༄༅། །«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ལས་ཁྲམ་དམར་པོ་ཞེས་པར་བསྐྱར་དུ་དཔྱད་པ།
རྩོམ་པ་པོ།:བན་དེ་བྱམས།
ཡོང་ཁུངས།:མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། ༢༠༢༡ལོའི་དེབ་དང་པོ།
དུས་ཚོད།:2021-11-08
ཀློག་གྲངས།:
༄༅། །«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ལས་ཁྲམ་དམར་པོ་ཞེས་པར་བསྐྱར་དུ་དཔྱད་པ།
བན་དེ་བྱམས།
[ནང་དོན་གནད་བསྡུས] ཏུན་ཧོང་ཡིག་རྙིང་གི«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ལས་བྱུང་བའི“ཁྲམ་དམར་པོ”ཞེས་པའི་ཐ་སྙད་ལ་སྔ་ཕྱིར་འགྲེལ་སྟངས་འགའ་ཤས་བྱུང་ཡོད་དེ། ཁ་ཅིག་གིས“ཁྲམ་དམར་པོ”དང“ཞུགས་ལོང་དམར་པོ”གཉིས་ནི་དོན་གཅིག་སྟེ་སྐུ་སྲུང་དམག་མིའི་མིང་ཐོ་འགོད་སའི་ཁྲམ་ཤིང་ལ་གོ་དགོས་པར་བཤད་ལ། ལ་ལས་སྐུ་སྲུང་དམག་མིའི་དཔུང་རྟགས་ཤིང་བྱང་དམར་པོའི་དོན་ཡིན་པར་འདོད་པས། དཔྱད་རྩོམ་འདིར་ཐོག་མར་ཏུན་ཧོང་ཡིག་རྙིང་དུ་ཐོན་པའི“ཁྲམ”ཞེས་པའི་ཐ་སྙད་རྣམས་བསྡུས་ནས་ཞིབ་བསྡུར་དང་དབྱེ་ཞིབ་བྱས་པའི་རྨང་གཞིའི་སྟེང་། དག་ཡིག་སྣ་ཚོགས་ལས་བྱུང་བའི“ཁྲམ”ཞེས་པའི་མིང་གི་འགྲེལ་ཚུལ་གྱིས་ཟུར་བརྒྱན་ནས། “ཁྲམ”ནི་རྟགས་སམ་རི་མོའི་དོན་ལ་འཇུག་ཚུལ་དང་། ཏུན་ཧོང་བོད་ཀྱི་ཡིག་རྙིང་དུ་ཐོན་པའི“ཁྲམ་དམར་པོ”དང“ཁྲམ་སྐྱ” “ཁྲམ་ནག”སོགས་དང་། ཤིན་ཅང་ནས་རྙེད་པའི་ཁྲམ་ཤིང་སོགས་སྒྲུབ་བྱེད་དུ་བཀོད་དེ། “ཁྲམ་དམར་པོ་བཏབ”ཅེས་པ་ནི་ཁྲམ་ཤིང་དམར་པོའི་སྟེང་དུ་ཡི་གེ་བཀོད་པ་སྟེ། བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ཀྱི་ནང་དོན་གལ་ཆེན་ཁྲམ་ཤིང་དམར་པོའི་སྟེང་འགོད་པའི་དོན་ཡིན་པ་ལས། སྐུ་སྲུང་དམག་མིའི་དཔུང་རྟགས་ཤིང་བྱང་དམར་པོའམ་ཡང་ན་སྐུ་སྲུང་དམག་མིའི་མིང་ཐོ་འགོད་སའི་ཁྲམ་ཤིང་སོགས་ལ་གོ་བ་མ་ཡིན་པ་བསྒྲུབས་ཡོད།
[གནད་ཚིག] དོན་ཆེན་གནད་བསྡུས། ཁྲམ་དམར་པོ། ཞུགས་ལོང་དམར་པོ། ཁྲམ་ཤིང་།
གླེང་གཞི།
ཀུན་གྱིས་མཁྱེན་གསལ་ལྟར། «དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ནི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ཡིག་ཆ་གལ་ཆེན་ཞིག་ཡིན་ལ། དེ་ནི་ཏུན་ཧོང་ཡིག་རྙིང་ཤོག་དྲིལPT1288དངITJ 750དངBMOr8212གསུམ་གྱིས་གྲུབ། དེའི་ནང་གཙོ་བོ་བཙན་པོ་སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྟོད་བར་གྱི་ལོ་རེའི་རྒྱལ་དོན་ལོ་རྒྱུས་གནད་བསྡུས་ངང་བཀོད་ཡོད། ཡིག་ཆ་འདི་ཉིད་མ་གཞི་ནས་བཙན་པོའི་དུས་སྐབས་དང་ཁ་ཐག་ཉེ་ཕྱིར་བརྡ་རྙིང་མང་པོས་བཅིངས་ཡོད་ལ། ཤར་མར་བཀླགས་ཚེ་དོན་ལ་གོ་བ་མི་ལོན་པའམ་གོ་བ་ལོག་འགྲོ་བའི་ཉེན་ཁ་ཡོད་པས། སྔ་ཕྱིར་མཁས་པ་རྣམས་ཀྱིས་དེ་ལ་འགྲེལ་བཤད་མང་པོ་མཛད་ཡོད། དེའི་ཁྲོད་བརྡ་རྙིང་འགའ་ཤས་ལ་མཆན་འགྲེལ་འགོད་དུས་བཞེད་ཚུལ་ཡང་མི་མཐུན་པ་མང་པོ་བྱུང་ཡོད། སྔོན་གྱི་བརྡ་རྙིང་དེ་དག་ལ་དཔྱད་པ་གཏིང་ཟབ་བཏང་ནས་གོ་དོན་གསལ་པོར་གཏོང་ཐུབ་ཚེ། དོན་ཆེན་གནད་བསྡུས་ཀྱི་ནང་དོན་ལ་གོ་བ་ལེན་པར་བློ་བསྐྱེད་མི་དམན་པ་འབྱུང་ངེས་པས། འདིར«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»སུ་ཐེངས་མང་བྱུང་བའི“ཁྲམ་དམར་པོ”ཞེས་པར་དཔྱད་པར་བྱའོ། །
དང་པོ། དོན་ཆེན་གནད་བསྡུས་སུ་བྱུང་བའི“ཁྲམ་དམར་པོ”ཞེས་པའི་ཐ་སྙད་ཀྱི་སྐོར།
ཏུན་ཧོང་ཡིག་རྙིང་གི«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»སུ། སྤྱི་ལོ690ནས་བཟུང་། “ཁྲམ་དམར་པོ”ཞེས་པའི་ཐ་སྙད་མང་དག་ཅིག་སྔ་རྗེས་སུ་བྱུང་ཡོད་དེ། དེའང«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ཀྱི་ཤོལ་དྲིལ་གསུམ་པོ་ལས་ཤོག་དྲིལITJ.750སྟེང་བྱུང་ཡོད། «དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»སུ་བྱུང་བའི“ཁྲམ་དམར་པོ”ཞེས་པ་རེ་རེ་བཞིན་རེའུ་མིག་ཏུ་བཀོད་ན་གཤམ་གསལ་ལྟར།
