོད་ལུང་ལྕང་བུའི་གཙུག་ལག་ཁང་དང་དེར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ནས་བཙན་པོའི་སྐུ་ཡོན་བསྒྲུབས་པའི་ལན་དུ་བཙན་པོ་ཁྲི་གཙུག་ལྡེ་བརྩན་ནམ་ཁྲི་རལ་པ་ཅན་གྱིས་ལྕང་བུའི་གཙུག་ལག་ཁང་གི་འཚོ་རྐྱེན་བླ་ནས་སྦྱོར་བ་དང་ལྷ་རིས་ཀྱི་འབངས་དང་དགེ་འདུན་པའི་རྒྱུ་ནོར་ལ་དཔྱ་ཁྲལ་མི་དབབ་པ་ལ་སོགས་པའི་ཞལ་བཞེས་བྲོ་མནའ་བོར་བའི་ཆོས་གཙིགས་ཡིན་པ་ལྟར་རོ། །«ཞོལ་རྡོ་རིང་ཕྱི་མའི་ཡི་གེ་»[7]ནི། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བློན་པོ་ངན་ལམ་ཀླུ་ཁོང་ལ་བདག་རྐྱེན་གྱི་ཞལ་བཞེས་བྲོ་མནའ་བོར་བའི་གཙིགས་ཡིག་སྟེ། བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ་ངན་ལམ་སྟག་སྒྲ་ཀླུ་ཁོང་གིས་བཙན་པོར་བློ་དཀར་བའི་ལས་དོན་བསྒྲུབས་པ་དང་། བློན་པོ་ལོག་ལྟ་ཅན་འབལ་ལྡོང་ཙབ་དང་ལང་མྱེས་གཟིགས་ཀྱིས་ཡབ་བཙན་པོ་དུག་གིས་བཀྲོངས་པ་དང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཡང་དགྲོང་རྩིས་བྱེད་སྐབས་དེ་འཚང་འབྱིན་བྱས་ནས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་སྲོག་བསྐྱབས་པ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་ནང་བློན་བཀའ་ལ་གཏོགས་པའི་འགན་བཞེས་དུས་མདོ་ཁམས་དབྱར་མོ་ཐང་དང་ཙོང་ཁ། ཁར་ཙན། རྒྱ་ནག་ཐང་གི་རྒྱལ་ས་སོགས་ལ་ དམག་དྲངས་ནས་མངའ་ཁོངས་རྒྱ་བསྐྱེད་པ། ནང་བློན་ཆེན་པོ་དང་བཀའ་ཡོ་གལ་འཆོས་པ་ཆེན་པོ་མཛད་སྐབས་ཕྱི་ནང་གཉིས་ཀྱི་ཆབ་སྲིད་ལ་ཕན་པའི་མཛད་རྗེས་ཆེན་པོ་མཛད་པ་བཅས་ཀྱི་ལན་དུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བློན་སྟག་སྒྲ་ཀླུ་ཁོང་གི་བུ་རབས་ཚ་རྒྱུད་ལ་དངུལ་གྱི་ཡི་གེ་ཆེན་པོ་གཅིག་དང་། སྟག་སྒྲ་ཀླུ་ཁོང་གི་ཕ་ཟླ་གོང་གི་བུ་རབས་ཚ་རྒྱུད་ལས་གཅིག་ནང་ཁོར་ཡན་ཆད་དུ་བསྐོ་ཞིང་མཐུན་རྐྱེན་རྟག་ཏུ་གནང་བ། ཟླ་གོང་གི་བུ་རབས་ཚ་རྒྱུད་ལས་བཙན་པོར་སྐུ་གཡོག་སྒྲུབ་ནུས་མཁན་ཡོད་པ་རྣམས་བཙན་པོར་ཇི་ཙམ་དུ་རྔོ་ཐོགས་པར་དེ་ཙམ་གྱིས་བཀའ་ལུང་བཟང་པོས་གཟེངས་སུ་བསྟོད་པ་བཅས་ཞལ་བཞེས་བྲོ་མནའ་བོར་བའི་གཙིགས་ཡིག་ཡིན་ཞིང་། «ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་»[8]གཉིས་ནི། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བློན་པོ་མྱང་ཏིང་ངེ་འཛིན་ལ་བདག་རྐྱེན་གནང་བར་ཞལ་བཞེས་བྲོ་མནའ་བོར་བའི་གཙིགས་ཡིག་སྟེ། བློན་པོ་མྱང་ཏིང་ངེ་འཛིན་གྱིས་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐུ་ན་ཕྲ་ཞིང་ཆབ་སྲིད་མ་བཞེས་པའི་དུས་སུ་གཅེས་སྐྱོང་ཞུས་པ་དང་། རྒྱལ་པོ་ཡབ་སྲས་དང་གཅེན་གཅུང་། ཡུམ་སྲས་སོགས་གོང་འོག་ཐམས་ཅད་ཐུགས་དགྱེས་ཤིང་བློ་མཐུན་པར་མཛད་པ། བཙན་པོའི་ཡབ་དང་གཅེན་གཉིས་འཕྲོ་རིམ་འཕྲོར་སྐུ་གྲོངས་ནས་སྤྱི་ཚོགས་འཁྲུག་ལོང་དུ་འགྱུར་བའི་སྐབས་སུའང་ཕན་ཞིང་སྨན་པའི་བཀའ་གྲོས་ལེགས་པོ་བཏོན་ནས་འཕྲལ་ཡུན་གཉིས་སུ་ཕན་ཞིང་ལེགས་པའི་ཆབ་སྲིད་ཀྱི་འཕྲིན་ལས་རྒྱ་ཆེན་པོ་མཛད་པའི་ལན་དུ་སྲིད་བློན་ཆེན་པོའི་དཔོན་གནས་ཡུན་རིང་དུ་འགྱུར་བ་མེད་པར་གནང་བ་དང་། ཁོང་གི་མེས་པོ་བློན་སྣང་བཟང་འདུས་ཀོང་གི་བུ་རབས་ཚ་རྒྱུད་ལ་ཞམ་འབྲིང་དང་ལས་སྣ་ཆེན་པོ། སྟོང་སྡེའི་དཔོན་པོ་སོགས་ཡུན་རིང་དུ་སྩོལ་བ་དང་། དེ་དག་མི་རབས་ཆད་པ་དང་བཀའ་གྱོད་ལ་ཐོགས་ནའང་ཁོ་ཚོར་དབང་བའི་བྲན་གཡོག་དང་ཞིང་ཕྱུགས་ནགས་གསུམ་སོགས་རྒྱུ་ནོར་གཞུང་བཞེས་མི་བྱེད་པ་དང་གཞན་ལ་མི་སྦྱིན་པའི་བཀའ་གཙིགས་བཅས་རུང་མཛད་རྗེས་དང་འཚམ་པའི་བདག་རྐྱེན་ཞིག་མ་ཐོབ་པར་དགོངས་ནས། སྔར་གྱི་བཀའ་གཙིགས་གཞིར་བཟུང་ཐོག་ཡང་བསྐྱར་བློན་མྱང་ཏིང་ངེ་ འཛིན་ལ་ཆབ་སྲིད་ཀྱི་བློན་ཆེན་པོའི་ཡིག་ཚངས་འགྱུར་མེད་དུ་གནང་ཞིང་སྔར་ལས་ཆེས་ཆེར་བསྟོད་པ་དང་། ཁོང་གི་མེས་པོ་བློན་སྣང་བཟང་འདུས་ཀོང་གི་བུ་རབས་ཚ་རྒྱུད་ལ་ཞང་བློན་ཡི་གེ་ཅན་གྱི་དབང་ཐང་གནང་ཞིང་། མ་ཉེས་པར་སྲོག་སྲིད་ལ་གནོད་མཁན་བྱུང་ན་བཀའ་ཁྲིམས་ལ་སྦྱོར་བ། ལྷ་རིས་བླ་འོག་གཞན་གྱིས་དབང་མི་བྱ་བའི་དམིགས་བསལ་གྱི་བདག་རྐྱེན་གནང་བའི་གཙིགས་ཡིག་ཡིན་ལ།«ལྷོ་བྲག་གི་བྲག་བརྐོས་ཡི་གེ་»[9]ནི། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བློན་པོ་ལྡེ་སྨན་ལྡེའུ་ཅུང་ལ་བདག་རྐྱེན་གནང་བར་ཞལ་བཞེས་བྲོ་མནའ་བོར་བའི་གཙིགས་ཡིག་སྟེ། ལྡེ་སྨན་ལྡེའུ་ཅུང་ཞེས་པས་བཙན་པོ་ཁྲི་ལྡེ་སྲོང་བཙན་ཡབ་སྲས་གཉིས་ལ་ཡུན་རིང་པོར་བློ་དཀར་ཞིང་དཀའ་བ་ཆེར་སྤྱད་ཀྱིས་སྐུ་དང་ཆབ་སྲིད་ལ་ཕན་པའི་ཞབས་ཞུ་བསྒྲུབས་པས། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་དེའི་ཕ་ལོ་སྣང་བྱ་བའི་བུ་རབས་ཚ་རྒྱུད་ལ་ནམ་ཡིན་ཡང་ཆབ་སྲིད་ཀྱི་དཔོན་གནས་དང་འབྲེལ་ཡོད་བདག་རྐྱེན་འགྱུར་བ་མེད་པར་སྩོལ་བ་དང་། འཁོར་གཡོག་དང་ཡུལ་ལ་སོགས་པ་ཇེ་ཉུང་ཇེ་ཆུང་དུ་མི་གཏོང་ལ། ལྡེའུ་ཆུང་ཚེ་ལས་འདས་ན་བང་སོ་བླ་ནས་བརྩིགས་ཤིང་། ནམ་ཞིག་དབོན་སྲས་གང་གི་རིང་ལ་ཞིག་རལ་དུ་གྱུར་ནའང་བླ་ནས་སྟོང་སྡེ་ལ་བརྩིག་ཏུ་འཇུག་པའི་གཙིགས་ཡིག་ཡིན། དེ་མིན་«ཀོང་པོའི་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་»[10]ནི། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཀོང་དཀར་པོ་མང་པོ་རྗེ་ལ་གཙིགས་བསྐྱེད་པའི་ཡི་གེ་སྟེ། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཙན་པོ་ཡབ་ཀྱི་རིང་ལ་ཀོང་དཀར་པོ་མང་པོ་རྗེར་གཙིགས་བཅས་པ་གཞི་བྱས་ནས། ཀོང་དཀར་པོའི་རྒྱལ་ས་ནི་ཀོང་དཀར་པོ་མང་པོ་རྗེའི་བུ་རབས་ཚ་རྒྱུད་ཅིག་ལ་སྩོལ་བ་ལས། གཞན་སུ་ལའང་མི་སྩོལ་བ་དང་། གལ་ཏེ་མང་པོ་རྗེའི་རྒྱུད་རབས་ཆད་ན་གཅེན་གྱི་རྒྱུད་ཅིག་ལ་སྩོལ་བ་དང་། དེའི་རྒྱུད་རབས་ཆད་ན་ཁ་ཆེམས་སུ་ལ་བབས་ཡོད་ན་དེར་སྩོལ་ཞིང་། ཀོང་དཀར་