logo

༄༅། །བོད་བཙན་པོའི་དུས་ཀྱི་དཔེ་ཆའི་དཀར་ཆག་སྐོར་ཅུང་ཙམ་གླེང་བ།

རྩོམ་པ་པོ།:ཏཱ་དབེན་ཤེར་དབང་། ཡོང་ཁུངས།:ལུག་ཚང་དཔལ་ཡོན། དུས་ཚོད།:2021-11-26 ཀློག་གྲངས།:
༄༅། །བོད་བཙན་པོའི་དུས་ཀྱི་དཔེ་ཆའི་དཀར་ཆག་སྐོར་ཅུང་ཙམ་གླེང་བ།
ཏཱ་དབེན་ཤེར་དབང་།

        ཡོངས་གྲགས་སུ་བོད་ཀྱི་ཡིག་ཆའི་དཀར་ཆག་ཐོག་མ«འཕང་ཐང་མ»དང«ལྡན་དཀར་མ།» «མཆིམས་ཕུ་མ»གསུམ་བགྲང་སྲོལ་ཡོད་ཅིང་དཀར་ཆག་དེ་གསུམ་ལ་བསྟན་པ་སྔ་དར(༢༢༢)གྱི་དཀར་ཆག་རྣམ་གསུམ་ཞེས་ཀྱང་འབོད༑ «དཀར་ཆག་ལྡན་དཀར་མ»མ་གཏོགས་གཞན་གཉིས་མཁས་པ་ཕལ་གྱི་མཇལ་ཡུལ་དུ་གྱུར་མ་ཐུབ་པས་བོད་རིག་པ་བ་མང་པོ་ཞིག་གིས་ད་ལྟ་བཞུགས་མེད་ཚུལ་བརྗོད(༢༢༣)ཡོད༑ འོན་ཀྱང་། སྤྱི་ལོ2002ལོར་བོད་ལྗོངས་ནས«དཀར་ཆག་འཕང་ཐང་མ»རྙེད་སོན་བྱུང་ཞིང2003ལོར་མི་རིགས་དཔེ་སྐྲུན་ཁང་གིས«སྒྲ་སྒྱུར་བམ་གཉིས»དང་མཉམ་དུ་པར་སྐྲུན་བྱས་འདུག ༑དཀར་ཆག་གི་མ་དཔེ་ད་ལྟ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པར་གྲགས༑ དེར་བརྟེན། མིག་སྔར་མཇལ་ཡུལ་དུ་མ་བཞུགས་པ་ནི«མཆིམས་ཕུ་མ»ཁོ་ནའོ། །དཀར་ཆག་དེ་གསུམ་བཙན་པོ་སུ་ཞིག་གི་སྐུ་དུས་བྱུང་བ་དང་བསྒྲིགས་མཁན་སུ་ཞིག་ཡིན་པ་སོགས་མཁས་པ་རྣམས་ལྟ་ཚུལ་མི་མཐུན་པ་སྣ་ཚོགས་བྱུང་ཡོད་པས་བཤམ་དུ་ང་ཚོས་དཀར་ཆག་དེ་གསུམ་གྱི་ཐད་ནས་ཅུང་ཟད་གླེང་བར་བྱའོ། །
        དེ་ཡང་དཀར་ཆག«ལྡན་དཀར་མ»སྡེ་དགེའི་བསྟན་འགྱུར་དང་ཅོ་ནེའི་བསྟན་འགྱུར། སྣང་ཐང་བསྟན་འགྱུར། པེ་ཅིང་བསྟན་འགྱུར་བཅས་ཀྱི་ཁོངས་སུ་བསྡུས་ཏེ་པར་སྐྲུན་བྱས་པས་མིག་སྔར་བོད་རིག་པའི་ཁྱབ་ཁོངས་སུ་སྐད་གྲགས་ཆེ་ཙམ་བྱུང་འདུག་ལ། སྡེ་དགེ་དང་ཅོ་ནེའི་བསྟན་འགྱུར་དུ་དཀར་ཆག་འདི་ཡི་མཚན་ལ«ཕོ་བྲང་སྟོང་ཐང་ལྷན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་བཞུགས»(༢༢༤)ཞེས་འཁོད་པས༑ ཉེ་ལམ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས«བསྟན་འགྱུར།•དཔེ་བསྡུར་མ»(༢༢༥)པར་སྐྲུན་བྱེད་སྐབས་སྡེ་དགེ་དང་ཅོ་ནེའི་པར་མ་ལྟར་བཀོད་གནང་ཡོད༑ འོན་ཀྱང་། བུ་སྟོན་རིན་ཆེན་གྲུབ་ཀྱིས“ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དཀར་ཆག”(༢༢༦)ཅེས་ཕོ་བྲང་ལྷན་དཀར་ཞེས་པའི་དོད་དུ་ལྡན་དཀར་བྲིས་མཛད་པར་བརྟེན། ད་སྐབས་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་དེ་ཉིད་དག་པར་བྱས་ཏེ«དཀར་ཆག་ལྡན་དཀར་མ»ཞེས་བཀོལ་གྱི་འདུག་མོད། ད་དུང་ལེགས་པར་དཔྱད་འོས་པ་ལས་མཐའ་གཅིག་ཏུ་ཕྱི་མའི་རྗེས་སུ་འབྲང་རྐྱང་བྱེད་པ་ཅུང་ཟད་མི་བདེ་བར་སྣང་༑ རྒྱུ་མཚན་ནི་ཡིག་ཆ་ཅུང་རྙིང་གྲས(༢༢༧)དག་ཏུ་ཕོ་བྲང་ལྷན་དཀར་ཞེས་གསལ་བས་སོ། །དེ་ལྟར་ན་ཡང་གནས་སྐབས་དཔྱད་གཞི་དཀོན་པའི་རྐྱེན་གྱིས་རེ་ཞིག་ཡོངས་གྲགས་ལྟར«དཀར་ཆག་ལྡན་དཀར་མ»ཞེས་བཀོལ་བ་ལས་ཐབས་གཞན་མ་མཆིས༑
        «དཀར་ཆག་ལྡན་དཀར་མ»ཡི་དབུར“ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་ཏེ། བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ལ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན། སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང་། བནྡེ་ཀླུའི་དབང་པོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་། མཚན་བརྒྱ་རྩ་བརྒྱད་དང་། བསྟོད་པ་དང་། སྨོན་ལམ་དང་། བཀྲ་ཤིས་དང་། འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་ཊཱི་ཀཱ་དང་། དབུ་མའི་བསྟན་བཅོས་དང་། བསམ་གཏན་གྱི་ཡི་གེ་དང་། རྣམ་པར་ཤེས་པའི་བསྟན་བཅོས་དང་། ཏར་ཀའི་གཞུང་ལ་སོགས་པ་བོད་ཁམས་སུ་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤློ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ”(༢༢༨)ཞེས་གསལ་པོར་འཁོད་པ་ལྟར། དཀར་ཆག་འདི་ཉིད་ནི་འབྲུག་གི་ལོ་ལ་སྒྲ་སྒྱུར་ཀ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་དབང་པོ་ལ་སོགས་ཀྱིས་བསྒྲིགས་པ་ཤེས་ཐུབ༑ འོན་ཀྱང་། དཀའ་རྙོག་ཅིག་ནི་ཁོད་པོ་བློ་གྲོས་ཐོག་མེད་ཀྱིས་གཏེར་ནས་བཞེས་པའི་བོན་གྱི་དཔེ་ཆ«སྲིད་པ་རྒྱུད་ཀྱི་ཁ་བྱང»(༢༢༩)དང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི«གླིང་གཞི་བསྟན་པའི་འབྱུང་ཁུངས།»(༢༣༠) ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི«ལེགས་བཤད་མཛོད»(༢༣༡)སོགས་བོན་གྱི་ཡིག་ཆ་དང་བསྟན་འབྱུང་ཁག་ཏུ་ཀ་ཅོག་གཉིས་ཁྲི་སྲོང་སྡེ་བཙན་སྐུ་དུས་བན་བོན་འཁྲུགས་རྩོད་ཁྲོད་ཀྱི་མི་སྣ་ཞིག་ཡིན་ཚུལ་གསལ་བ་བཞིན། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི«བུ་སྟོན་ཆོས་འབྱུང»(༢༣༢)དང་དཔའ་བོ་གཙུག་ལག་ཕྲེང་བའི«ཆོས་འབྱུང་མཁས་པའི་དགའ་སྟོན»དུ། “སྤྱིར་ཁྲི་སྲོང་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང་། ཕྱིས་མཆིམས་ཕུ་མ་དང་འཕང་ཐང་མ་སྟེ་གསུམ་དུ་བྱུང་ལ་བཀོར་མཛོད་དུ་བཀའ་གཙིགས་ཀྱི་ཟླ་ལ་གཅེས་སྤྲས་སུ་འཇོག་གོ”(༢༣༣)ཞེས། «དཀར་ཆག་ལྡན་དཀར་མ»ཁྲི་སྲོང་གི་དུས་སྐབས་བྱུང་ཞིང་དེའི་རྗེས་སུ«དཀར་ཆག་མཆིམས་ཕུ་མ»དང«འཕང་ཐང་མ»བྱུང་བར་བཞེད་འདུག་པས། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས«དེབ་ཐེར་དམར་པོའི་མཆན་འགྲེལ»(༢༣༤)འགོད་སྐབས་ལུགས་དེ་ཉིད་འཐད་ལྡན་དུ་བཞེད་འདུག་པ་དེ་ལགས༑
        དེ་ལྟར་ན་ཡང་འཇར་པན་ཨོ་ཐ་ནའི་གཙུག་ལག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས«བསྟན་པ་སྔ་དར་གྱི་ཆོས་འབྱུང་འབྲེལ་ཡོད་དང་བཅས་པའི་དུས་རབས་ཀྱི་མཐའ་དཔྱོད་འཕྲུལ་གྱི་མེ་ལོང»(༢༣༥)དང་། «ཡུལ་གངས་ཅན་གྱི་བཀའ་བསྟན་དཀར་ཆག་དང་བཅས་པའི་ལོ་རྒྱུས་རགས་ཙམ་བརྗོད་པ་སྣར་ཐང་དྲན་དབྱངས»(༢༣༦)ཞེས་པའི་རྩོམ་ཡིག་གཉིས་བྲིས་ཏེ། བོད་བཙན་པོའི་སྐབས་ཀྱི་དཀར་ཆག་རྣམ་གསུམ་དང་བསྟན་པ་ཕྱི་དར་གྱི་བཀའ་བསྟན་དཀར་འབྲི་བཞེངས་དང་དཀར་ཆག་གི་སྐོར་ཞིབ་འཇུག་གནང་འདུག ༑དེ་ཡང་ཁོང་གིས“རང་རེའི་ཕྱིས་ཀྱི་ལོ་རྒྱུས་ཁག་ཏུ་ཀ་ཅོག་ཞང་གསུམ་ཁྲི་སྲོང་གི་སྐུ་དུས་ཀྱི་ལོ་ཙཱ་བ་ཡིན་པའི་ཐོག་ཀ་ཅོག་གཉིས་ཞང་གི་གོང་དུ་འགོད་སྲོལ་འདུག་ཀྱང་། དོན་ལ་ཞང་ཡེ་ཤེས་སྡེ་ནི་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་ཀྱི་ལོ་ཙཱ་བ་དང་། ཀ་ཅོག་གཉིས་ཁྲི་རལ་གྱི་སྐུ་དུས་ཀྱི་ལོ་ཙཱ་བ་ཡིན་པ་རེད། དེའི་རྒྱུ་མཚན་གསལ་ཤོས་གཅིག་ནི་གོང་གི་ལོ་རྒྱུས་དེ་དག་ལས་རྙིང་པ་ས་སྐྱ་པ་རྗེ་བཙུན་བསོད་ནམས་རྩེ་མོས(1142—1182)མཛད་པའི«ཆོས་ལ་འཇུག་པའི་སྒོ»(ང་ལྔ་བཅུ་ff.312b—313a2.)ལས། ཁྲི་ལྡེ་སྲོང་བཙན་ཞེས་བྱ་བའི་སྐུ་རིང་ལ་སྐར་ཆུང་ལ་སོགས་པའི་གཙུག་ལག་ཁང་ཡང་བཞེངས། རྒྱ་གར་གྱི་མཁན་པོ་ཛྙཱ་ན་སེ་ན་ལ་སོགས་པ་སྤྱན་དྲངས། སྒྱུར་བྱེད་དམ་པ་ཡེ་ཤེས་སྡེ་ལ་སོགས་པས་སྔར་མ་བསྒྱུར་བ་རྣམས་ཀྱང་བསྒྱུར། བསྒྱུར་བ་རྣམས་ཀྱང་སྐད་གསར་བཅད་ཀྱིས་དག་པར་བྱས་ཏེ་རྒྱས་པར་མཛད་དོ། །(f.313a1)དེའི་སྲས་ཁྲི་གཙུག་ལྡེ་བཙན་གྱི་སྐུ་རིང་ལ་འོན་ཅང་རྡོ་ལ་སོགས་པའི་གཙུག་ལག་ཁང་སྟོང་བཞེངས། འཛམ་བུའི་གླིང་སུམ་གཉིས་ལ་མངའ་མཛད། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་སྤྱན་དྲངས། སྒྱུར་བྱེད་དམ་པ་བནྡེ་དཔལ་བརྩེགས་དང་ཀླུའི་རྒྱལ་པོ་རྒྱལ་མཚན་ལ་སོགས་པས་བཀའ་དང་བསྟན་བཅོས་དུ་མ་བསྒྱུར་ཏེ་ཞེས་གསུངས་པ་ལྟར་རོ”(༢༣༧)ཞེས། «དཀར་ཆག་ལྡན་དཀར་མ་»ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་བསྒྲིགས་པར་འདོད་པ་ལ་མོས་མཐུན་དེ་ཙམ་མ་མཛད་པ་ནི་ལེགས་པར་དཔྱད་པའི་མཁས་པའི་གཏམ་དུ་འཁུམས༑