«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ནང་འདུན་མ་བསྡུས་ཚུལ་གཙོ་བོར་བཀོད་ཡོད་ལ། མཚམས་རེར་འདུན་མ་སྡུད་མཁན་གྱི་བློན་པོ་དང་ས་མིང་། དུས་ཚོད་དང་འདུན་མའི་ནང་དོན་སོགས་ཀྱང་རགས་ཙམ་བཀོད་ཡོད་པས། འདུན་མ་ནི་བཙན་པོའི་རྒྱལ་རབས་སྐབས་སུ་རྒྱལ་ཁབ་ཀྱི་དོན་ཆེན་རྣམས་གྲོས་བསྡུར་དང་གཏན་འཁེལ་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་བསྙོན་དུ་མེད། «དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»སུ“ཁྲམ་དམར་པོ”ཞེས་པའི་ཐ་སྙད་ཐེངས་དྲུག་བྱུང་ཡོད་ལ། ཐེངས་དྲུག་པོའང་འདུན་མ་བསྡུས་རྗེས་སུ་བྱུང་ཡོད་པས། “ཁྲམ་དམར་པོ”འདེབས་པ་ནི་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་དོན་གྱི་བྱ་བ་གལ་ཆེན་ཞིག་ཡིན་པ་གདོན་མི་ཟའོ། །
གཉིས་པ། “ཁྲམ་དམར་པོ”ཞེས་པའི་འགྲེལ་སྟངས་འགའ།
གཅིག །རྒྱལ་ནང་གི་མཁས་པའི་འགྲེལ་སྟངས། རྒྱལ་ནང་དུ་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལ་ཞིབ་འཇུག་བྱེད་མཁན་གྱི་ཐོག་མ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཡིན། རྒྱལ་རབས་དེབ་ཐེར་དཀར་པོ་ནང་བཀོད་པའི་རྒྱལ་རབས་ཀ་པ་ནི་དོན་ཆེན་གནད་བསྡུས་ཡིན་ཏེ། ཁོང་གིས«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ཀྱི་ནང་དོན་འགའ་ཤས་ཤིག«རྒྱལ་རབས་དེབ་ཐེར་དཀར་པོ»རུ་དྲངས་ནས་ཚིག་འགྲེལ་ཐུང་ངུ་རེ་བརྒྱབ་ཡོད་ཀྱང་། དེར་མང་སྲོང་བར་གྱི་ལོ་རྒྱུས་མ་གཏོགས་བཀོད་མེད། ཁྲམ་དམར་པོ་ཞེས་པ་ནི་སྟག་གི་ལོ་སྟེ། སྤྱི་ལོ690ལོའི་དོན་ཆེན་གནད་བསྡུས་སུ་ཐོག་མར་བྱུང་བས། «དེབ་དཀར»ནང་དེའི་སྐོར་གྱི་མཆན་འགྲེལ་ལམ་ཚིག་འགྲེལ་བྱུང་མི་འདུག ། དེའི་རྗེས་སུ་ཏུན་ཧོང་བོད་ཀྱི་ཡིག་རྙིང་སྐོར་ལ་ཕྱག་ལས་གནང་མཁན་ནི་རྒན་དབང་རྒྱལ(王尧)ལགས་ཡིན་ལ། ཁོང་དང་བསོད་ནམས་སྐྱིད(陈践)གཉིས་ཀྱིས་རྩོམ་སྒྲིག་གནང་བའི«ཏུན་ཧོང་ལས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ»རུ«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ལ་ཚིག་འགྲེལ་གནང་ཡོད་པར་མ་ཟད་རྒྱ་ཡིག་ཏུ་ཡང་བསྒྱུར་ཡོད། དེའི་ནང་དུ་རྒན་དབང་རྒྱལ་གྱིས“ཁྲམ”ནི་ཤིང་ལེབ་སྟེང་རྟགས་དང་རི་མོ་བཀོད་པའི་ཁྲམ་ཤིང་དུ་འགྲེལ[1]པ་ལས“ཁྲམ་དམར་པོ”ལ་མཆན་འགྲེལ་གནང་མེད། འོན་ཀྱང་དེ་རྒྱ་ཡིག་ཏུ་སྒྱུར་དུས“红册木牍”ཞེས་བསྒྱུར་འདུག །རྒན་བསོད་ནམས་སྐྱིད(陈践)ཀྱིས་བྲིས་པའི«ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས“ཞུགས་ལོང་དམར་པོའི”དོན་ལ་དཔྱད་པ»ཞེས་པར“ཁྲམ་དམར་པོ”དང“ཞུགས་ལོང་དམར་པོ”གཉིས་དོན་གཅིག་པར་ངོས་འཛིན་བྱས་ཡོད་དེ། “ཞུགས”ནི་མེ་ཡི་དོན་དང་། “ལོང”ནི་ཨ་ལོང་སྟེ་སྒོར་སྒོར་གྱི་དོན་དུ་འགྲེལ་ནས“ཞུགས་ལོང”ཞེས་པ་ནི་མེ་ཡིས་ཤིང་གི་སྣེ་མོར་བུ་ག་སྒོར་སྒོར་ཕུག་སྟེ་སྐུད་པ་བརྒྱུ་ས་བཟོས་ཡོད་པའི་ཁྲམ་ཤིང་སྟེ། སྐུ་སྲུང་དམག་མིའི་མིང་ཐོ་འབྲི་སའི་ཁྲམ་ཤིང་ལ་གོ་དགོས་ཞེས་མཆན་འགྲེལ་གནང་ཡོད[2]པ་དང་། “ཞུགས་ལོང་དམར་པོ”རྒྱ་ཡིག་ཏུ་སྒྱུར་དུས“红册子”ཞེས་བསྒྱུར་ཏེ། “ཁྲམ་དམར་པོ”དང་དོན་འདྲ་བར་སྐུ་སྲུང་དམག་གི་མཚོན་རྟགས་སམ་མིང་ཐོ་འགོད་སའི་ཁྲམ་ཤིང་ཡིན་ཚུལ་གསུངས་འདུག །རྒན་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱི«བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ»ནང“ཁྲམ་དམར་པོ”དང“ཞུགས་ལོང་དམར་པོ”གཉིས་ཡང་སྙིང་གང་ཡིན་པར་འགྲེལ་བཤད་གནང་མེད་ཀྱང་། “ཁབ་སོོ་ཁྲམ”ཞེས་པའི་ཐ་སྙད་ལ་འགྲེལ་བ་གནང་དུས་ཁྲམ་ནི་རི་མོའམ་ཡི་གེའི་རྟགས་སུ་བཀོད་པའི་ཤིང་དང་ལྕགས་རིགས་སོགས་ཀྱི་བྱང་བུ་ལ་འཇུག[3]ཅེས་འགྲེལ་འདུག་སྟེ། གོང་གི་རྒན་དབང་རྒྱལ་སོགས་དང་བཞེད་པ་གཅིག་མཐུན་དུ་སྣང་།