པོ་མང་པོ་རྗེའི་བྲན་གཡོག་དང་ཞིང་འབྲོག་ནགས་གསུམ་སོགས་ཇེ་ཉུང་དུ་མི་གཏོང་བ་དང་དཔྱ་ཁྲལ་མི་དབབ་པའི་གཙིགས་བསྐྱེད་པའི་ཡི་གེ་ཡིན་པ་ལྟར་རོ། །«ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེ་»[11]ནི། བོད་ཀྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་དང་རྒྱ་རྗེ་ཝུན་ཝུའུ་ཞའོ་ཏེ་ཧོང་ཏི་གཉིས་ཀྱི་རིང་ལ་རྒྱ་བོད་གཉིས་ཀྱིས་དཀོན་མཆོག་གསུམ་དང་འཕགས་པ་རྣམས་དང་ཉི་ཟླ་གཟའ་སྐར་དཔང་དུ་བཞག་ནས། སྔོན་ཆད་ཡུལ་གཉིས་ཀྱི་ས་ལ་ས་མཚམས་དང་ཆུ་ལ་ཆུ་མཚམས་བཅད་ཡོད་པ་དེ་གཞིར་བཞག་སྟེ་རྒྱ་བོད་གཉིས་སླར་ཡང་མཐུན་པར་མ་ཟད། ཕྱིན་ཆད་ཀྱང་ཕན་ཚུན་དགྲར་མི་ལངས་པ་དང་། དམག་མི་འདྲེན་པ། ས་ཆ་མི་འཕྲོག་པར་བོད་ནི་བོད་ཀྱི་ཡུལ་ན་སྐྱིད་པ་དང་། རྒྱ་ནི་རྒྱའི་ཡུལ་དུ་སྐྱིད་པའི་ཞལ་བཞེས་བྲོ་མནའ་བོར་བ་གཞི་བྱས་ཐོག་སྐབས་དེའི་རྒྱ་བོད་སོ་སོའི་གནས་ཚུལ་སྤྱི་དང་། ཁྱད་པར་དུ་སྲོང་བཙན་སྒམ་པོ་དང་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ་རྒྱ་བོད་གཉིས་དབོན་ཞང་དུ་གྱུར་ཚུལ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་དང་ཁྲི་གཙུག་ལྡེ་བཙན་གྱི་རིང་ལ་རྒྱ་བོད་གཉིས་བར་ཕན་ཚུན་མཐུན་འབྲེལ་བྱུང་བའི་མནའ་འབྲེལ་ཆིངས་ཡིག་ཀྱང་ཡིན་ནོ། །«འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་ཡི་གེ་»[12]དང«བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་ཡི་གེ་»[13]ཡི་ནང་དོན་གཙོ་བོ་ནི། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཀྱི་མངའ་ཁོངས་ནུབ་ཏ་ཟིག་ནས་ཤར་ལོང་ཧྲན་ལ་རྒྱུད་བར་དང་། ལྷོ་ཆུ་བོ་གངྒ་ནས་བྱང་ལི་ཡུལ་སྡེ་བཞིའི་བར་དུ་རྒྱ་བསྐྱེད་ཅིང་། བསམ་ཡས་དབུ་རྩེ་རིགས་གསུམ་གྱིས་གཙོས་པའི་དགེ་འདུན་གྱི་སྡེ་ཐོག་མར་བཙུགས་པ་དང་། རྒྱ་དཀར་ནག་སོགས་ཀྱི་མཁས་ཆེན་དམ་པ་རྣམས་བོད་ལ་གདན་དྲངས་ནས་ནང་པའི་བསྟན་པ་སྤེལ་བའི་མཛད་པ་རླབས་ཆེན་ལ་བསྔགས་པ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཆོས་ཀྱི་ལུགས་དང་མཐུན་པར་གནམ་འོག་ལ་མངའ་བསྒྱུར་ཞིང་། ཐུགས་དགོངས་ཟབ་ཅིང་བརླིང་ལ་བཀའ་ལུང་བཟང་པོའི་ཁྲིམས་ལུགས་ཀྱིས་ཕྱི་ནང་གཉིས་ཀ་ལེགས་པོར་བསྐྱངས་ནས་རྒྱལ་སྲིད་སྟོབས་ཆེན་པོར་འཕེལ་བའི་མཛད་རྗེས་ཡིན། རྡོ་རིང་ཡི་གེ་དེ་གཉིས་ནི་བཙན་པོས་ཞལ་བཞེས་བྲོ་མནའ་བོར་བའི་གཙིགས་ཡིག་དངོས་མིན་མོད། «ཆོས་འབྱུང་མཁས་པའི་དགའ་སྟོན་»ལས། ཁྲི་སྲོང་ལྡེའུ་བཙན་གྱི་བང་སོའི་“མིང་དུ་འཕྲུལ་རི་གཙུག་སྣང་བྱ་བར་བཏགས། །རྩ་བར་རྡོ་རིང་ཡི་གེ་ཅན་ཞིག་བཙུགས། །འདི་ནི་བོན་བློན་རྣམས་ཀྱི་སེམས་སྲུང་ཕྱིར། ། རྒྱལ་པོ་བཞུགས་དུས་ཉིད་དུ་བརྩིགས་སོ་སྐད། །”[14]ཅེས་བཀོད་པ་ལྟར་ན། རྡོ་རིང་དེ་དག་ནི་བཙན་པོ་དགུང་དུ་མ་གཤེགས་གོང་ལ་བཙན་པོ་རང་རང་གི་ཐུགས་བཀོད་དང་ཡང་ན་ཆོག་མཆན་གནང་བ་ལྟར། བཙན་པོའི་སྲིད་གཞུང་གི་ངོས་ནས་བཞེངས་པའི་བཙན་པོའི་བང་སོ་དང་བཀའ་ཆེམས་ཀྱི་རྡོ་རིང་ཡིན་པར་ངེས། མདོར་ན་བཙན་པོའི་རྒྱལ་རབས་སྐབས་ཀྱི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་ནི་བཙན་པོ་སོ་སོས་ཞལ་བཞེས་བྲོ་མནའ་བོར་བའི་གཙིགས་ཡིག་གམ་བཀའ་ཆེམས་དངོས་ཡིན་པས་ཡིག་ཚངས་གཞན་ལས་ཁྱད་དུ་འཕགས་པ་ཡིན། 