        ཁང་དཀར་མཆོག་གིས«དཀར་ཆག་ལྡན་དཀར་མ་»ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བ་མིན་པའི་ལྟ་བ་བཏོན་རྗེས། དུང་དཀར་བློ་བཟང་འཕྲིན་ལས་ཀྱང་སྔར་ཁོང་གི་ལྟ་ཚུལ་ཡོངས་སུ་རྩིས་མེད་བཏང་ནས། “«དཀར་ཆག་ལྡན་དཀར་མ་»ལས་འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་ཞེས་གསལ་བས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་རིང་འབྲུག་ལོ་སྔ་རྗེས་གཉིས་བྱུང་བའི་སྔ་མ་ནི་བསམ་ཡས་གཙུག་ལག་ཁང་བཞེངས་འགོ་ཚུགས་ནས་མ་གྲུབ་གོང་གི་ལོ་གསུམ་པའི་ཤིང་འབྲུག་(༧༦༤)ལོ་ལ་ཁེལ་བས་སྐབས་དེར་ལོ་ཙཱ་བ་རྣམས་ཀྱིས་བཀའ་བསྟན་བསྒྱུར་འགོ་ཚུགས་ཙམ་ལས་དཀར་ཆག་ཏུ་འགོད་བྱའི་བཀའ་བསྟན་མང་པོ་མེད་ཅིང་། འབྲུག་ལོ་དེའི་རྗེས་ཀྱི་མེ་འབྲུག་(༧༧༦)ལོ་བར་ལོ་བཅུ་གཉིས་ལས་མེད་པས་དེའི་རིང་ལ་«དཀར་ཆག་ལྡན་དཀར་མ་»ལས་གསལ་བའི་ཆོས་ཚན་འབོར་ཆེན་དེ་ཙམ་བོད་སྐད་དུ་བསྒྱུར་ཐུབ་པ་ཧ་ཅང་དཀའ་བ་མ་ཟད། མེ་འབྲུག་དེ་ནས་ལོ་ངོ་བཞི་སོང་བའི་ས་ལུག་(༧༧༩)ལོ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་པ་ཡིན་པས། «དཀར་ཆག་ལྡན་དཀར་མ་»བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལ་བྱུང་བའི་བཞེད་ཚུལ་དེར་དོགས་གཞི་ཆེ”(༢༣༨)ཞེས། ཁོང་གི་སྐུ་ཚེའི་སྨད་ལ་དཀར་ཆག་དེ་གསུམ་གང་ཡིན་ཡང་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བྱུང་བར་འདོད་པ་ལ་མི་འཐད་པའི་རིག་པ་མང་དུ་བཏང་མཛད་འདུག ༑
        དེར་བརྟེན། ཀ་ཅོག་གཉིས་ཁྲི་སྲོང་གི་དུས་སྐབས་ཀྱི་ལོ་ཙཱ་བ་མ་ཡིན་པ་མཁས་དབང་རྣམ་གཉིས་ཞལ་མཐུན་བྱུང་འདུག་པ་ལྟར། ཀ་ཅོག་གཉིས་ཁྲི་སྲོང་གི་སྐུ་དུས་ནས་བཞུགས་ཡོད་ཆོག་ཀྱང་ལོ་ཙཱ་བ་ཆེན་པོར་གྱུར་པའི་དུས་ནི་དེའི་རྗེས་ཙམ་ཡིན་པའི་ཚོད་དཔག་བྱས་ན་མི་འགྲིག་པ་མེད༑ རྒྱུ་མཚན་ནི་བོན་གྱི་དཔེ་ཆ་དག་ཏུའང་བན་བོན་འཁྲུགས་རྩོད་ཁྲོད་དུ་ཀ་ཅོག་གཉིས་ཡོད་ཀྱང་མི་སྣ་གཙོ་བོ་ཤཀྱ་རུང་གི་བྲ་བ་དང་། སྙར་སྟག་བཙན་སྟོང་གཟིགས་གཉིས་ཡིན(༢༣༩)པ་ལས་ཀ་ཅོག་གཉིས་ཡིན་པའི་ལོ་རྒྱུས་མཐོང་དུ་མེད༑ འོན་ཀྱང་། དུང་དཀར་རིན་པོ་ཆེས་བུ་སྟོན་རིན་ཆེན་གྲུབ་ཀྱིས«དཀར་ཆག་ལྡན་དཀར་མ»དང«མཆིམས་ཕུ་མ།» «འཕང་ཐང་མ»གསུམ་ལས«ལྡན་དཀར་མ»སྔོན་དུ་བྱུང་ཞིང་གཞན་གཉིས་རྗེས་སུ་བསྒྲིགས་པར་འདོད་པ་ལ་མི་འཐད་པའི་ཚུལ་བསྟན་ནས། བུ་སྟོན་གྱི་གསུང་རྩོམ་ཁྲོད་དུ«དཀར་ཆག་འཕང་མ»ཡི་ལུང་འགའ་དྲངས་ཡོད་ཀྱང་སྐབས་དེར་ཁོང་གིས་དཀར་ཆག་དངོས་སུ་གཟིགས་མྱོང་མེད་པ་དང་། «དཀར་ཆག་ལྡན་དཀར་མ»བཀོད་པའི་འབྲུག་གི་ལོ་ནི་སྤྱི་ལོ812ལོ་ཡིན་ཞིང་དཀར་ཆག་དེ་ཡི་སྔོན་དུ«འཕང་ཐང་མ»བྱུང་ཡོད་པར་འདོད(༢༤༠)༑ འོན་ཀྱང་། ཁོང་གིས«དཀར་ཆག་འཕང་མ»དངོས་སུ་མཇལ་མ་མྱོང་བས་ལོ་ཚིགས་གཏན་ཁེལ་གསུང་མེད་མོད་ཁོང་གི་དགོངས་པ་ལྟར་བྱས་ན། «དཀར་ཆག་ལྡན་དཀར་མ»དང«འཕང་ཐང་མ»གཉིས་ཀ་བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་གྱི་སྐུ་དུས་བྱུང་བར་འདོད་དགོས༑