གཉིས། རྒྱལ་ཕྱིའི་མཁས་པའི་འགྲེལ་སྟངས།
པུའུ་ལན་ཏུན་ཏའོ་ཁེ་སེན(Brandon Dotson)ལགས་ཀྱི«བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཐོག་མའི་བསྒྱུར་འགྲེལ།-དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་བསྒྱུར་འགྲེལ»ཞེས་པའི་ནང་དུའང“ཁྲམ་དམར་པོ”ལ“Red tally”ཞེས་བསྒྱུར་ཡོད[4]དེ། གོང་གི་རྒན་དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་དང་བཞེད་པ་གཅིག་མཚུངས་སུ་སྣང་ཡང་། “ཞུགས་ལོང་དམར་པོ”དབྱིན་ཡིག་ཏུ་སྒྱུར་དུས“red fire-raising”[5]ཞེས་བསྒྱུར་ཡོད་དེ། དོན་ནི་མེ་སྒྲོན་ནས་དམག་བརྡ་གཏོང་བའི་ཕྱོགས་ལ་བཀྲལ་འདུག །དེ་དག་དང་ཅུང་མི་འདྲ་བ་ནི་འབྲི་གུང་སྐྱབས་མགོན་ཆེ་ཚང་གི་ལྟ་བ་སྟེ། ཁོང་གིས«བོད་བཙན་པོ་རྒྱལ་རབས»ནང“ཁྲམ་དམར་པོ”དང“ཞུགས་ལོང་དམར་པོ”གཉིས་ཀ་དོན་འདྲ་བར་སྐུ་སྲུང་དམག་གི་དཔུང་རྟགས་ཤིང་བྱང་དམར་པོ་ལ་གོ་དགོས་པར་བཀྲལ་འདུག །གོང་གི་རྒན་བསོད་ནམས་སྐྱིད་ཀྱི་དཔྱད་རྩོམ་དེར་འབྲི་གུང་སྐྱབས་མགོན་ཚང་གི་བཞེད་པ་དང་མཚུངས་པར“ཁྲམ་དམར་པོ”དང“ཞུགས་ལོང་དམར་པོ”གཉིས་དོན་གཅིག་ལ་ངོས་འཛིན་བྱས་ཡོད་མོད། “ཁྲམ་དམར་པོ”དང“ཞུགས་ལོང་དམར་པོ”ཞེས་པ་སྐུ་སྲུང་དམག་མིའི་དཔུང་རྟགས་ཤིང་བྱང་དམར་པོ་ལ་ངོས་བཟུང་ན་མི་འགྲིག་སྟེ། བཙན་པོའི་རྒྱལ་རབས་སྐབས་སུ་དཔུང་རྟགས་གནང་བ་ལ་ཡིག་གཙང་སྩལ་ཅེས་བརྗོད་བཞིན་ཡོད་པའི་ཕྱིར་ཞེས་གསུངས་ཡོད།
གསུམ། ཁྲམ་དམར་པོ་ཞེས་པར་གསར་དུ་དཔྱད་པ།
རྒན་བསོད་ནམས་སྐྱིད་ཀྱིས“ཁྲམ་དམར་པོ”དང“ཞུགས་ལོང་དམར་པོ”གཉིས་དོན་འདྲ་བ་དང་། དོན་ལ་མེ་ཡིས་ཤིང་གི་སྣེ་མོ་ལ་སྐུད་པ་བརྒྱུ་སའི་ཨ་ལོང་ཕུག་པའི་ཁྲམ་ཤིང་བཙན་པོའི་སྐུ་སྲུང་དམག་མིའི་མཚོན་རྟགས་ཤིག་གམ་མིང་ཐོ་འགོད་སའི་ཁྲམ་ཤིང་ལ་གོ་བ་ལེན་བཞིན་ཡོད། དེ་མིན་ཐོ་མ་སི(托马斯)ཡི་དཔྱད་རྩོམ«ཤིན་ཅང་ནས་རྙེད་པའི་བཙན་པོ་སྐབས་ཀྱི་ཡིག་ཆ་ལས་བོད་བཙན་པོའི་དམག་དཔུང»ཞེས་པར། “ཐང་རྒྱལ་རབས་ཀྱི་སྐབས་སུ། རྒྱལ་ཁབ་ལ་བཙན་འཛུལ་ཕོག་པའི་སྐབས་སུ་མེ་སྒྲོན་ནས་དམག་བརྡ་གཏོང་བཞིན་ཡོད་ལ། བོད་ཡིག་ནང་དུ་མེ་སྒྲོན་ནས་དམག་བརྡ་གཏོང་བ་ལ‘ཞུགས་ལོང’ཟེར་རོ། །དེ་ཏུན་ཧོང་གི་དོན་ཆེན་གནད་བསྡུས་ནང་དུ་ཐོན་ཡོད”[6]ཅེས་བཀོད་འདུག །འདིའི་ཐད་ཐོ་མ་སི་དང་པུའུ་ལན་ཏུན་ཏའོ་ཁེ་སེན(Brandon Dotson)གཉིས་ཀྱི་བསམ་ཚུལ་འདྲ་སྟེ། “ཞུགས་ལོང་དམར་པོ”དེ་མེ་སྒྲོན་ནས་དམག་བརྡ་གཏོང་བའི་དོན་དུ་བཀྲལ་ཡོད། ཞིབ་ཏུ་དཔྱད་ན་ལྟ་ཚུལ་འདི་གཉིས་ལས་རྒན་བསོད་ནམས་སྐྱིད་ཀྱི་འགྲེལ་སྟངས་དེ་ཅུང་དོན་ལ་གནས་པར་འདོད་དེ། རྒྱུ་མཚན་ནི«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»སུ“ཞུགས་ལོང་དམར་པོ་རྐང་ཏོན་གྱིས་པར་ལོ་གཅིག”[7]ཅེས་བཀོད་པ་ལས། རྐང་ཏོན་ནི་ཁྲལ་གྱི་ཚད་གཞི་ཡིན་པས། “ཞུགས་ལོང་དམར་པོ”ནི་སྐུ་སྲུང་དམག་ཡིན་པར་གོ་བ་བླངས་ཚེ། དེའི་ནང་དོན་ནི་དམག་ཁྲལ་བསྡུས་པའི་དོན་ལ་འགྲེལ་ཆོག་ལ། དེ་དང་འདྲ་བར«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»སུ“མུན་མག་གི་རྐང་ཏོན་བགྱིས།” ཞེས་ཀྱང་ཐོན་ཡོད་པས། འདི་གཉིས་གོ་བསྡུར་ནས་བལྟས་ཚེ། གོང་གི“ཞུགས་ལོང་དམར་པོ”དེ་རྒན་བསོད་ནམས་སྐྱིད་ཀྱི་འགྲེལ་སྟངས་དེ་དང་འཚམ་པ་ལས། མེ་སྒྲོན་ནས་དམག་བརྡ་གཏོང་བ་ལྟར་དུ་གོ་བ་བླངས་ཚེ་གོང་གི་ཚིག་སྔ་ཕྱི་འབྲེལ་ཐབས་མེད་པར་ཆགས་འགྲོ།