གསུམ་པ། བཀའ་གཙིགས་ལ་གཏོགས་པའི་མི་སྣ་དང་མཛད་སྒོ་ཁྱད་དུ་འཕགས་པ། 
        བཙན་པོའི་བཀའ་གཙིགས་ནི་བཙན་པོ་ཁོ་ནའི་དབང་ཤེད་ཀྱི་བཅས་པ་ཞིག་མ་ཡིན་ཏེ། འཇིག་རྟེན་གཏམ་གྱི་དཔེ་ལ་“གཏམ་བཤད་ས་ན་མི་དགོས། རྐང་གཅོག་ས་ན་རྡོ་དགོས་”ཞེས་པ་ལྟར་བཙན་པོས་ཞལ་བཞེས་བྲོ་མནའ་བོར་དུས་རྒྱལ་པོ་ཡབ་ཡུམ་དང་རྒྱལ་ཕྲན་གྱི་རྗེ་བོ། ཞང་བློན་ཆེན་པོ། ཆབ་སྲིད་ཀྱི་བློན་པོ་ཆེ་ཆུང་། རྒྱལ་པོའི་བཀའ་ལ་གཏོགས་པའི་བན་དེ། སྟོད་སྨད་ཀྱི་དབང་པོ་དང་དམག་དཔོན་སོགས་འདུས་པའི་ཚོགས་དབུས་སུ་བཙན་པོ་ཡབ་སྲས་ཀྱིས་“ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། དམ་པའི་ཆོས་ཐམས་ཅད། བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང་། རང་སངས་རྒྱས་དང་ཉན་ཐོས་ཐམས་ཅད་དང་། གནམ་སའི་རིམ་པ་ལྷ་འོ་ཅོག་དང་། བོད་ཡུལ་གྱི་སྐུ་ལྷ་དང་། ལྷ་དགུ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་མི་མ་ཡིན་དཔང་དུ་གསོལ་ཏེ། གཙིགས་འདི་ལས་མི་འགྱུར་བར་མཁྱེན་པར་བགྱིས་སོ། །དེ་ལ་གཙིགས་ལྟར་མ་བགྱིས་ཏེ། དཀོནད་ཅོག་གསུམ་གྱི་སྐུ་བསླུས་སམ་མནའ་ཁ་དབུད་བགྱིས་ན། སེམས་ཅན་དམྱལ་བར་སྐྱེས་ཤིག། འདི་བཞིན་མཛད་ཅིང་བགྱིས་ན། ཐམས་ཅན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་ཤོག་ཅིག།”[15]ཅེས་ཞལ་བཞེས་བྲོ་མནའ་བོར་དགོས་པ་རེད། དེ་ཡང་བསམ་ཡས་གཙུག་ལག་ཁང་མདུན་གྱི་རྡོ་རིང་དུ་བཀོད་པའི་ཆོས་གཙིགས་མཛད་དུས་དབོན་འ་ཞ་རྗེ་དང་། ཞང་བློན་ཆེན་པོ་བཀའ་ལ་གཏོགས་པ་བརྒྱད། ནང་བློན་བཅུ་གཅིག ཕྱི་བློན་བཅུ་གཉིས། སྟོད་སྨད་ཀྱི་དབང་པོ་དང་དམག་དཔོན་བཅོ་བརྒྱད་བཅས་བསྡོམས་པས་བློན་པོ་ཆེ་ཕྲ་ལྔ་བཅུ་ཞུགས་[16]པ་དང་། རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང་དུ་བཀོད་པའི་གཙིགས་ཡིག་ཀྱང་བཙན་པོའི་བཙུན་མོ་གསུམ་དང་། རྒྱལ་ཕྲན་གྱི་རྗེ་བོ་གསུམ། བན་དེ་བཀའ་ཆེན་པོ་ལ་གཏོགས་པ་གཉིས། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་པ་དྲུག ནང་བློན་བཅོ་བརྒྱད། སྣམ་ཕྱི་པ་བཅུ་བདུན། དབང་པོ་དང་དམག་དཔོན། ཕྱི་བློན་བཀའ་ལ་གཏོགས་པ་སུམ་བཅུ་སོ་བརྒྱད་བཅས་བསྡོམས་པས་བཙན་པོའི་སྲིད་གཞུང་གི་དཔོན་རིགས་མི་སྣ་བརྒྱད་ཅུ་གྱ་བདུན་འདུས་[17]པའི་ཚོགས་དབུས་སུ་བཙན་པོས་ཞལ་བཞེས་བྲོ་མནའ་བོར་བའི་གཙིགས་ཡིག་རེད། ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་དུ་བཀོད་པའི་གཙིགས་ཡིག་སྟེ། རྒྱ་བོད་གཉིས་བར་མཇལ་འདུམ་གྱི་གཙིགས་འཛིན་པའི་དུས་སུའང་བོད་ཀྱི་བཀའ་ཆེན་པོ་ལ་གཏོགས་ཏེ་ཕྱི་ནང་གཉིས་ལ་དབང་ཞིང་ཆབ་སྲིད་འཛིན་པ་བན་དེ་ཆེན་པོ་དང་། གུང་བློན་ཆེན་པོ། ཆབ་སྲིད་ཀྱི་བློན་པོ་ཆེན་པོ། ནང་བློན། ཕྱི་བློན་བཀའ་ལ་གཏོགས་པ། སྣམ་ཕྱི་པ། མངན་དཔོན། བཀའི་ཕྲིན་བློན། རྩིས་པ་ཆེན་པོ། ཕྱི་བློན། ཞལ་ལྕེ་པ་ཆེན་པོ་སོགས་བློན་ཆེ་ཕྲ་བཅུ་བདུན་དང་། རྒྱའི་ཆབ་སྲིད་ཀྱི་བློན་པོ་ཆེན་པོ་བཀའ་ལ་གཏོགས་པ་དང་ཇེང་འགི་དའེ་པུ་ཞིའུ་མུན་ཧ་ཞི་ལང་གི་ཐབས་ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ། ཐའི་ཅུང་དའེ་པུ་ཞིའུ་ཅུང་ཤུ་ཧོ་བློ་ཞི་ལང་གི་ཐབས་ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་སོགས་བློན་ཆེ་ཕྲ་བཅོ་བརྒྱད་[18]གཙིགས་སུ་གཏོགས་པ་ལྟར་རོ། །དེས་ན་བཙན་པོའི་སྐབས་ཀྱི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་ནི་བཙན་པོ་ཡབ་སྲས་ཀྱིས་བཙུན་མོ་ཆེན་ཆུན་དང་རྒྱལ་ཕྲན་གྱི་རྗེ་བོ། ཕྱི་ནང་གི་བློན་པོ་ཆེ་ཕྲ་མང་པོ་བཅས་ལ་ནང་གྲོས་ནན་ཏན་བྱས་རྗེས། འཇིག་རྟེན་གྱི་ལྷ་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་དཔང་དུ་གསོལ་ནས་ཞལ་བཞེས་བྲོ་མནའ་བོར་བའི་གཙིགས་ཡིག་ཡིན་ན། དེའི་ནང་དོན་གྱི་ཡང་དག་རང་བཞིན་ནམ་ཡིག་ཚངས་ཀྱི་རིན་ཐང་ཡང་རང་ཤུགས་ཀྱིས་རྟོགས་པར་འགྱུར་ལ། “བོད་མནའ་ཐོག རྒྱ་ཡིག་ཐོག་”ཅེས་པའི་དན་རྟགས་ཀྱང་གསལ་ལེར་མངོན་བྱུང་། 
བཞི་པ། བཀའ་གཙིགས་ཀྱི་རྡོ་རིང་བཞེངས་པའི་དགོས་པ་ཁྱད་དུ་འཕགས་པ། 
        བཙན་པོ་རིམ་བྱོན་གྱི་མཛད་རྣམ་དང་ཞལ་ཆེམས། ཆོས་སྲིད་ཟུང་གི་བཀའ་གཙིགས་བཅས་པའི་ལོ་རྒྱུས་སོགས་རྡོ་རིང་དུ་བཀོད་ནས་བཞེངས་པའི་དགོས་པ་ནི། «ལྡེའུ་ཆོས་འབྱུང་»ལས། “ལོ་རྒྱུས་ཤིན་ཏུ་བསྡུས་ནས་མི་འཆལ་བར་བྱ་བའི་ཕྱིར་རྡོ་རིང་ལ་གཟོང་གིས་བྲིས་ནས་བཞག་གོ།”[19]ཞེས་པ་ལྟར། སྔོན་བྱུང་གི་ལོ་རྒྱུས་རྣམས་མ་འཁྲུགས་མ་ནོར་བར་མི་རབས་ནས་མི་རབས་སུ་བརྒྱུད་སྤེལ་བྱེད་པའི་ཆེད་དུ། རྡོ་རིང་གི་ངོས་དང་དྲིལ་སྒྲོག་གི་དགོས་མཁོ་ལྟར་མདོ་དོན་བསྡུས་ནས་བཀོད་པ་དང་གཅིག«ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེ་»ལས། “དབོན་ཞང་གཉིས་། །ཆབ་སྲིད་གཅྀག་དུ་མོལ་ནས་། །མཇལ་དུམ་ཆེན་པོམཛད་དེ་གཙིགས་བཅས་། །ནམ་ཞར་ཡང་མྱྀ་འགྱུར་པར། ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས་ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོད་པའྀ་ཕྱིར། །མཇལ་དུམ་གྱི་གཙིགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ། །”[20]ཞེས་པ་ལྟར། རྒྱལ་བློན་རྣམ་པའི་མཛད་པ་དང་ཕྱག་རྗེས་གལ་ཆེན་རྣམས་མི་ཀུན་ལ་གསལ་པོར་ཤེས་སུ་འཇུག་ཅིང་མི་རབས་ནས་མི་རབས་སུ་བསྔགས་བྱའི་ཡུལ་དང་དྲན་པའི་རྟེན་དུ་བྱེད་པ་དང་གཉིས། བཙན་པོ་ཡབ་སྲས་དང་བཙུན་མོ། རྗེ་བློན་ཀུན་གྱིས་ཞལ་བཞེས་བྲོ་མནའ་བོར་བའི་ཆོད་ཡིག་ལ་བཟོ་བཅོས་མི་བྱེད་པ་དང་བཙན་པོའི་གདུང་རབས་ཕྱི་མ་རྣམས་ཀྱིས་ཀྱང་སྲོལ་དེ་རྒྱུན་འཁྱོངས་བྱེད་པ་དང་གསུམ། བཙན་པོ་སྲིད་གཞུང་གི་བཀའ་གཙིགས་སུ་ཞུགས་པའི་བློན་འབངས་བློ་མི་འགྱུར་བ་ དང་རྫུན་མི་སྨྲ་བ། རང་རང་གི་འདོད་མོས་ལྟར་ལོ་རྒྱུས་བཟོ་བཅོས་བྱས་ནས་འཇིག་པར་མི་བྱེད་པ་དང་བཞི། བློན་ཁྲིམས་སྣོལ་མ་བཅོ་ལྔ་ལས། “དཔའ་བོ་ལ་སྟག་གིས་མ་བསྟོད་ན། །དཔའ་བོ་བྱས་པའི་དོན་མེད། མཛངས་པ་ལ་ཡིག་ཚངས་གིས་མ་བསྟོད་ན། མཛངས་པ་ཡི་ཞི་འགྲོ། ལེགས་པ་ལ་བྱ་དགས་མ་བསྟོད་ན། ལེགས་པ་བྱེད་པའི་རུ་མ་མེད་”[21]ཅེས་པ་ལྟར། བཙན་པོའི་གདུང་རྒྱུད་རིམ་བྱོན་དང་བློན་འབངས་སྔར་ལས་མང་པོ་ཞིག་མཛངས་པ་དང་ལེགས་པ། དཔའ་བོ་བཅས་ཀྱི་ལས་ལ་འབད་པར་རྟིང་སྐུལ་དང་སྣེ་ཁྲིད་བྱེད་པ་དང་ལྔ་བཅས་ཀྱི་དོན་དུ་ཡིན་ནོ། །དེར་བརྟེན་བོད་རིག་པར་ཞིབ་འཇུག་བྱེད་པ་དང་། ཁྱད་པར་དུ་བོད་ཀྱི་ལོ་རྒྱུས་དང་རྒྱ་བོད་ཀྱི་འབྲེལ་བ། བཙན་པོའི་སྐབས་ཀྱི་སྤྱི་ཚོགས་ལམ་ལུགས་སོགས་ལ་སློབ་ཁྲིད་དང་ཞིབ་འཇུག་བྱེད་སྐབས་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་རྣམས་ཁུངས་ལུང་ཚད་མ་དང་། ཚད་གཞི་ཉག་གཅིག་ཏུ་བཟུང་ནས་སློབ་སྦྱོང་ལེགས་པོ་དང་རྒྱུས་ལོན་ཡང་དག་བྱས་ཏེ་ཀུན་ལ་ཤེས་སུ་འཇུག་པ་ནི་མེས་པོས་བཏོན་པའི་བླང་བྱའམ་དུས་རབས་ཀྱི་འོས་འགན་ཡིན་ལ། དེ་ལས་ལྡོག་སྟེ་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་སྣང་མེད་དུ་འཇོག་པ་དང་ཡང་ན་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་དང་འགལ་བའི་ཡིག་ཚངས་གཞན་དག་ཚད་མར་བཟུང་བ་ཡིན་ན། མེས་པོ་རྣམས་ཀྱི་དགོངས་པ་སྟོང་ཟད་དང་རྡོ་རིང་དེ་དག་བཞེངས་པར་དོན་སྙིང་མེད་པར་འགྱུར་ངེས་རེད། 
ལྔ་པ། བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་ཉར་སྟངས་ཁྱད་དུ་འཕགས་པ། 
        བཙན་པོའི་སྐབས་ཀྱི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་ནི་བཙན་པོའི་བཀའ་ཆེམས་སམ་བཙན་པོའི་སྲིད་གཞུང་གི་ཆོད་ཡིག་ཡིན་པའི་རྐྱེན་གྱིས། རྡོ་རིང་ངོས་སུ་བཀོད་ནས་ཀུན་ལ་ཤེས་སུ་འཇུག་པར་མ་ཟད། གཙིགས་ཀྱི་ཡི་གེ་ཞིབ་མོར་བྲིས་ཤིང་མཐར་བཙན་པོའི་ཕྱག་རྒྱས་བཏབ་ནས། བཙན་པོའི་ཕོ་བྲང་གི་ཡིག་མཛོད་དང་གཙུག་ལག་ཁང་གཙོ་བོ། གཙིགས་ཀྱི་མཁར་བུ། རྒྱལ་ཕྲན་སོ་སོ། བདེ་བློན་ཁམས་ཆེན་པོ། གཙུག་ལག་ཁང་གི་དགེ་འདུན་སོགས་ལ་འཆང་དུ་སྩོལ་བ་རེད། དེ་ཡང་«བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ་»ལ་མཚོན་ན། “དཔེ་དེ་དང་འདྲ་བ་བཅུ་གསུམ་བྲིས་ཏེ། གཅིག་ནི་ཕྱག་སྦལ་ན་བཞག གཉིས་ནི་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། བྲག་དམར་གྱི་བསམ་ཡས་ལྷུན་གྱིས་གྲུབ་ ཀྱི་དགེ་འདུན་ལ་རེ་རེ་བཞག་གོ། བཅུ་ནི་མཐར་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། ཁྲ་འབྲུག་གི་བཀྲ་ཤིས་ལྷ་ཡུལ་གཙུག་ལག་ཁང་དང་། ཕོ་བྲང་འཁོར་གྱི་དགེ་འདུན་དང་། ར་སའི་རྒྱ་བཏགས་ར་མོ་ཆེ་དང་། བྲག་དམར་གྱི་ཁམས་གསུམ་མི་ལྡོག་སྒྲོལ་དང་། བྲུ་ཤ་ཡུལ་དང་། ཞང་ཞུང་ཡུལ་དང་། མདོ་སྨད་དང་། སྡེ་བློན་རིས་དང་། འདི་རྣམས་ཀྱི་གཙུག་ལག་ཁང་གི་དགེ་འདུན་ལ་དཔེ་རེ་རེ་འཆང་དུ་སྩལད་”[22]པ་དང་། ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེ་ནི་གཙིགས་ཀྱི་ཡི་གེ་ཞིབ་མོར་བྲིས་ནས་རྒྱལ་པོ་གཉིས་ཀྱི་ཕྱག་རྒྱས་བཏབ་པར་མ་ཟད། བློན་པོ་གཙིགས་ལ་ཞུགས་མཁན་རྣམས་ཀྱི་ལག་ཡིག་ཏུ་བྲིས་ཏེ་སོ་སོའི་ཡིག་མཛོད་དུ་བཞག་པ་རེད། «སྟོད་ལུང་མཚུར་ཕུ་དགོན་པའི་རྡོ་རིང་ཡི་གེ་»ནི། བླ་དཔེ་དང་འོག་དཔེ་གཉིས་སུ་ཕྱེ་ཞིང་བླ་དཔེ་ནི་འཕྱིང་བ་སྟག་རྩེ་ཕོ་བྲང་དུ་སྔོན་གྱི་གཙིགས་ཆེན་པོ་གཞན་གྱི་ཡི་གེ་དང་མཉམ་དུ་བཞག གཙིགས་ཡིག་དེ་དང་འདྲ་བ་རྣམས་ལས་གཅིག་གཙིགས་གཞན་གྱི་ཟླ་ལ་བཀས་བཞག གཙིགས་ཀྱི་འོག་དཔེར་འགྲེམ་པའི་འཕྲ་མེན་གྱི་སྒྲོམ་བུ་ནི་ལྕང་བུ་གཙུག་ལག་ཁང་གི་ཡིག་མཛོད་དུ་བཞག་ཅིང་། «ཞྭ་ལྷ་ཁང་གི་རྡོ་རིང་དང་པོའི་ཡི་གེ་»ལྟར་ན། བཙན་པོའི་བཀའ་གཙིགས་ཀྱི་མཁར་བུའི་སྒོ་བྱས་ནས་གཙིགས་ཡིག་བཀླག་དགོས་པ་བྱུང་ན་ཡང་། བཙན་པོའི་སྲས་དབོན་ལས་ཆབ་སྲིད་ལ་མངའ་མཛད་མཁན་གྱིས་བཅོམ་ལྡན་འདས་ཀྱི་རིང་ལུགས་ལ་དད་པའི་གཙིགས་བདག་གཞུང་རྒྱུད་བརྟན་པ་གསུམ་ཡན་ཆད་བསྐོས་ཏེ་ལག་པ་སྦྲེལ་ནས་བཏོན་རྗེས། ཕྱིར་འཇོག་དུས་ཀྱང་དེ་ལྟར་བཙན་པོའི་ཕྱག་རྒྱ་དང་བཅོམ་ལྡན་འདས་ཀྱི་རིང་ལུགས་པའི་ཕྱག་རྒྱས་བཏབ་ནས་འཇོག་པའི་སྲོལ་ཡོད་པ་རེད། དེས་ན་བཙན་པོའི་སྐབས་ཀྱི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་ཉར་ཚགས་བྱེད་སྟངས་འདི་ལས་ངེས་ཤེས་འདི་འདྲ་གསུམ་སྐྱེ་བ་སྟེ། གཅིག་ནི་བཙན་པོའི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་ནི་ཡིག་ཚངས་གཞན་ལས་རིན་ཐང་ཆེ་བས་ཧ་ཅང་གལ་ཆེན་དུ་འཛིན་པ་དང་། གཉིས་ནི་བཙན་པོའི་སྐབས་སུ་བོད་ལ་བཙན་པོའི་བཀའ་ལུང་དང་སྲིད་གཞུང་གི་ཆོད་ཡིག་གལ་ཆེན་ཉར་བའི་སྒྲིག་སྲོལ་ནན་མོ་ཡོད་པ། གསུམ་ནི་བཙན་པོའི་དུས་སྐབས་སུ་“བོད་མནའ་ཐོག་ཡིན་”པར་མ་ཟད ། ཡིག་ཐོག་ཀྱང་ཡིན་པར་ངེས་སོ། ། 
མཇུག་བསྡུ་བ། 
        བཙན་པོའི་སྐབས་ཀྱི་བཀའ་གཙིགས་རྡོ་རིང་ནི་བཙན་པོ་དང་བཙན་པོའི་སྲིད་གཞུང་གིས་ཐུགས་བཀོད་དང་སྤྱན་གཟིགས་མཛད་འོག་བཞེངས་པ་དང་། བཀའ་གཙིགས་ཀྱི་རྡོ་རིང་ཡི་གེའི་ནང་དོན་ནི་ཡབ་མེས་བཙན་པོ་རྣམས་ཀྱི་མཛད་རྗེས་དང་བཙན་པོ་ཡབ་སྲས་ཀྱི་ཞལ་ཆེམས་སམ་ཆབ་སྲིད་ཀྱི་བློན་པོ་ཆེ་ཕྲ་དང་ནང་གྲོས་བྱས་པའི་ཆོད་ཡིག་ཡིན་ཞིང་། ཞལ་བཞེས་བྲོ་མནའ་བོར་བར་ཞུགས་མཁན་ནི་བཙུན་མོ་ཆེན་ཆུན་དང་རྒྱལ་ཕྲན་གྱི་རྗེ་བོ། ཆབ་སྲིད་ཀྱི་བློན་པོ་ཆེ་ཕྲ་སོགས་བཙན་པོའི་