        དུང་དཀར་རིན་པོ་ཆེའི་སྐུ་ཚེའི་སྨད་ཀྱི་ལྟ་ཚུལ་འདི་ཉིད་རྒྱབ་དྲེད་ས་གཙོ་བོ་ནི་སི་ཏི་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི«སྡེ་དགེའི་བཀའ་འགྱུར་དཀར་ཆག»(༢༤༡)དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི«སྡེ་དགེའི་བསྟན་འགྱུར་དཀར་ཆག»ཏུ། “ཆོས་ཀྱི་རྒྱལ་པོ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ། ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏ་དང་། ཆོས་ཀྱི་སྙིང་པོ། དེ་ཝནྡྲ་དང་། དཔལ་གྱི་ལྷུན་པོ་ལ་སོགས་ཀྱིས་འཕང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་བརྒྱད་ལ་ཚིག་རྐང་རེ་རེ། དེ་བཞི་ལ་ཤློ་ཀ དེ་སུམ་བརྒྱ་ལ་སོགས་པ་བམ་པོའི་ཚད་དུ་བྱས་ཏེ། དེས་གཞལ་བའི་ཐེམ་བྱང་མ་འཁྲུལ་བར་ཆོས་ཚན་འདི་དང་འདིའོ་ཞེས་བཀོད་པ«དཀར་ཆག་འཕང་ཐང་མར»གྲགས་པ་སྟེ། གངས་ཅན་འདིར་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ནི་འདི་ཡིན་ནོ་ཞེས་ཡོངས་སུ་གྲགས”(༢༤༢)ཞེས་འཁོད་པ་དེ་ཡིན་ལ། ཁོང་གིས་གོང་གི་དཀར་ཆག་དེ་གསུམ་ལས་ཆེས་བྱུང་སྔ་བ་ནི་ཕོ་བྲང་འཕང་ཐང་ཀ་མེད་དུ་བཞུགས་པའི་གསུང་རབ་ཀྱི་དཀར་ཆག་སྟེ། «དཀར་ཆག་འཕང་ཐང་མ»ཞེས་པ་དེ་ཡིན་ཚུལ་གསུང་ཡོད(༢༤༣)༑ དེར་བརྟེན། མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཀྱང“སྤྱི་ལོ་815ལོར་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དཀར་ཆག་མི་འདྲ་བ་འདི་གསུམ་ཀ་བྱུང་ཟིན་”(༢༤༤)ཞེས་གསུང་པ་ལྟར། ཉེ་ལམ་བོད་རིག་པའི་ཞིབ་འཇུག་པ་རྒྱལ་མོ་འབྲུག་པ་སོགས་དུང་དཀར་རིན་པོ་ཆེའི་རྗེས་སུ་འབྲངས་ཏེ“བོད་ཀྱི་ལོ་རྒྱུས་རྣམས་སུ་དཀར་ཆག་འདི་གསུམ་གའི་སྔ་ཕྱིའི་གོ་རིམ་འཁོད་ཚུལ་མི་མཐུན་པ་ཡོད་ཀྱང་ཁོ་བོས་བསམས་ན་སྔ་མ་གཉིས་(འཕང་ཐང་མ་དང་མཆིམས་ཕུ་མ།)ཀྱི་རྨང་གཞིའི་སྟེང་ལྡན་དཀར་མ་བྱུང་བ་དཀར་ཆག་ཚད་ལྡན་དུ་མཛད་ནས་བསྟན་འགྱུར་ཁྲོད་དུ་བཞུགས་པ་ཨེ་ཡིན་སྙམ་མོ།།”(༢༤༥)ཞེས་བོད་ཀྱི་དཔེ་ཆའི་དཀར་ཆག་ཐོག་མ་ནི་«འཕང་ཐང་མ»ཡིན་པའི་ལྟ་བ་འཐད་ཕྱོགས་སུ་བཟུང་འདུག ༑
        དེ་ལྟར་ན་ཡང་མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད་ཅེས་པ་ལྟར། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་དེ་ལས་ལྡོག་སྟེ་བུ་སྟོན་སོགས་ཀྱི་དགོངས་པ་བཞིན། «དཀར་ཆག་ལྡན་དཀར་མ»བོད་ཀྱི་གསུང་རབ་དཀར་ཆག་དག་ལས་ཆེས་ལྔ་ཤོས་ཡིན་པ་སྔར་བཞིན་ཁས་ལེན་གནང་ནས(༢༤༦)། དངོས་སུ་དཀར་ཆག་བཀོད་པའི་འབྲུག་གི་ལོ་ནི་སྤྱི་ལོ་824ལོ་ཡིན་ཚུལ་གསུང་(༢༤༧)པས། སྔར་བཞིན«དཀར་ཆག་འཕང་མ»དང«ལྡན་དཀར་མ»གང་ཞིག་སྔོན་དུ་བྱུང་བ་དང་ལོ་ཚིགས་སོགས་ད་དུང་གཅིག་གྱུར་ཆགས་ཐུབ་མེད༑ དེ་ཡང་ཁང་དཀར་མཆོག་གིས«ལྡན་དཀར་མ»བསྒྲིགས་པའི“འབྲུག་ལོ་དེ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་ཚེའི་མཇུག་གི་ཆུ་ཕོ་འབྲུག་ཕྱི་ལོ812ལོར་ཡིན་པའི་དབང་དུ་བཏང་ནའང་སྔ་སྐྱོན་ཡོད། གལ་སྲིད«དཀར་ཆག་ལྡན་དཀར་མ»ཕྱི་ལོ812ལོར་བརྩམས་ནས་ཡོད་ན། ཕྱི་ལོ814ལོར་བརྩམས་སྒྲ་སྦྱོར་བམ་གཉིས་སུའང་དཀར་ཆག་དེའི་སྐོར་ཟུར་ཙམ་འཁོད་དགོས་རྒྱུ་ལས་དེ་ལྟར་མི་གསལ་བ་དང་གཅིག