དེ་མིན་རྒན་བསོད་ནམས་སྐྱིད་ཀྱིས་ངོས་འཛིན་གནང་བའི་ཞུགས་ལོང་དམར་པོ་སྟེ། མེ་ཡིས་ཤིང་གི་སྣེ་མོ་ལ་སྐུད་པ་བརྒྱུ་སའི་ཨ་ལོང་ཕུག་པའི་ཁྲམ་ཤིང་དེ་དང་འདྲ་བ་མང་དག་ཅིག་ཤིན་ཅང་གི་མ་ཀྲ་ཐ་ཀོའི(麻扎塔格)གནའ་ཤུལ་ནས་རྙེད་ཡོད་པ་ལས་བདེན་དཔང་བྱས་ཡོད། ཁྲམ་ཤིང་དེའི་རིགས་ཀྱི་བྱེད་ནུས་གཙོ་བོ་གང་ཡིན་པའི་ཐད་ལ། ཉི་ཧོང་གི་མཁས་པ་ཝེ་ནེ་ཧྲོ་ཧྥིས(武内绍人)“ཤོག་བུ་གང་སར་བེད་སྤྱོད་གཏོང་བའི་སྐབས་སུ་ཡང་། ཁྲམ་ཤིང་འདིའི་རིགས་ལ་རང་དང་འཚམ་པའི་སྤྱོད་ནུས་ཤིག་ཡོད་དེ། གཙོ་བོར་སྲུང་ཤིང(符木)དང་དམག་མིའི་བྱང་བུ།(士兵牌) དམག་འདྲེན་བྱང་བུ(调兵牌)དང་མཚོན་བྱང(标签)སོགས་ལ་སྤྱོད་བཞིན་ཡོད་དེ། དེ་དག་གི་ཕྱི་དབྱིབས་ལ་འགྱུར་བ་བྱུང་དཀའ་བའི་ཁྱད་ཆོས་ཡོད་པ་མ་ཟད། བསྐྱར་དུ་བེད་སྤྱོད་གཏོང་ཆོག་ཅིང་། བེད་སྤྱོད་བྱས་ཚར་པའི་ཁྲམ་ཤིང་གི་ངོས་སུབ་ནས་ཡང་སྐྱར་སྟེང་དུ་ཡི་གེ་སོགས་བྲིས་ཆོག །དེ་མིན་ཁྲམ་ཤིང་རྙིང་པ་རྣམས་ཀྱིས་ཡོ་བྱད་ཆུང་ཆུང་བཟོས་ཆོག་པའོ། །”[8]ཞེས་གསལ་བཤད་གནང་འདུག །ལྟ་བ་འདི་རྒན་བསོད་ནམས་སྐྱིད་ཀྱི་ལྟ་བ་དང་གཅིག་མཚུངས་སུ་སྣང་བས། ཞུགས་ལོང་དམར་པོ་ནི་སྐུ་སྲུང་དམག་གི་མིང་ཐོ་འགོད་སའི་སྣེ་མོ་ཨ་ལོང་ བཏོད་ཡོད་པའི་ཁྲམ་ཤིང་ལ་གོ་ཤས་ཆེ་བར་འདོད། འབྲི་གུང་སྐྱབས་མགོན་ཆེ་ཚང་དང་རྒན་དབང་རྒྱལ་དང་བསོད་ནམས་སྐྱིད་སོགས་ཀྱིས“ཞུགས་ལོང་དམར་པོ”དང“ཁྲམ་དམར་པོ”ནི་ཁྲམ་ཤིང་རིགས་དེ་ལ་གོ་བཞིན་ཡོད་ཀྱང་། “ཁྲམ་དམར་པོ”ནི་གོང་གི་ཁྲམ་ཤིང་དེ་དག་དང་ཁྱད་པར་འདུག་སྙམ།“ཞུགས་ལོང་དམར་པོ”དང“ཁྲམ་དམར་པོ”གཉིས་ཀ་ཁྲམ་ཤིང་ལ་གོ་དགོས་པ་འདྲ་ཡང་གཉིས་ཀའི་སྤྱོད་སྒོ་མི་འདྲ་བར་སེམས་ཏེ། གཤམ་ནས“ཁྲམ་དམར་པོ”ཞེས་པར་ཕྱོགས་ཡོངས་ནས་དཔྱད་ན། “ཁྲམ་དམར་པོ”ཞེས་པ་ལས“ཁྲམ”གྱི་དོན་གོང་གི་ཏུན་ཧོང་ཡིག་རྙིང་གི«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ལ་མཆན་འགྲེལ་གནང་མཁན་གྱི་མཁས་པ་རྣམས་ཀྱི་བཞེད་དགོངས་ལ་གཞིགས་ཚེ། “ཁྲམ”ནི་ཤིང་ལེབ་ཆུང་ངུ་ལ་ཡི་གེ་དང་རི་མོ་བརྐོས་པ་ཞིག་དང་ཡང་ན་རི་མོའམ་ཡི་གེ་བཀོད་པའི་ཤིང་དང་ལྕགས་རིགས་ཆུང་ངུ་བྱང་བུ་བཟོས་པ་ཞིག་ལ་གོ་དགོས། གཤམ་དུ་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་མི་འདྲ་བའི་སྟེང་བྱུང་བའི“ཁྲམ”ཞེས་པའི་ཐ་སྙད་རེའུ་མིག་ཏུ་བཀོད་དེ་གཤིབ་བསྡུར་གྱིས་དཔྱད་ན། གོང་གི་རེའུ་མིག་ལས་བྱུང་བའི་དོན་ལ་དཔྱད་ཞིབ་བགྱིས་ཚེ་རྟོགས་ཐུབ་པ་ནི། གཅིག །“སྔ་སླད་ཁྲམ་བཏབ་སྟེ། །མི་འཆུགས་པར་བགྱི། །”ཞེས་དང“ཞིང་དོར་ཕྱེད་དང་དྲུག་དྲུག་མཉམ་བར་ཁྲམ་དུ་བཏབ་པ་ལས”ཞེས་པ་གཉིས་ལ་གཞིགས་ཚེ། “ཁྲམ་བཏབ”ཅེས་པ་ནི་མི་བརྗེད་པའམ་མི་འཆུག་པའི་སླད་དུ་རྟགས་སམ་རི་མོ་བཀོད་པའི་དོན་ལ་འཇུག་པ་བསྙོན་མེད་ཡིན། གཉིས། གོང་གི་ཤོག་དྲིལ་དུ“ཁྲམ་དམར་པོ”དང“ཁྲམ་སྐྱ”“ཁྲམ་ནག”སོགས་བྱུང་ཚུལ་ལ་བལྟས་ན“ཁྲམ”ལ་ཁ་དོག་མི་འདྲ་བ་རིགས་ཁ་ཤས་ཡོད་པ་ཤེས་ཐུབ། གསུམ། གོང་གི“ཆོས་ཀྱི་རྩིས་པ་དང་ཁྲམ་པ།པམ་མཁན”ཞེས་པར་གཞིགས་ཚེ་ཆེད་དུ་
ཡི་གེའམ་རི་མོ་རྣམས་རྟགས་སུ་འགོད་མཁན་གྱི་ཆེད་མི་ཞིག་ཀྱང་ཡོད་པ་གོ་ཐུབ། དེ་ལྟར་ཏུན་ཧོང་ཡིག་རྙིང་ཁྲོད་བྱུང་ བའི“ཁྲམ”ཞེས་པའི་ཐ་སྙད་བསྡུར་ན། “ཁྲམ”ལ་རྟགས་སམ་རི་མོ། ཡང་ན་ཡི་གེ་སོགས་ཀྱི་དོན་ཡོད་པ་ལས། “ཁྲམ”རང་སྟེང་དུ་ཤིང་དང་ལྕགས་སོགས་ཀྱི་སྟེང་དུ་ཡི་གེ་བཀོད་པའི་དོན་མེད་པར་འདོད་ཅིང་། དེ་ལྟར་ན“ཁྲམ་བཏབ”ཟེར་དུས་རྟགས་སམ་རི་མོ་བཀོད་པའི་དོན་ལས་གང་གི་ཐོག་ཏུ་བཀོད་པ་གསལ་པོ་བསྟན་མེད་དེ། «དག་ཡིག་ངག་སྒྲོན»ལས“ཁྲམ་ཁ་རི་མོའི་ཁྱད་པར”[9]ཞེས་པ་དང་། «དག་ཡིག་ཟ་མ་ཏོག»ཏུ“གོ་ཁྲབ་རི་མོའི་ཁྲམ་ཁ་དང་། །”[10]ཞེས་པར་གཞིགས་ཚེ། ཏུན་ཧོང་ཡིག་རྙིང་དང་མཚུངས་ པར“ཁྲམ”ཞེས་པ་རི་མོའི་དོན་དུ་གོ་བཞིན་པ་རྟོགས་ཐུབ།