ཕོ་བྲང་གི་དཔོན་རིགས་མི་སྣ་ཡིན་ལ། བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་ཉར་ཚགས་བྱ་ཡུལ་ནི་བཙན་པོའི་ཕོ་བྲང་གི་ཡིག་མཛོད་དང་གཙུག་ལག་ཁང་སོགས་ཡིན་པ་ལས། སྐབས་དེའི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེའི་ཁྱད་འཕགས་རང་བཞིན་ནམ་གལ་ཆེན་རང་བཞིན་མངོན་པར་མཚོན་པ་སྟེ། བཙན་པོའི་སྲིད་གཞུང་གིས་རྡོ་རིང་བཞེང་བའི་སྒྲིག་སྲོལ་དང་། ནང་པའི་བསྟན་པ་བོད་ལ་སྤེལ་ཞིང་འཕེལ་བའི་ལོ་རྒྱུས། བན་བོན་བར་གྱི་འགལ་བ། རྗེ་བློན་རྣམས་ཀྱི་མཛད་རྗེས་ཆེ་ཆུང་ལྟར་ཡིག་ཚངས་དང་དམིགས་བསལ་དབང་ཆ་སྩོལ་བའི་དཔོན་གནས་བསྐོ་བཞག་གི་ལམ་ལུགས། རྒྱ་བོད་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས། བཙན་པོའི་སྲིད་གཞུང་གི་ཆོད་ཡིག་དོ་དམ་བྱེད་པའི་སྒྲིག་སྲོལ་བཅས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པའི་དཔྱད་གཞི་ཚད་མ་དང་། ལུང་ཁུངས་བཙན་པོ། ཁྱད་པར་དུ་འབྲེལ་ཡོད་ཀྱི་རིག་གཞུང་ལྟ་བ་དག་མིན་ལ་བརྡར་ཤ་གཅོད་པའི་ཚད་གཞི་ཉག་གཅིག་ཡིན་པས། བཙན་པོའི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་རྣམས་ལ་མུ་མཐུད་དུ་ཞིབ་འཇུག་ཟབ་མོ་བྱེད་པ་དང་ཆབས་ཅིག བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་དེ་དག་ལ་གོ་བ་གསལ་ཞིང་རྣམ་པར་དག་པ་ཞིག་ལོན་པའི་ཆེད་དུ། དེ་སྔ་བཙན་པོའི་ཕོ་བྲང་གི་ཡིག་མཛོད་དང་གཙུག་ལག་ཁང་། རྒྱལ་ཕྲན། སྡེ་བློན་ཁམས་ཆེན་པོ་བཅས་སུ་བཞག་པའི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་ཞིབ་མོ་རྣམས་འཚོལ་བསྡུ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

མཆན་འགྲེལ།
[1][3] གུ་རུ་ཨུ་རྒྱན་གླིང་པ། «བཀའ་ཐང་སྡེ་ལྔ» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་152; 152
[2] ཉང་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད» [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་417-418 
[4][5][6][7][8][9][10][11][12][13][18][21] ཆབ་འགག་རྟ་མགྲིན། «བོད་ཡིག་རྡོ་རིང་ཞིབ་འཇུག» [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2019ལོ། ཤོག་ངོས་15; 38; 48; 4; 26; 92; 88; 53; 20; 42; 209; 60-68; 53
[14][15][16][17][22] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་209; 195; 196; 216;196
[19][20] མཁས་པ་ལྡེའུ། «རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ» [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་356; 276 

ཆབ་འགག་རྟ་མགྲིན། ད་ལྟ་«མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ་» (བོད་ཡིག)ཀྱི་གཙོ་སྒྲིག་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན།
འབྲེལ་ཡོད་འོས་སྦྱོར།