གཉིས་དོན་སྤྱོད«སྒྲ་སྦྱོར་བམ་གཉིས»ཀྱི་གླེང་གཞིར་ཡེ་ཤེས་དབང་པོ་སོགས་ཀྱིས་མཚོན་དེའི་གོང་གི་གྲགས་ཅན་གྱི་ལོ་ཙཱ་བ་ཕལ་མོ་ཆེའི་མཚན་འཁོད་པ་ལྟར་ཀ་ཅོག་གཉིས་ཀྱི་མཚན་ཡང་འཁོད་དགོས་རྒྱུ་ལ་མ་འཁོད་པ་དང་། ལྷག་པར་ལོ་ཙཱ་བ་དཔལ་བརྩེགས་ནི་ཡེ་ཤེས་ལྡེ་དང་འདྲ་བར་ཞུས་ཆེན་གྱི་ལོ་ཙཱ་བ་ཆེན་པོ་ཡིན་པས་ན«སྒྲ་སྦྱོར་བམ་གཉིས»སུ་ངེས་པར་འཁོད་དགོས་དེ་མ་འཁོད་པ་རྗེས་སུ་དཔལ་བརྩེགས་སོགས་ཀྱིས་དཀར་ཆག་ལྡན་དཀར་མ་སོགས་ལ་བརྟགས་ན«སྒྲ་སྦྱོར་བམ་གཉིས»བརྩམས་རྗེས་སུ་བརྩམས་པར་གསལ་པོར་མཚོན་ཐུབ། གཞན་ཡང«དཀར་ཆག་ལྡན་དཀར་མ»རུ་སྒྲ་སྦྱོར་བམ་གཉིས་ཕྱོགས་བསྒྲིགས་མཛད་མཁན་གྱི་ཞུ་ཆེན་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེས་བསྒྱུར་བའི་བཀའ་ཐམས་ཅད་ཀྱི་མཚན་གསལ་བའི་ཐོག་ཕྱི་ལོ814ལོའི་གོང་དུ་བསྒྱུར་ཟིན་པའི་བཀའ་རྣམས་ལ་ལོ་ཙཱ་བ་རང་ཉིད་ཀྱིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་། ཕྱི་ལོ814ལོའི་ཕྱིན་ཆད་ཀྱི་འགྱུར་རྣམས་ལ་སྐད་གསར་བཅད་མ་མཛད་པར་རང་བབ་ཏུ་བསྒྱུར་པ་སོགས་བཀའ་དེ་དང་དེའི་འགྱུར་བྱང་དུ་གསལ། ཅིག་ཤོས་ཞུས་ཆེན་གྱི་ལོ་ཙཱ་བ་ཀ་པ་དཔལ་བརྩེགས་ཀྱིས་བསྒྱུར་པའི་བཀའ་བསྟན་ལ་སྐད་གསར་བཅད་བྱས་པ་གཅིག་ཀྱང་མེད་པའི་རྒྱུ་མཚན་ནི་དཔལ་བརྩེགས་ཀྱིས་ཞུས་ཆེན་ལོ་ཙཱ་མཛད་ཁུར་བཞེས་པའི་དུས་སྐབས་དེ་བཞིན་སྐད་གསར་བཅད་ཀྱིས་གཏན་འབེབས་མཛད་ཟིན་པའི་རྗེས་སུ་ཡིན་པར་མཚོན”(༢༤༨)ཞེས་གསུང་ནས། «དཀར་ཆག་ལྡན་དཀར་མ»བསྒྲིགས་པའི་འབྲུག་ལོ་དེ«སྒྲ་སྦྱོར་བམ་གཉིས»(༢༤༩)བརྩམས་པའི་རྗེས་སུ་ཡིན་པ་ལས་དེའི་སྔོན་དུ་འགྲོ་ཐབས་མེད་པའི་སྒྲུབ་བྱེད་མང་པོ་བསྟན་གནང་ཡོད༑
        «སྒྲ་སྦྱོར་བམ་གཉིས»ནི་སྐད་གསར་བཅད་ཐེངས་གསུམ་མཛད་པའི་བར་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་གྱི་སྐུ་དུས་གཏན་ལ་ཕབས་པ་ཡོངས་སུ་གྲགས་ཤིང་། སད་ན་ལེགས་མཇིང་ཡོན་ནི་བོད་རྒྱལ་རིམ་བྱོན་ཁྲོད་ཀྱི་རྡོ་རིང་མང་ཤོས(༢༥༠)དང་མཛད་པ་ཆེ་ཤོས་ཡིན་པ་ལོ་རྒྱུས་དེབ་ཐེར་དག་ལས་མཐོང་ཐུབ་ལ། བཙན་པོ་འདིའི་འཁྲུངས་འདས་དང་རྒྱལ་ཁྲིར་ཕེབས་པའི་ལོ་ཚིགས་སོགས་མི་མཐུན་པ(༢༥༡)མང་ཡང་། དཔལ་དོན་གྲུབ་རྒྱལ་མཆོག་གིས་«བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་རྨ་བྱ་གཞོན་ནུའི་སྒྲོ་མདོངས»(༢༥༢)ཞེས་པའི་དཔྱད་རྩོམ་སྤུས་ལེགས་ཤིག་ཀྱང་བྲིས་གནང་ཡོད༑ ཁོང་གི་དཔྱད་རྩོམ་དུ་སྐད་གསར་བཅད་མཛད་ཚུལ་དང«སྒྲ་སྦྱོར་བམ་གཉིས»གཏན་ལ་ཕབས་ཚུལ་སོགས་སྔར་གྱི་ལོ་རྒྱུས་མ་དག་པ་མང་པོ་ཞིག་ལ་ཞིབ་མོར་དཔྱད་དེ། ཁྲི་ལྡེ་སྲོང་བཙན་བོད་རྒྱལ་གྱི་ཁྲིར་བཞུགས་པའི་དུས་ནི་སྤྱི་ལོ798ནས་སྤྱི་ལོ815ཡི་བར་ཡིན་པར་འདོད་པས(༢༥༣)། འབྲི་གུང་ཆེ་ཚང་བའི«ཏུན་ཧོང་ཡིག་རྙིང་ལས་བྱུང་བ་བོད་བཙན་པོའི་རྒྱལ་རབས»(༢༥༤)སོགས་སུའང་དེ་བཞིན་བཞེད་འདུག་གོ ༑
        དེ་ལྟར་སྔོན་གྱི་མཁས་པ་རྣམས་ཀྱི་དགོངས་བཞེད་གཅིག་གྱུར་ཆགས་མ་ཐུབ་པས་ཉེ་ལམ་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་དེ་འབྲས་བུ་བླ་ན་མེད་པ་བླངས་ཡོད་མོད། «དཀར་ཆག་ལྡན་དཀར་མ»མ་གཏོགས«འཕང་ཐང་མ»དངོས་སུ་མཇལ་མ་མྱོང་སྟབས་མཐར་ལྟ་ཚུལ་གཅིག་གྱུར་ཆགས་མ་ཐུབ་པ་མ་ཟད་དོན་ལ་གནས་པའི་འབྲས་བུ་ཞིག་ཀྱང་སྨིན་ཐུབ་མེད༑ སྟབས་ལེགས་པ་ཞིག་ལ་ཉེ་ལམ«དཀར་ཆག་འཕང་ཐང་མ»དངོས་སུ་མཇལ་ཡུལ་དུ་བཞུགས་པས། «འཕང་ཐང་མ»ཡི་དབུར“བོད་ཁམས་སུ་དྷརྨ་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་། མདོ་སྡེའི་ཏི་ཀ་དང་། འདུལ་བ་དང་། བསྟན་བཅོས་ཆེ་ཕྲ་དང་། བསྟན་བཅོས་ཀྱི་ཏི་ཀ་ལ་སོགས་པ་སྔ་སླད་དུ་བསྒྱུར་ཞིང་ཞུ་ཆེན་གཏན་ལ་དབབ་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་སྒྲ་སྒྱུར་པ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས། སླད་ཀྱིས་ཁྱི་ལོ་ལ་ཕོ་བྲང་འཕང་