ཕྱིས་སུ“ཁྲམ”ཟེར་བ་དེ“ཁྲམ་ཤིང་”ལ་གོ་དགོས་དོན་ནི། རྒྱའི་ཐང་ཡིག་གསར་རྙིང་ལས་བྱུང་བའི་སྤུ་རྒྱལ་གྱི་ལོ་རྒྱུས་ནང“རྒྱལ་དོན་སྐྱོང་བར་ཡི་གེ་མེད་ལ། ཐག་པ་ལ་མདུད་པ་དང་ཤིང་ལ་རྟགས་རྒྱབ་སྟེ་བརྩི།(其吏治,无文 字,结绳齿木为约。)”[11]ཞེས་འབྱུང་བ་བཞིན། བོད་དུ་ཡི་གེ་མེད་པའི་སྐབས་སུ་ཡང་དོན་དག་གལ་ཆེ་བའི་རིགས་མིའི་བློ་ངོ་ནས་བརྗེད་དོགས་ཏེ་ཤིང་གི་སྟེང་དུ་རྟགས་དང་རི་མོ་བརྐོས་ནས་དྲན་སྐུལ་བྱེད་པའི་སྲོལ་ཡོད་འདུག །དེ་མིན་བོད་ལ་ཤོག་བུ་བཟོ་རྩལ་ག་དུས་བྱུང་མིན་ཁ་གསལ་ཐབས་མེད། ཤོག་བུ་བཟོ་རྩལ་མ་དར་སྔོན་དུ་འཛམ་གླིང་མི་རིགས་གཞན་གྱི་ལོ་རྒྱུས་དང་འདྲ་བར། བོད་ལའང་རི་མོ་དང་ཡི་གེ་རྣམས་བྲག་ངོས་དང་། པགས་པ། ཤིང་སོགས་ཀྱི་སྟེང་དུ་འབྲི་བའི་སྲོལ་མཆིས། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ད་གཟོད་བོད་ཡིག་རྒྱ་ཁྱབ་ཏུ་དར་ནས་བཙན་པོ་གཞུང་གི་འདུན་མའི་ནང་དོན་ཏེ་དཔལ་འབྱོར་དང་ཆབ་སྲིད་དམག་དོན་བཅས་དང་འབྲེལ་ཡོད་ཀྱི་དོན་ཆེན་རྣམས་ཡི་གེར་ཕབ་པའི་སྲོལ་བྱུང་། དུས་དེར་ཤོག་བུ་ཡོད་མེད་ཆ་མ་འཚལ་ཏེ། ཡོད་པར་ངེས་ཀྱང་འབྲེལ་ཡོད་ཀྱི་དངོས་ཟོག་གི་བདེན་དཔང་དང་ཡིག་ཆ་ཁུངས་དག་མེད་པས་བཤད་དཀའ། ཁོ་བོས་ནི་སྔོན་ཤོག་བུའི་ལག་རྩལ་མ་དར་བའི་གོང་རོལ་དུ་ཤིང་གི་སྟེང་དུ་བཀོད་པའི་ཡི་གེའམ་རི་མོ་ལ་ཁྲམ་ཤིང་ཞེས་འབོད་སྲོལ་བྱུང་བར་སྙམ་ཞིང་། ཕྱིས་མངའ་ཁོངས་རྒྱ་བསྐྱེད་ཀྱི་གོ་རིམ་ཁྲོད་དུ། བཙན་པོའི་བཀའ་རྣམས་ཕྱོགས་བཞིའི་རྒྱལ་མཚམས་ཀྱི་བློན་ཆེན་དང་འབངས་མི་རྣམས་ལ་འགྲེམ་སྐབས་འཁྱེར་བདེ་བའི་ཆེད་དུ་ཤིང་བུ་ལེབ་མོའི་སྟེང་དུ་འབྲི་སྲོལ་བྱུང་བས། ཁྲམ་ཤིང་དེའང་ལེབ་མོ་ཆུང་ཆུང་བྱང་བུ་དང་འདྲ་བར་བཟོས་པས་ཁྲམ་བྱང་ཞེས་པའི་ཐ་སྙད་ཡང་རིམ་བཞིན་བྱུང་ཞིང་། རིམ་གྱིས“ཁྲམ”ཞེས་པའི་ཐ་སྙད་ཀྱི་ཐོག་མའི་གོ་དོན་དེ་ཡང་འགྱུར་ནས“ཁྲམ”ཞེས་པ་ནི་རི་མོའི་དོན་ནས་གོང་གི་མཁས་པ་རྣམས་ཀྱི་འགྲེལ་སྟངས་ལྟར་ཤིང་ལེབ་མོའི་སྟེང་ཡི་གེ་བྲིས་པའི་བྱང་བུའི་དོན་དུ་གྱུར་ལ། “ཁྲམ་ཤིང”ངམ“ཁྲམ་བྱང”ཞེས་པའི་ཐ་སྙད་དེ་ཡང་རིམ་བཞིན་ཆགས་པས། “ཁྲམ”གྱི་ཐོག་མའི་གོ་དོན་ནི་རྟགས་སམ་རི་མོའི་དོན་ཡིན་སྙམ་མོ། །
དེ་མིན«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»སུ“སྤྲེའུ་ལོ་ལ།བཙན་པོ་དབྱརད་བྱང་རོལདུ་གཤེགས་པ་ལས་སླར་འཁོར་ཏེ། ཕོ་བྲང་ར་མཚར་དུ་བཏབ། རྒྱའི་པོ་ཉ། ཅང་འགྭན་དང་། དུར་གྱི་ཕོ་ཉ་ཕྱག་འཚལད། ཡུལ་ཡུལ་དམག་མྱི་ཁྲམ་སྐྱ་བརྩིས།དགནུ་བཙན་པོ་པོ་བྲང་བྲག་མར་ན་བཞུགས། དགུན་འདུན་སྐྱི་ཤོ་མ་རར། བློན་ཆེན་པོ་ཅུང་བཟང་དང་བློན་སྐྱེས་བཟང་གཉིས་ཀྱིས་བསྡུསྟེ།དམག་མྱི་མཁོས་ཆེན་པོ་བགྱིསྟེ། བཙན་པོའི་བཀས་ཁྲམ་དམར་པོ་རྣམས་ཤོག་ཤོག་སེར་པོ་ལ་སྤོས་བར་ལོ་ཆིག”[12]ཅེས་བཀོད་པར་གཞིགས་ཚེ་ཡང་། སྤྲེའུ་ལོ་སྟེ་སྤྱི་ལོ744ལོར་བཙན་པོའི་བཀའ་ལ་བརྟེན་ནས་ཁྲམ་ཤིང་དུ་འདེབས་པའི་ཡི་གེ་རྣམས་ཤོག་ཤོག་སེར་པོར་སྤོས་པར་ཤེས་ལ། འདིའི་རྗེས་ཀྱི་ལོ་ཉེར་གཅིག་ལྷག་གི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ནང“ཁྲམ”ཟེར་བའི་ཐ་སྙད་གཅིག་ཀྱང་བྱུང་མེད་པར་གཞིགས་ན། སྤྱི་ལོ744ལོར་གཞི་ནས་ཤོག་ཤོག་སེར་པོས་ཁྲམ་ཤིང་གི་ཚབ་བྱས་པ་ཡང་ཟུར་ནས་རྟོགས་ཐུབ་ལ། དེའི་ཡར་སྔོན་ལ་དོན་ཆེན་རྣམས“ཁྲམ་དམར་པོའི”སྟེང་དུ་འདེབས་བཞིན་ཡོད་པ་ཤེས།
དེ་ཡང«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ནང“ཁྲམ་དམར་པོ”བཏབ་བམ་ཡང་ན“ཁྲམ་དམར་པོ་བརྩིས”ཞེས་ཐོན་ཡོད་དེ། དེ་མིན“ཡུལ་ཡུལ་དམག་མྱི་ཁྲམ་སྐྱ་བརྩིས”ཞེས་ཀྱང་ཐོན་ཡོད་པ་མ་ཟད། ཤོག་དྲིལITJ740སྟེང་དུ“ཁྲམ་ནག”ཅེས་ཀྱང་བྱུང་ཡོད། ཁྲམ་གྱི་རྗེས་སུ་ཁ་དོག་མཚོན་པའི་ཐ་སྙད་གསུམ་བྱུང་བར་གཞིགས་ཚེ། དམར་པོ་དང་སྐྱ་བོ་ནག་པོ་སོགས་ནི་རྟགས་སམ་རི་མོ། ཡི་གེ་སོགས་འགོད་སའི་བྱ་དངོས་ཀྱི་ཁ་དོག་ཏུ་གོ་བར་སྙམ་ལ། དེ་ལྟར་ན“ཁྲམ་དམར་པོ”ཟེར་བའི་སྐབས་སུ་རྟགས་སམ་རི་མོ་འགོད་སའི་བྱ་དངོས་དེ་ཤིང་ཡིན་པར་འདོད་དེ། རྒྱུ་མཚན་ནི1959ལོ་དང1973ལོ་གཉིས་ལ་ཤིན་ཅང་རོ་ཆང་རྫོང་མི་ལན་གནའ་ཤུལ(米兰遗址)དང་གུ་རོང་པོ་གནའ་ཤུལ(古戍堡遗址)གཉིས་ནས་བཙན་པོའི་སྐབས་ཀྱི་བོད་ཡིག་ཁྲམ་ཤིང་མང་དག་ཅིག་རྙེད་པ་ཡིན་ལ། དེ་དག་ད་ལྟ་མང་ཆེ་བ་ཤིན་ཅང་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