༄༅། །བྲག་ཡེར་བའི་ཅོང་རྙིང་ཏུན་ཧོང་དུ་རྙེད་པ།
རྩོམ་པ་པོ།:གཡུ་རྔོག་པདྨ་དབང་རྒྱལ།
ཡོང་ཁུངས།:མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2018ལོའི་དེབ་བཞི་པ།
དུས་ཚོད།:2021-12-03
ཀློག་གྲངས།:
༄༅། །བྲག་ཡེར་བའི་ཅོང་རྙིང་ཏུན་ཧོང་དུ་རྙེད་པ།
གཡུ་རྔོག་པདྨ་དབང་རྒྱལ།
[ནང་དོན་གནད་བསྡུས] ཏུན་ཧོང་དུ་ཅོང་རྙིང་ཞིག་ཉར་ཚགས་བྱས་ཡོད་པ་དེའི་གནས་ཚུལ་ངོ་སྤྲོད་བྱས་པ་བརྒྱུད། ཅོང་དེའི་ངོས་ཀྱི་རྒྱ་གར་སིདྡྷཾའི་ཡི་གེ་དང་བོད་ཡིག་གི་ནང་དོན། ཡི་གེའི་འབྲི་སྟངས། ཅོང་གི་འབྱུང་ཁུངས་སོགས་ལ་གཞིར་བཅོལ་ནས། ཅོང་དེ་ནི་རིག་གསར་གྱི་དུས་འགྱུར་ཁྲོད་བོར་བརླག་བྱུང་བའི་བོད་བཙན་པོའི་སྐབས་ཀྱི་བྲག་ཡེར་བའི་ཅོང་ཡིན་པ་དང་། ད་ལྟའི་བར་དུ་བྲག་ཡེར་བའི་ཅོང་ཡིག་གི་ངོ་བཤུས་མ་གཏོགས་ཅོང་གི་འདྲ་པར་དང་གནས་ཚུལ་སོགས་སུས་ཀྱང་ཞིབ་མོར་འཁོད་མེད་ཕྱིར། ཅོང་ངོས་ཀྱི་ཡི་གེའི་ནང་དོན་ལ་ཆེད་དུ་དབྱེ་ཞིབ་བྱས་ཤིང་། དེའི་ཡི་གེའི་ཁྱད་ཆས་དང་རི་མོའི་མཚོན་དོན། ཅོང་ཡིག་བྲིས་པའི་དགོས་པ། བཙན་པོ་སུའི་སྐུ་རིང་ལ་མཛད་པ་ཡིན་ཚུལ་སོགས་ལ་རང་གི་ལྟ་ཚུལ་བརྗོད་ཡོད།
[གནད་ཚིག] ཏུན་ཧོང་། བྲག་ཡེར་བའི་ཅོང་། བཙན་པོའི་དུས་སྐབས།
ཏུན་ཧོང་མའོ་ཀའོ་བྲག་ཕུག་ཨང་རྟགས96སྟེ་བྱམས་ཁང་དགུ་བརྩེགས་ཀྱི་བྲག་ཕུག་ནང་དུ་ཅོང་རྙིང་ཧ་ཅང་ལྗིད་དྲགས་པ་ཞིག་གཅེས་ཉར་བྱས་འདུག ཅོང་དེའི་རྒྱབ་ངོས་ཀྱི་སྟོད་ཆར་རྒྱ་གར་སིདྡྷཾའི་ཡི་གེ[1]དང་བོད་ཡིག་སྦྲགས་མ་བྲིས་གནང་མཛད་ཡོད་ཅིང་། དེའི་ཀླད་དང་སྐེད་དང་ཁ་སྐོར་དུ་པདྨ་དང་དུང་ཕྲེང་། རྡོ་རྗེ་བཅས་ཀྱིས་མཛེས་པར་བརྒྱན་ཡོད་ལ། བཟོ་བཀོད་ཞིབ་ཚགས་ལྡན་ཞིང་མཛེས་ཉམས་དོད་པོ་ཡོད་པས་བལྟས་མ་ཐག་བཟོ་ལུགས་ཀྱི་རྣམ་པ་ཚད་