ཐང་ན་བཞུགས་པའི་སྟོན། སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་དང་། བན་དྷེ་ཆོས་ཀྱི་སྙིང་པོ་དང་། ལོ་ཙཱ་བ་བན་དྷེ་དེ་བེན་ཏྲ་དང་། བན་དྷེ་ལྷུན་པོ་ལ་སོགས་པའི་གཡར་སྔར་དྷ་རྨ་བསྒྱུར་ཞིང་ཞུ་ཆེན་བགྱིས་པའི་མཚན་བྱང་རྙིང་ཞིག་མཆིས་པས་གཞི་བཟུང་སྟེ། སྒོ་སྒོ་ན་མཚན་བྱང་མཆིས་པ་དང་ཡང་གཏུགས། དྷ་རྨར་ཡང་བསྟུན་ནས། དྷ་རྨ་སྡེ་གཅིག་ལ་མཚན་ཉིས་རིམ་དུ་གྱུར་པ་ཡང་ཕྱུང་། སྔར་མ་ཆུད་པ་ཅི་མཆིས་པ་བསྣན་ནས། བོད་ཁམས་སུ་དྷ་རྨ་བསྒྱུར་ཞིང་ཞུ་ཆེན་བགྱིས་པའི་མཆན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་གཏན་ལ་ཕབ་སྟེ་དཀར་ཆག་བླ་དཔེར་བྲིས་པ”(༢༥༥)ཞེས་གསལ་བ་ལྟར། «དཀར་ཆག་འཕང་ཐང་མ»ཡི་སྔོན་དུ་ཟིན་ཐོ་ལྟ་བུ་ཐར་ཐོར་རེ་འགའ་ཡོད་པ་ལས་དངོས་སུ་དཀར་ཆག་ཚད་ལྡན་རྣམ་པ་ཅན་བྱུང་མྱོང་མེད་པ་དང་། ཁྱི་ལོ་ལ་ཕོ་བྲང་འཕང་ཐང་དུ་སྔར་བོད་འགྱུར་ཞུས་ཟིན་པའི་བསྟན་བཅོས་རྣམས་ཀྱི་མཚན་བྱང་ཕྱོགས་གཅིག་ཏུ་བསྒྲིགས་ཏེ«དཀར་ཆག་འཕང་ཐང་མ་»བསྒྲིགས་པ་ཤེས་ཐུབ༑
        དེར་བརྟེན། བསྟན་པ་སྔ་དར་གྱི་དཀར་ཆག་རྣམ་གསུམ་ལས་བྱུང་སྔ་ཤོས«དཀར་ཆག་འཕང་ཐང་མ»ཡིན་པ་གཏན་ཁེལ་གྱིས་བཤད་ཐུབ་མོད། དུང་དཀར་བློ་བཟང་འཕྲིན་ལས་དང་མཁར་རྨེའུ་བསམ་གཏན་སོགས་ཀྱི་དགོངས་པ་བཞིན«དཀར་ཆག་འཕང་ཐང་མ»བཙན་པོ་སད་ན་ལེགས་མཇིང་ཡོན་གྱི་སྐུ་དུས་བྱུང་བ་མ་ཡིན་པར། སད་ན་ལེགས་མཇིང་གི་སྲས་ཁྲི་གཙུག་ལྡེ་བཙན་ནམ་རལ་པ་ཅན་གྱི་དུས་སྐབས་སུ་བྱུང་བ་དཀར་ཆག་རང་གི་མཇུག་བྱང་དུ། “བོད་ཡུལ་དུ་དམ་པའི་ཆོས་སྒྱུར་འཕྲོ་བསྒྱུར་ནས་ཞུ་ཆེན་སྐད་གསར་བཅད་གྱིས་གཏན་ལ་ཕབ་པའི་ལྷ་སྲས་ཁྲི་གཙུག་ལྡེ་བཙན་རལ་པ་ཅན། རྒྱ་གར་གྱི་མཁས་པ་ཆེན་པོ་པཎྚི་ཏ་སུ་རེན་ཏྲ་བོ་དྷི། དོན་སྒྱུར་གྱི་ལོ་ཚ་བ་ཆེན་པོ་ཅོག་ཀུ་ཀླུའི་རྒྱལ་མཚན། རྒྱ་གར་གྱི་པཎ་ཊི་ཏ་མཁས་པ་ཆེན་པོ་འཛི་ན་མི་ཏྲ། སྒྲ་སྒྱུར་གྱི་ལོ་ཚབ་ཆེན་པོ་སྐ་བ་དཔལ་བརྩེགས། རྒྱ་གར་གྱི་པཎྜི་ཏ་མུ་ནེ་ཝ་རྨ། ཞུ་ཆེན་གྱི་ལོ་ཚ་བ་ཆེན་པོ་བཎ་དྷེ་ཡེ་ཤེས་སྡེ། དེ་རྣམས་ནི་ཤོག་དྲིལ་ཆེན་པོའི་སྨད་ན་སྐུ་གཟུགས་བྲིས་པ་རྣམས་ཀྱི་ཁ་ཡིག་ཡིན”(༢༥༦)ཞེས་འཁོད་པས་རྟོགས་ནུས༑ དེས་ན་རལ་པ་ཅན་བོད་རྒྱལ་གྱི་ཁྲིར་ཕེབས་པའི་སྤྱི་ལོ815ནས་སྐུ་གཤེགས་པའི་སྤྱི་ལོ841ཡི་བར་དུ་ཁྱི་ཡི་ལོ་གཉིས་བྱུང་བ་ནི་ས་ཁྱི་སྤྱི་ལོ818དང་ལྕགས་ཁྱི་སྤྱི་ལོ830གཉིས་ཡིན་ཞིང་། ཁྱི་ལོ་ཕྱི་མའི་དབང་དུ་བྱས་ན«དཀར་ཆག་ལྡན་དཀར་མ»ལས་འཕྱི་བའི་སྐྱོན་འབྱུང་བས«དཀར་ཆག་འཕང་ཐང་མ»དངོས་སུ་བསྒྲིགས་པའི་ཁྱི་ལོ་དེ་བཙན་པོ་རལ་པ་ཅན་ཁྲིར་ཕེབས་ནས་ལོ་གསུམ་གྱི་མཚམས་ཏེ། ས་ཁྱི་སྤྱི་ལོ818ལོ་ཡིན་པ་ཧ་ཅང་གསལ་པོ་ཆགས་ཡོད༑ དེས་ན་དཀར་ཆག་དེ་གསུམ་ཀ་མ་མཐའ་ཡང་དུས་རབས་དགུ་པའི་དུས་སྟོད་དུ་བྱུང་ཡོད་པ་དང་རྒྱ་གར་འཕགས་པའི་ཡུལ་གྱི་བསྟན་བཅོས་བོད་འགྱུར་དཔེ་ཆ་དག་གི་མཚན་དང་ལེའུ་ཡི་གྲངས་ཀ་སོགས་བཀོད་པའི་དཀར་ཆག་སྤུས་དག་ཅིག་ཡིན་མོད། ད་ཡོད་དཀར་ཆག་གཉིས་ཀའི་ནང་དུ་བཀའ་བསྟན་འགྱུར་གྱི་སྡེ་ཚན་སོ་སོར་ཕྱེས་པ་ནི་མེད་ལ་བཀའ་དང་བསྟན་བཅོས་ཀྱི་དབྱེ་མཚམས་གསལ་པོ་བྱས་པའང་དེ་བས་མེད་པས། བོད་འགྱུར་དཔེ་ཆའི་དཀར་ཆག་ཙམ་ལས་དམིགས་བསལ་བཀའ་དང་བསྟན་བཅོས་ཀྱི་དཀར་ཆག་ཅེས་འབོད་རུང་མིན་ད་དུང་བཤད་དཀའ་བའི་གནས་སུ་མཐོང་༑ ལྷག་པར་དུ་ཕྱིས་སུ་མཁས་པ་རྣམས་ཀྱི་ཕྱག་ལག་བསྲིང་མ་མྱོང་བའི་བསླད་མེད་ཅིག་མིན་པ་སྐབས་དེའི་རྡོ་རིང་ངོས་ཀྱི་ཡི་གེ་དག་དང་བསྡུར་ན་ར་འཕྲོད་ཐུབ༑