། གཤམ་གྱི་འདྲ་པར་གཉིས(པར་རིས1)ནི་དངོས་མང་བཤམས་སྟོན་ཁང་གི་འདྲ་པར་ཡིན་ཏེ། ཁྲམ་ཤིང་དང་པོ་ནི་སྤྱིའི་ཆ་ནས་མཚོན་མདོག་དམར་པོ་ཡིན་ལ། མཐའ་བཞིའི་གནས་སུ་རིམ་བཞིན་རྩི་ཡལ་ཡོད་པ་མཐོང་ཐུབ། པར་གཉིས་པ་ནི་པར་དང་པོ་དང་བསྡུར་ན་ངོས་འཇམ་པོ་ཡིན་ལ། དེར་ཐེངས་མང་པོར་བེད་སྤྱོད་བཏང་བའི་རྟགས་མཚན་ཡོད་པར་འདོད་དེ། ཐོག་མར་དམར་པོ་ཡིན་པ་ལ་བསྐྱར་དུ་བེད་སྤྱོད་བཏང་བའི་སྐབས་སུ། སྟེང་གི་སྔོན་མ་ཡོད་པའི་ཡི་གེ་རྣམས་བརྡར་ནས་མེད་པར་བཟོས་རྗེས་ཡང་བསྐྱར་དེའི་སྟེང་དུ་ཡི་གེ་བཀོད་པ་ཡིན་པར་སྙམ། དེ་མིན་མ་ཀྲ་ཐ་ཀོའི་གུ་རོང་པོ་གནའ་ཤུལ(麻扎塔格的古戍堡遗址)ནས་རྙེད་པའི་དབྱིབས་ཁྱད་པར་ཅན་གྱི་ཁྲམ་ཤིང་དུ། ངོས་གཅིག་དམར་པོར་བྱས་ཡོད་པ་ལ་སྟེང་དུ“ནས”ཞེས་བྲིས་ཡོད་པ་དེ་ཡང་སྤྱི་ཆ་ནས་ཁ་དོག་དམར་པོར་ཡོད། དེ་ལས་གཞན་དབྱིན་ཇི་རུ་ཉར་ཚགས་བྱས་ཡོད་པའི་ཁྲམ་ཤིང(M.Tagh.a.I.0017)དང(M.I.xiv.124and129)གཉིས་ཀྱི་མདོག་དམར་པོ་ཡིན་ལ། མཚོ་སྔོན་ཞིང་ཆེན་ཏུའུ་ལན་ནས་རྙེད་པའི་ཁྲམ་ཤིང(99DRNM1:36)གི་མདོག་ཀྱང་དམར་པོ་ཡིན་པ་མ་ཟད། དབྱིན་ཇི་རུ་ཉར་ཚགས་བྱས་ཡོད་པའི་ཁྲམ་ཤིང་མང་པོ་ཞིག་གི་ཁ་དོག་ནི་སྤྱིའི་ཆ་ནས་དམར་པོའམ་ཡང་ན་དམར་པོ་ལས་རིམ་བཞིན་མདོག་ཡལ་པའི་ཚུལ་ལ་གཞིགས་ཚེ། སྔོན་ནས་ཁྲམ་ཤིང་དམར་པོའི་སྟེང་དུ་ཡི་གེ་འགོད་སྲོལ་ཡོད་པ་རྟོགས་ཐུབ་པས། དོན་ཆེན་གནད་བསྡུས་ནང་བྱུང་བའི“ཁྲམ་དམར་པོ”བཏབ་ཟེར་བ་དེའང་བཙན་པོའི་གཞུང་གིས་ཤིང་གསར་པ་ཁ་དོག་དམར་པོའི་སྟེང་དུ་ཡི་གེ་བཏབ་པར་གོ་སྙམ།
དུས་རབས་བརྒྱད་པ་ནས་དགུ་པའི་དུས་དཀྱིལ་བར་དུ་བཙན་པོའི་རྒྱལ་རབས་ཀྱིས་ད་ཆ་ཤིན་ཅང་ཁོངས་གཏོགས་སུ་གྱུར་པའི་ལི་ཡུལ་དང་ལོ་པོ་ཆུ་བོའི(罗布泊)འབབ་རྒྱུད་ཀྱི་ས་ཆ་མང་པོ་ཆབ་འོག་ཏུ་བསྡུས་པའི་ལོ་རྒྱུས་ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་དང་ཐང་ཡིག་གསར་རྙིང་དུ་གསལ་ལ། ཤིན་ཅང་ནས་རྙེད་པའི་ཁྲམ་བྱང་དེ་དག་ཀྱང་སྐབས་དེར་བྱུང་བ་བསྙོན་མེད་ཡིན། བཙན་པོའི་གཞུང་གི“ཁྲམ་དམར་པོ”རྣམས་སྐབས་འགར་མཐའ་བཞིའི་སོ་མཚམས་སྲུང་མཁན་རྣམས་ལ་བཀའ་བསྒྲགས་པའི་ཆེད་དུ་ཕན་ཚུན་གཏོང་སྐྱེལ་བྱས་ཡོད་ཀྱང་སྲིད་ལ། དེ་དག«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»སུ་ བྱུང་བའི“ཁྲམ་དམར་པོ”དང་ཡོངས་སུ་མཚུངས་མིན་ཆ་མ་འཚལ་ཡང་། ཕྱོགས་མཚུངས་ངེས་པ་གདོན་མི་ཟ་བས། «དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ལས་བྱུང་བའི“ཁྲམ་དམར་པོ”ཞེས་པའང་ཤིང་བྱང་དམར་པོའི་སྟེང་དུ་ཡི་གེ་བཀོད་པའི་དོན་ལ་འཇུག་པར་སྙམ་མོ། །
[པར་རིས1 ཤིན་ཅང་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པའི་ཁྲམ་ཤིང་།]
[པར་རིས2 དབྱིན་ཇི་རུ་ཉར་ཚགས་བྱས་ཡོད་པའི་ཁྲམ་ཤིང་ཨང་རྟགསM.Tagh.a.l.0017]
[པར་རིས3 དབྱིན་ཇི་རུ་ཉར་ཚགས་བྱས་ཡོད་པའི་ཁྲམ་ཤིང་ཨང་རྟགསM.l.xiv.124and129]
[པར་རིས4 མཚོ་སྔོན་ཞིང་ཆེན་ཏུའུ་ལན་ནས་རྙེད་པའི་ཁྲམ་ཤིང་ཨང་རྟགས། (99DRNM1:36)]
དེ་མིན«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ནང“ཁྲམ་དམར་པོ་བཏབ”དང་ཡང་ན“ཁྲམ་དམར་པོ་བརྩིས”ཞེས་པའི་ཚིག་དེ་འདུན་མ་བསྡུས་རྗེས་སུ་ཐོན་བཞིན་ཡོད་ལ། “སྟག་གི་ལོ་ལ་བབསྟེ།…དབོན་བ་རྒྱལ་དང་བློན་ཆེ་ཁྲི་འབྲིང་གྱིས།རྩང་གྱི་གླིང་ཀར་ཚལ་དུ་བསྡུསྟེ།རྩང་ཆེན་པོའི་ཁྲམ་དམར་པོ་བཏབ།…འབྲུག་གི་ལོ་ལ་བབསྟེ།… དགུན་འདུན་སྐྱི་གླིང་རིངས་ཙལ་དུ་འདུསྟེ། ཁྲམ་དམར་པོ་བཏབ། …ལུག་གི་ལོ་ལ་བབ།དབྱར་འདུན་ལྷ་གབ་དུ་འབོན་ད་རྒྱལ་དང་།བློན་ཆེན་པོ་ཁྲི་གཟིགས་གྱིས་བསྡུསྟེ།མངན་གྱི་ཁབ་སོོ་ཁྲམ་སྤོས།…སྤྲེའུ་ལོ་བབ་སྟེ།དབྱར་འདུན་མཁྲིས་ཕ་ཏང་དུ་བློན་ཆེན་པོ་ཁྲི་གཟིགས་གྱིས་བསྡུསྟེ།སྐུ་སྲུངས་གྱི་ཁྲམ་དམར་ཕོ་བརྩིས།…བྱི་བའི་ལོ་ལ།…དགུན་འདུན་སྐྱི་དྲ་ཙལ་དུ་འབོན་ད་རྒྱལ་དང་། བློན་ཆེན་ཕོ་ཁྲི་གཟིགས་གྱིས་བསྡུསྟེ།རུ་གསུམ་གྱི་ཁྲམ་དམར་པོ་བཏབ་བརྩིས།…རྟའི་ལོ་ལ།…དབྱར་འདུན་གྲོ་པུར་ཞང་བཙན་ཏོ་རེ་དང་།བློན་ཁྲི་སུམ་རྗེ་རྩང་བཞེར་གྱིས་བསྡུསྟེ།དགས་པོ་ཁྲམ་དམར་པོ་བཏབ།…སྤྲེའུ་ལོ་ལ།…དགུན་འདུན་སྐྱི་ཤོ་མ་རར།བློན་ཆེན་པོ་ཅུང་བཟང་དང་བློན་སྐྱེས་བཟང་གཉིས་ཀྱིས་བསྡུསྟེ།དམག་མྱི་མཁོས་ཆེན་པོ་བགྱསྟེ།བཙན་པོ་བཀས་ཁྲམ་དམར་པོ་ཤོག་ཤོག་སེར་པོ་ལ་སྤོས་པར་ལོ་ཆིག”[13]ཅེས་འདུན་མ་བསྡུས་པའི་རྗེས་སུ་ཁྲམ་དམར་པོ་འདེབས་བཞིན་ཡོད་པར་གཞིགས་ཚེ། ཁྲམ་དམར་པོའི་སྟེང་དུ་འདེབས་པའི་ནང་དོན་ནི་འདུན་མ་བསྡུས་པའི་ནང་དོན་གལ་ཆེན་རྣམས་མི་བརྗེད་པ་དང་། ཡང་ན་བཙན་པོའི་མངའ་ཁོངས་ཀྱི་འབངས་མི་དང་། དེ་མིན་མཐའ་བཞིའི་སོ་ཁ་སྲུང་བའི་དམག་དཔོན་དང་བློན་པོ་རྣམས་ལ་འགྲེམ་དགོས་པ་སོགས་རྐྱེན་དུ་མའི་དབང་གིས“ཁྲམ་དམར་པོའི”སྟེང་དུ་བཏབ་པར་གོ་བ་ལས། “ཁྲམ་དམར་པོ་བཏབ”ཟེར་བ་དེ“ཞུགས་ལོང་དམར་པོ”དང་འདྲ་བར་སྐུ་སྲུང་དམག་གི་མིང་རྟགས་འགོད་སའི་ཁྲམ་ཤིང་ལ་གོ་མི་རུང་། ཤིན་ཅང་ནས་རྙེད་པའི་ཁྲམ་ཤིང་དང«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ནང་གསལ་བའི“ཁྲམ་དམར་པོ”གཉིས་གཅིག་པ་ཡིན་མི་སྲིད་ཀྱང་། དེ་དག་ཀྱང་བཙན་པོའི་སྐབས་ཀྱི་ཁྲམ་ཤིང་ཡིན་པས། འདི་དག་ལས་བཙན་པོ་གཞུང་གི་ཁྲམ་ཤིང་སྟེང་དུ་ག་རེ་འགོད་བཞིན་ཡོད་པ་ཟུར་ཙམ་རྟོགས་ནུས་པར་བསམས། རྒན་དབང་རྒྱལ་ལགས་ཀྱི«བཙན་པོའི་སྐབས་ཀྱི་ཁྲམ་བྱང་ཕྱོགས་བསྒྲིགས»ནང་དུ་ཁྲམ་ཤིང་གི་ནང་དོན་དེ་དཔལ་འབྱོར་དང་དམག་དོན། རུས་རྒྱུད། གཞུང་ཡིག །ཆོས་ལུགས། གཞན་དག་བཅས་རིགས་ལྔ་རུ་ཕྱེ་ཡོད[14]དེ། དང་པོ་དཔལ་འབྱོར་སྐོར་བཀོད་པའི་ཁྲམ་ཤིང་དེ་ནང་གསེས་སུ་ས་ཞིང་དང་འབྲུ་རིགས། ཁྲལ་བསྡུ་བཅས་རིགས་གསུམ་དུ་ཕྱེ་ཡོད། དེའི་ནང་གཙོ་བོ་ས་གནས་དེ་གའི་ཐོན་སྐྱེད་དང་དོ་དམ་གྱི་སྒྲིག་གཞི། འབྲུ་རིགས། ཁྲལ་དང་ས་ཞིང་བོགས་མར་བཏང་བའི་སྐོར་བཀོད་འདུག །གཉིས་པ་དམག་དོན་གྱི་ཁྲམ་ཤིང་སྟེང་དུ་གཙོ་བོ་བཙན་པོའི་དམག་ནུབ་ལྗོངས(西域)སུ་བསྐྱོད་པའི་གནས་ཚུལ་བཀོད་ཡོད། རིགས་གསུམ་པའི་ནང་དུ་གཙོ་བོ་རུས་རྒྱུད་ཚོ་པ་ཁག་གི་མིང་དང་ས་མིང་འགའ་བཀོད་ཡོད། བཞི་པ་གཞུང་ཡིག་གི་ཁྲམ་ཤིང་དུ་གཙོ་བོ་བོད་བཙན་པོས་ ཤིན་ཅང་དུ་དབང་སྒྱུར་སྐབས་དཔོན་རིགས་བར་གྱི་བཀའ་དང་ཡར་ཞུ་གནང་བའི་སྙན་ཞུ་སོགས་རེད། ཆོས་ལུགས་དང་འབྲེལ་ཡོད་ཀྱི་ཁྲམ་ཤིང་གཙོ་བོ་བོན་ཆོས་དང་འབྲེལ་བའི་མོ་ཚིག་བཀོད་འདུག །གོང་གི་ཤིན་ཅང་ནས་རྙེད་པའི་ཁྲམ་ཤིང་དེ་དག་གི་ནང་དོན་ལ་བལྟས་ཚེ། བཙན་པོའི་སྐབས་ཀྱི་ཁྲམ་ཤིང་སྟེང་དུ་དམག་དོན་ཁོ་ན་མ་ཡིན་པར་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་གནས་ཚུལ་ཡང་འགོད་བཞིན་ཡོད་པ་བདེན་དཔང་བྱེད་ཐུབ། དེ་བས“ཁྲམ་དམར་པོ་བཏབ”ཅེས་པ་ནི་འདུན་མའི་ནང་དོན་གལ་ཆེན་རྣམས་ཁྲམ་དམར་པོའི་སྟེང་དུ་བྲིས་པའི་དོན་དང་། “ཁྲམ་དམར་པོ་བརྩིས”ཟེར་བ་སྔོན་གྱི་ཁྲམ་དམར་པོའི་སྟེང་དུ་བཏབ་པ་དེ་བསྐྱར་ཞིབ་བམ་རྩིས་བཤེར་བྱས་པའམ་སྔོན་གྱི་འགྲོ་ལུགས་ལ་དཔེ་བལྟ་བའི་ཆེད་དུ་བསྐྱར་ཞིབ་བྱས་པའི་དོན་ལ་འགྲོ་ཤས་ཆེའོ། །
དེའི་ཕྱིར། «དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས»ལས་བྱུང་བའི“ཁྲམ་དམར་པོ”ཞེས་པར་གསར་དུ་དཔྱད་པ་ བཏང་ཚེ། “ཁྲམ”གྱི་ཐོག་མའི་གོ་དོན་ནི་རྟགས་སམ་རི་མོའི་དོན་ཡིན་པ་ལས། ཐད་ཀར་དུ་ཁྲམ་ཤིང་དུ་གོ་མི་རུང་བ་སྟེ། ཁྲམ་ནི་རྟགས་སམ་རི་མོའམ་ཡང་ན་ཡི་གེའི་དོན་དུ་འགྲོ་བ་དང་། དམར་པོ་ནི་རྟགས་སམ་རི་མོ་འགོད་སའི་བྱ་དངོས་ཀྱི་ཁ་དོག་ལ་གོ་དགོས་ཏེ། བྱ་དངོས་དེ་གང་ཡིན་པའི་ཐད་ལ་ཤིན་ཅང་ནས་རྙེད་པའི་ཁྲམ་ཤིང་གི་ཁ་དོག་དམར་པོར་མངོན་པ་རྒྱུ་མཚན་དུ་བྱས་ན་འགོད་སའི་བྱ་དངོས་དེ་ཤིང་ཡིན་པར་འདོད། ཁྲམ་དམར་པོ་ཟེར་དུས་ཁྲམ་ཤིང་དམར་པོའི་དོན་དུ་གོ་བ་དང་། དེའི་སྟེང་དུ་འདུན་མ་བསྡུས་རྗེས་སུ་འདུན་མའི་ནང་དོན་ཏེ། བཙན་པོའི་རྒྱལ་རབས་ཀྱི་རྒྱལ་དོན་དང་འབྲེལ་ཡོད་ཀྱི་ཆབ་སྲིད། དཔལ་འབྱོར། དམག་དོན་སོགས་གལ་ཆེན་རྣམས་སྟེང་དུ་འགོད་བཞིན་ཡོད་པས། “ཞུགས་ལོང་དམར་པོ”དེ་སྐུ་སྲུང་དམག་མིའི་མིང་ཐོ་འགོད་སའི་ཁྲམ་ཤིང་དང་རྩ་བའི་ཁྱད་པར་ཡོད་པར་སེམས་སོ། །