        མཁར་རྨེའུ་བསམ་གཏན་ལགས་ཀྱིས་དཀར་འདི་གསུམ་ལ་སངས་རྒྱས་ཆོས་ལུགས་ཀྱི་དཀར་ཆག་ཅེས་ཐ་སྙད་བཀོལ་འདུག་པ་ལྟར། དཀར་ཆག་འདི་གསུམ་ཀ་བོད་རྒྱུད་ཐུབ་བསྟན་པས་བསྒྲིགས་པའི་དཔེ་ཆའི་དཀར་ཆག་ཅིག་ཡིན་པས། བོད་རྒྱལ་སྲོང་བཙན་སྒམ་པོའི་རྗེས་ཀྱི་བོད་དཔེའམ་བོད་འགྱུར་དཔེ་ཆའི་དཀར་ཆག་སྟེ། བོད་རྒྱུད་ཐུབ་བསྟན་པའི་གསུང་རབ་དཀར་ཆག་ཅེས་སྨོས་ན་ཆོག་པ་ལས་བོད་སྤྱི་ཡི་དཔེ་ཆའི་དཀར་ཆག་ཏུ་སེམས་པར་མི་བྱ་སྟེ། གཤེན་བསྟན་པའི་དཔེ་ཆའི་དཀར་ཆག་གཅིག་ཀྱང་འདིར་འདུས་མེད་པས་སོ། །དེ་ཡང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་ཕྱག་ལས་གནང་བཞིན་པའི་རིན་ཆེན་སྒྲོན་མ་ལགས་ཀྱིས་གོང་གི་དཀར་ཆག་དེ་གསུམ་མ་བྱུང་པའི་སྔོན་དུ། བོན་གྱི་བསྟན་བཅོས་རྣམས་རིགས་དབྱེ་དང་ཐེམ་བྱང་འགོད་སྲོལ་བྱུང་ཡོད(༢༥༧)ཅེས་བཤད་འདུག་པ་ལྟར། བོན་གྱི་དཔེ་ཆ་དག་ཏུ་བོད་རྒྱལ་དྲི་གུམ་བཙན་པོ་དང་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོན་དཔེ་འབོལ་ཆེན་ཞིག་གཏེར་དུ་སྦས་པར་བཤད་ལ། གཏེར་དུ་སྦས་པའི་བོན་དཔེ་རེ་རེ་ནས་དཀར་ཆག་བཀོད་པར་གྲགས༑ དེའི་སྐོར་བོན་གྱི་བསྟན་འབྱུང་གྲགས་ཅན«བསྟན་འབྱུང་དར་རྒྱས་གསལ་སྒྲོན་»ལས“དེར་གཤེན་པོ་མངོན་ཤེས་ཅན་རྣམས་ཀྱིས། བོན་ལན་གཅིག་ནུབ་པར་མཁྱེན་ནས། ཅུང་མ་ནུབ་པ་ལ། བོན་ཕྱི་ནང་གསང་གསུམ་བྱེ་བྲག་ཏུ་ཕྱེ། མི་འཁྱར་བའི་ཐེམ་བྱང་རེ་བཀོད”(༢༥༨)ཅེས་འཁོད་འདུག་པ་ལྟ་བུ་ལགས༑
        ཕྱིས་སུ་བོན་གྱི་གཏེར་སྟོན་མང་པོ་ཞིག་གིས་ས་ཕྱོགས་སོ་སོ་ནས་གཏེར་བཞེས་པའང་དེ་ལྟ་བུའི་ཐེམ་བྱང་ལག་ཏུ་སོང་པས་ཡིན་པ་འདྲ་སྟེ། དཔེར་ན། བོན་གྱི་གཏེར་སྟོན་གྲགས་ཅན་གཤེན་ཆེན་ཀླུ་དགའི་ཕྱག་ཏུ་སྔར་བོད་རྒྱལ་དྲི་གུམ་བཙན་པོའི་སྐབས་སུ་རི་བྲག་ཁྲོད་དུ་སྦས་པའི་བོན་དཔེའི་དཀར་ཆག་ཅིག་རྙེད་པས་(༢༥༩)ཡིན་སྐད་ལ། བན་བོན་གཉིས་ཀའི་ལོ་རྒྱུས་ཁྲོད་དུ་གསལ་བའི་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱི་རྣམ་ཐར་ལས་ཀྱང“མྱང་རོ་སྟག་ཚལ་གཏད་པས། ཁུ་ཡེ་བྱ་བའི་མི་སྡེ་ཞིག་ཡོད་པའི་བུ་སྲིང་གཅིག་དང་། བརྩད་པོ་ལུས་འབྲེལ་བྱས། བརྩད་པོས(པོ)བསམ་ཡས་སུ་བྱོན། མར་མེ་བཏང་། དེ་ནས་བསམ་ཡས་ནས་ཁ་བྱང་ཁྱེར་ནས་གཙང་ཁྲིའི་ཉི་རྩེ་ལ་བྱོན། འཇེད་རྟ་ནག་དུ(ཏུ)བྱོན་སྐད། དེ་ནས་ཁུ་ཡེའི་བུ་སྲིད་ལ་བུ་གཅིག་སྐྱེས། དེ་ཆེར་སོང་ནས་མིང་ཟླ་འོད་འབར་དུ་བཏགས། འ་མ་ལ་ཕ་གཅིག་ཡོད་དེ་སྟོན་ཟེར་སྐད། མ་ན་རེ། སྟོད་ངོས་ཀྱི་བརྩད་པོ་ཡོད་ཡོང་ཟེར། དེར་ཟླ་འོད་འབར་གྱིས་གྲོགས་ཞིག(ཤིག)བརྩལ་ནས་ཕའི་སར་ཕྱིན་ནས་ཕ་དང་འཕྲད། ང་བཙད་པོའི་བུར་འདུག་པས། ང་འདིར་འོངས་བྱས་པས། བཙད་པོ་ན་རེ། ངའི་བུ་ཡིན་མེན(མིན)ལྟ་ཡི་ཟེེར་ནས་ལྷ་རབས་གླགས་ནས(བཀླགས་པས)། དགུན་ཟླ་གསུམ་ལ་གློག་འབྲུག་ཁུ་འཕང་བྱུང་སྐད། བརྩད་པོའི་ཞལ་ནས། ཁྱོད་ངའི་བུར་འདུག་སྟེ། མི་ནག་གིས་བརླབས་པ་ངའི་བུར་མི་བཏུབ། འདིར་མ་འདུག་ངའི་ནོར་བྱིན་ཟེར་ནས། སྤ་དྲོའི་ཁ་བྱང་བྱིན་ནས། དེ་ནས་མར་འོང་སྟེ། སྟག་ཚལ་དུ་མའི་གམ་དུ་འོངས། མ་ཁུ་མོ་ཡིན་པས་ཁུ་ཚ་ཟླ་འོད་འབར་དུ་བཏགས། ལ་སྟོད་པའི་བན་དྷེ་ཞིག་བྱུང་བས། ང་ལ་ཡང་ཁ་བྱང་ཡོད། འོ་ན་བདག་ཅག་འགྲོ་འདོན་ཟེར་ནས”(༢༦༠)ཞེས་སོགས་གསལ་བས། གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱང་སྤ་དྲོའི་གཏེར་གྱི་དཀར་ཆག་ཅིག་ལག་ཏུ་སོང་ནས་སྤ་དྲོ་ནས་བོན་དཔེ་དང་ཅ་དངོས་སོགས་གང་མང་ཞིག་གཏེར་དུ་བཞེས་པ་སོགས་ཀྱིས་ཅུང་ཟད་ངེས་ཤེས་སྐྱེད་ཐུབ་པར་འདུག་གོ། །དེར་བརྟེན། བོན་གྱི་དཔེ་རྙིང་དག་ཏུ་དཀར་ཆག་གི་དོད་དུ་ཐེམ་བྱང་ཞེས་བཀོལ་གྱི་ཡོད་ཅིང་བོད་ཀྱི་གནའ་དཔེའམ་ཡིག་ཚང་རིག་པ་ཞིབ་འཇུག་པ་སྐུ་ཞབས་པདྨ་བཀྲ་ཤིས་ལགས་ཀྱིས“ཐེམ་ཞེས་པ་ནི་སྒོ་ཡི་ཐེམ་པ་དང་། བྱང་ཞེས་པ་ནི་དེ་དག་ལ་ཁ་ཡིག་བྲིས་ནས་བཞག་པ་ལ་ཐེམ་བྱང་ཟེར”(༢༦༡)ཞེས་བརྗོད་འདུག་ལ། ཡི་གེའི་འབྲི་སྲོལ་ཡང“ཐེམ་བྱང”དང“ཐེམ་སྤངས།” “ཐེང་དཔང་མ”ཟེར་བ་སོགས་ཡོད་ཅིང་ཐ་སྙད་འདི་བོད་བཙན་པོའི་སྐབས་སུ་བྱུང་བ་ཞིག་ཡིན་ཚུལ་གླེང་འདུག་པ་ལྟར་ཆེས་བྱུང་སྔ་བའི་ཐ་སྙད་ཅིག་ཡིན་པ་རྟོགས་ཐུབ༑
        ཡང་སྐུ་ཞབས་མཁར་རྨེའུ་བསམ་གཏན་ལགས་ཀྱིས“སྔར་བོད་ཀྱི་དགོན་པ་མང་པོའི་ནང་དུ་དཔེ་རྩིས་དང་རྩིས་རྒྱ་ཞེས་བཀའ་བརྟེན་གྱི་ཁོངས་སུ་གཏོགས་པའི་དཔེ་ཆ་འབོར་ཆེན་ཉར་ཚགས་བྱས་ཡོད་པ་དེ་དག་ནི་སྤྱི་ལོ1966ནས1976བར་གྱི་‘རིག་གནས་གསར་བརྗེ་’ཞེས་པའི་ནང་དམར་སྲུང་དམག་གིས་དགོན་པ་རྣམས་གཏོར་བརླག་ཏུ་གཏོང་སྐབས་མང་ཆེ་བ་རྩ་བརླག་ཏུ་སོང་ཡོད”(༢༦༢)ཅེས་གསུང་འདུག་པ་ལྟར། དཔེ་རྩིས་དང་རྩིས་རྒྱ་ཞེས་པའི་ཐ་སྙད་འདི་གཉིས་ཀྱང་དཀར་ཆག་གི་དོད་དུ་བཀོལ་ཡོད་པ་བོན་གྱི་རྫོགས་ཆེན་དཔེ་ཆ«ཡེ་ཁྲི་མཐའ་སེལ»(༢༦༣)ལས་མཐོང་ཐུབ་ལ། བཤམ་དུ་གླེང་འགྱུར་གྱི་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་གྱི«བཀའ་དང་བཀའ་བརྟེན་གྱི་དཀར་ཆག»ནང་དུའང་རྩིས་བརྒྱ་ཞེས་པའི་ཐ་སྙད་དེ་བེད་སྦྱོད་གནང་ཡོད་པ་མ་ཟད། སྐུ་ཞབས་སྟོང་སྐོར་ཚེ་རིང་ཐར་ལགས་ནས«དཔེ་རྩིས་མུན་སེལ་སྒྲོན་མེ»དང«མདོ་མང་སུམ་ཅུ་པའི་རྩིབ་བརྒྱ»ཞེས་པའི་དཔེ་ཆ་གཉིས་ནི་དུས་རབས་བཅོ་བརྒྱད་པའི་གོང་དུ་བྱུང་བའི་བོན་གྱི་བསྟན་བཅོས་ཀྱི་དཀར་ཆག་ཡིན་ཚུལ་གསུང་འདུག(༢༦༤)༑ «མདོ་མང་སུམ་ཅུ་པའི་རྩིབ་བརྒྱ»ཞེས་པ་ག་འདྲ་ཞིག་ཡོད་མེད་གུས་པས་མཐོང་ཐོས་མ་བྱུང་རུང«དཔེ་རྩིས་མུན་སེལ་སྒྲོན་མེ»ནི་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་སྤྱི་ལོ1993ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་དུ་པར་སྐྲུན་མཛད་ཡོད༑ འོན་ཀྱང་། དཔེ་ཆ་དེ་ནི་དུས་རབས་བཅོ་བརྒྱད་པའི་གོང་གི་དཔེ་ཆ་མིན་ཚུལ་གུས་པས་འོག་ཏུ་གླེང་ཡོད༑
        དེ་ལྟར་ན་ཡང་དཀར་ཆག་ཅེས་པའི་ཐ་སྙད་དེ་ཡང་བོད་ཀྱི་ཡིག་ཚང་ཁྲོད་དུ་མི་འབྱུང་བའམ་ཡང་ན་ཧ་ཅང་བྱུང་ཕྱིས་སུ་གསར་དུ་བྱུང་བ་ཞིག་མ་ཡིན་ཏེ། ཏུན་ཧོང་གཏེར་ཡིག་ལས། “ཕྱག་རྒྱ་གཏད་དེ་གཏན་འབོད་དུ་ཕོག་པ་འྀ་མྱིང་སྨྲ་དཀར་ཅག་ཏུ་བྲིས་པ”(༢༦༥)ཞེས་དང་། “གནའ་རྒྱའྀ་ཚེ་ནས་མུ་སྦྲེལ་དུ་མཆིས་པ་ལས། །སླར་གྱིས་ཤ་ཅུ་རྐྱར་སྦྱརད། གྱྀ་རྐྱ་ཞིང་དོར་ཕྱེདང་དྲུག་མཉཾ་བར་ཁྲམ་དུ་བཏབ་པ་ལས། །ཞིང་ཡིག་དཀར་ཅག་འདྲིས་པའྀ་འོག་དུ་ནྀ། །”(༢༦༦)ཞེས་ལན་གྲངས་འཁོད་འདུག་པས་སོ། །ཡིད་ཕངས་པ་ཞིག་ལ་གོང་གི་གཏེར་དཔེ་དེ་དག་གི་དཀར་ཆག་གམ་ཐེམ་བྱང་རྣམས་མིག་སྔར་འུ་ཅག་གི་མཐོང་ཡུལ་དུ་གཅིག་ཀྱང་བཞུགས་མེད་པས་གནས་སྐབས་གླེང་ཐབས་བྲལ༑ འོན་ཀྱང་། ད་ལྟ་མཇལ་ཡུལ་དུ་མ་བཞུགས་པ་ཙམ་གྱིས་མེད་ཐག་ནི་མི་ཆོད་པས་བོད་ཀྱི་དཀར་ཆག་རིག་པ་ལ་མཁས་པའི་མཆོག་ཏུ་གྱུར་པ་རྒན་བྱམས་པ་བསམ་གཏན་ལགས་ཀྱིས«དཀར་ཆག་འཕང་ཐང་མ»དང«དཀར་ཆག་འཕང་ཐང་མ»གཉིས་ནི། བསྟན་པ“སྔ་དར་དུས་བོད་ཀྱི་སྐད་དང་ཡི་གེར་བཞུགས་པའི་རྩོམ་ཡིག་གསང་སྔགས་བླ་མེད་ཀྱི་ཆོས་སྐོར་དང་། བོན་གྱི་ཡིག་ཚོགས་ཇི་སྙེད་ཕུད་པའི་བོད་གངས་ཅན་ལྗོངས་ཀྱི་རྩོམ་ཡིག་ཡོངས་རྫོགས་ཀྱི་མཚན་བྱང་དཔེ་ཐོར་ཆ་འཇོག་བྱེད་འོས”(༢༦༧)ཞེས་གསུང་པ་ལྟར་འཐད་དོ། །
འབྲེལ་ཡོད་འོས་སྦྱོར།