མཇུག་སྡུད་པའི་གཏམ།
སྔ་རབས་ཏུན་ཧོང་ཡིག་རྙིང་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས“ཁྲམ”ནི་ཐད་ཀར་དུ་ཁྲམ་ཤིང་ལ་གོ་བཞིན་ཡོད་ཀྱང་། ཏུན་ཧོང་ཡིག་རྙིང་དུ་ཐོན་པའི“ཁྲམ”ཞེས་པའི་ཐ་སྙད་རྣམས་ཞིབ་བསྡུར་དང་སྔོན་གྱི་དག་ཡིག་ཁྲོད་བྱུང་ བའི“ཁྲམ”གྱི་འགྲེལ་རྒྱག་སྟངས་གཉིས་ཟུང་འབྲེལ་བྱས་ཏེ་དཔྱད་ན། “ཁྲམ”ཟེར་བ་ནི་རྟགས་སམ་རི་མོའི་དོན་ལ་གོ་དགོས་པ་ལས། ཐད་ཀར་དུ་ཁྲམ་ཤིང་ལ་གོ་མི་རུང་བ་དང་། “ཁྲམ”དང“དམར་པོ”གཉིས་ལྷན་གཅིག་ཏུ་སྦྱར་བའི་སྐབས་སུ་ད་གཟོད་ཁྲམ་ཤིང་དམར་པོར་གོ་དགོས་པར་འདོད། གཞན་དོན་ཆེན་གནད་བསྡུས་ནང་གསལ་བའི“ཁྲམ་དམར་པོ”དང་ཤིན་ཅང་ནས་རྙེད་པའི་ཁྲམ་ཤིང་སྟེང་དུ་བཀོད་པའི་ནང་དོན་གཉིས་ཟུང་དུ་སྦྲེལ་ཚེ། “ཁྲམ་དམར་པོ་བཏབ”ཟེར་བ་ནི་རྒྱལ་དོན་འདུན་མའི་ནང་དོན་གལ་ཆེན་རྣམས་ཁྲམ་ཤིང་དམར་པོའི་སྟེང་དུ་བཀོད་པའི་དོན་ཡིན་པ་ལས། སྐུ་སྲུང་དམག་མིའི་དཔུང་རྟགས་ཤིང་བྱང་དམར་པོའམ་ཡང་ན་ཞུགས་ལོང་དམར་པོ་དང་འདྲ་བར་སྐུ་སྲུང་དམག་མིའི་མིང་ཐོ་འགོད་སའི་ཁྲམ་ཤིང་ལྟར་གོ་བ་ལེན་མི་རུང་བར་འདོད་དོ། །མཆན་འགྲེལ།
[1] དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ལས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1980:171.
[2] 陈践 . 敦煌古藏文中 “ཞུགས་ལོང་དམར་པོ” 疏译 [J]. 民族翻译,2018:32-35.
[3] གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017:103.
[4] Brandon Dotson The Old Tibetan Annals-An Annotated Translation of Tibet’s First History [M] Verland der Ostereichichen Akademie der Wissen schaften, Wien 2009:257.
[5] Brandon Dotson The Old Tibetan Annals-An Annotated Translation of Tibet’s First History ནང“ཞུགས་ལོང་དམར་པོ”ཞེས་པ་དོན་གང་ཡིན་ཁ་ཚོན་གཅོད་ཐུབ་མེད་ལ། ཧ་ལམ་མེ་སྒྲོན་ནས་དམག་བརྡ་གཏོང་བའི་དོན་དུ་གོ་ན་འགྲིག་ཅེས་བརྗོད་འདུག ། (conscription the transport Network and the Alere system)
[6] 王尧,主编 . 国外藏学译文集 • 第五辑 [G]. 拉萨:西藏人民出版社,1989:26-39.
[7] དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1980:22.
[8] 武内绍人著,朱悦梅译 . 吐蕃在于阗罗布泊的军事体系及活动 [J]. 吐鲁番研究,2013(1):91-104.
[9] དཔལ་ཁང་ལོ་ཙཱ་བ། དག་ཡིག་ངག་གི་སྒྲོན་མེའི་རྩ་བ་དང་འགྲེལ་བ། [M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། 2000:63.
[10] ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོ་སོགས། དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ།(བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་བཀོད་པ་ཞེས་བྱ་བ) [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002:42.
[11] 罗广武 . 两唐书吐蕃传译注 [M]. 北京:中国藏学出版社,2014:178.
[12] དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1980:35.
[13] དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1980:21-35.
[14] 王尧,陈践,编著 . 吐蕃简牍综录 [M]. 北京:文物出版社,1986:1-3.
རྩོམ་པ་པོ་བན་དེ་བྱམས་ལགས་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི2019ལོའི་བོད་རིག་པའི་ཆེད་ལས་ཀྱི་རབ་འབྱམས་སློབ་མ་ཡིན།
འབྲེལ་ཡོད་འོས་སྦྱོར།