ལྡན་དུ་མཐོང་། ད་ལྟའི་བར་ཅོང་དེར་ཞིབ་འཇུག་དང་དོ་སྣང་བྱེད་མཁན་གཅིག་ཀྱང་མ་བྱུང་ལ། ཏུན་ཧོང་ཞིབ་འཇུག་གླིང་གི་ལས་བཟོ་བ་དང་ཞིབ་འཇུག་པ་རྣམས་ལའང་ཅོང་དེའི་འབྱུང་ཁུངས་དང་གནས་ཚུལ་ལ་རྒྱུས་མངའ་མེད་པར་བཏང་སྙོམས་སུ་བཞག་འདུག ཅོང་དེའི་རྒྱུ་ཆ་དང་བཟོ་སྟངས། རི་མོ། ཅོང་ཡིག་སོགས་ལ་ཡིག་ཚང་གི་རིན་ཐང་གལ་ཆེན་ཡོད་པ་ཕུད། ཅོང་ཡིག་གི་ནང་དོན་དང་། དེའི་ཡིག་གཟུགས་ཀྱི་ཁྱད་ཆོས། བརྡ་སྤྲོད་ཀྱི་སྦྱོར་ལུགས་བཅས་ལའང་དུས་རབས་ཀྱི་ཁྱད་ཆོས་དང་རིན་ཐང་ཆེན་པོ་མངོན་ཡོད་པས། རྩོམ་ཡིག་འདིའི་ནང་དུ་ཅོང་དེའི་གནས་ཚུལ་མཚམས་སྦྱོར་དང་། ཅོང་དེ་ནི་རིག་གསར་གྱི་དུས་འགྱུར་ ཁྲོད་བོར་བརླག་བྱུང་བའི་བོད་བཙན་པོའི་སྐབས་ཀྱི་བྲག་ཡེར་བའི་ཅོང་དེ་ཡིན་པ་ར་སྤྲོད་བྱེད་པ་བརྒྱུད། ད་ལྟའི་བར་དུ་ང་ཚོས་བྲག་ཡེར་བའི་ཅོང་ཡིག་གི་ངོ་བཤུས་ཡི་གེ་མ་གཏོགས་ཅོང་གི་འདྲ་པར་དང་གནས་ཚུལ་སོགས་སུས་ཀྱང་ཞིབ་མོར་འཁོད་མེད་ཅིང་། དེར་ཞིབ་འཇུག་གནང་བའི་དཔྱད་འབྲས་ཀྱང་ཤིན་ཏུ་ཉུང་བས་ན། ཅོང་ངོས་ཀྱི་ཡི་གེའི་ནང་དོན་ལ་ཆེད་དུ་དབྱེ་ཞིབ་བྱས་ཤིང་། དེའི་ཡི་གེའི་ཁྱད་ཆོས་དང་རི་མོའི་མཚོན་དོན། ཅོང་ཡིག་བྲིས་པའི་དགོས་པ། བྲག་ཡེར་བའི་ཅོང་འདི་བཙན་པོ་སུའི་ སྐུ་རིང་ལ་གསར་བཞེངས་མཛད་པ་ཡིན་ཚུལ་སོགས་ལ་རང་གི་ལྟ་ཚུལ་འདོན་པར་བྱས་ན།
དང་པོ། ཏུན་ཧོང་དུ་ཉར་བའི་ཅོང་དང་ཅོང་ཡིག་ངོ་སྤྲོད།
ཅོང་འདི་ནི་པདྨ་འདབ་དྲུག་ཅན་གྱི་བཞེངས་ལུགས་ཡིན་ལ། བསམ་ཡས་དགེ་རྒྱས་གཙུག་ལག་ཁང་དང་། ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་། ཁྲ་འབྲུག་དགོན་པ་བཅས་སུ་ཉར་བའི་བོད་བཙན་པོའི་སྐབས་ཀྱི་ཅོང་དེ་རྣམས་དང་བཞེངས་ལུགས་རིགས་གཅིག་ཏུ་གཏོགས་པ་ཡིན། ཅོང་འདིའི་མཐོ་ཚད་ལ་ལིས་རྨིད10.37དང་། མགོའི་ཞེང་ལ་ལིས་རྨིད6དང་། ཁའི་ཞེང་ལ་ལིས་རྨིད10.11དང་། སྲབ་མཐུག་ལ་ལིས་རྨིད2.55བཅས་ཡོད། རྒྱུ་ཆ་ནི་ལྕགས་ཟངས་འདྲེས་མས་གྲུབ་ཅིང་། ལྗིད་ཚད་ལ་རྒྱ་མ་བརྒྱད་བརྒྱ་ལྷག་ཡོད། ཅོང་དེའི་ངོས་དྲུག་ཏུ་ཕྱེ་ནས་ངོས་གསུམ་ལ་བོད་ཡིག་དང་། ངོས་གཉིས་སུ་རྒྱ་གར་སིདྡྷཾའི་ཡི་གེ །ངོས་གཅིག་ཏུ་སིདྡྷཾའི་ཡི་གེ་དང་བོད་ཡིག་གཉིས་ཀ་བྲིས་ཡོད་ཅིང་། དེ་ཡང་ངོས་རེར་ཐིག་ཕྲེང་གསུམ་མམ་གཉིས་རེ་འབྲི་བ་ལས་ངོས་ཧྲིལ་པོར་བྲིས་མེད། ཅོང་གི་ཀླད་དང་འགྲམ་གྱི་ཟུར་ལ་ཆག་སྐྱོན་ཤོར་བས་ཡི་གེ་སྐོར་ཞིག་མེད་པར་གྱུར་ཡོད་པ་མ་ཟད། གཏུན་ཤུལ་ཀྱི་ཡི་གེ་དག་ཀྱང་མི་གསལ་བར་གྱུར་འདུག ཅོང་གི་མགོར་པདྨ་འདབ་བརྒྱད་ཀྱི་རི་མོས་བརྒྱན་ཡོད་ལ། པདྨ་རེ་རེའི་སྟེང་དུ་པདྨ་འདབ་བརྒྱད་ཆུང་ངུ་རེའང་བཀོད་ནས་སྟེང་འོག་གཉིས་སུ་ཕྱེ་ཡོད། ཅོང་སྐེད་ལ་དུང་ཕྲེང་དང་ཅོང་གི་འདབ་མ་རེ་རེའི་ངོས་སུ་རྡོ་རྗེ་རེ་རེས་མཚན་ཡོད་པ་བཅས་སོ། །
(ཅོང་གི་འདྲ་པར)
གཉིས་པ། ཏུན་ཧོང་དུ་ཉར་བའི་ཅོང་འདི་ནི་བྲག་ཡེར་བའི་ཅོང་རྙིང་ཡིན་པར་དཔྱད་པ།བོད་བཙན་པོའི་སྐབས་ཀྱི་བྲག་ཡེར་བའི་ཅོང་ནི་རིག་གསར་གྱི་དུས་འགྱུར་ཁྲོད་བོར་བརླག་བྱུང་ནས་ཡུན་རིང་ཕྱིན་པ་དང་། ད་ལྟ་ཅོང་དེའི་བཟོ་དབྱིབས་རྣམ་པ་ཇི་འདྲ་ཡིན་པའི་འདྲ་པར་དང་གནས་ཚུལ་བཀོད་པའི་ཡིག་ཆ་རེ་ཟུང་ཙམ་ཡང་ཧ་ལམ་མེད་ཚོད་དུ་གྱུར་འདུག འོན་ཀྱང་ཤིན་ཏུ་དགའ་འོས་པ་ཞིག་ལ། དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུ་པའི་ནང་དུ་དབྱིན་ཇིའི་བོད་རིག་པ་ཞིབ་འཇུག་མཁན་སྐུ་ཞབས་རེས་ཅི་སིན་ལགས་(H.E.RICHARDSON)(1905-2001) [2]ནས་བྲག་ཡེར་བའི་ཅོང་ཡིག་ངོ་བཤུས་གནང་བའི་སྐུ་དྲིན་ལ་བརྟེན་ནས། ང་ཚོས་བྲག་ཡེར་བའི་ཅོང་འདིའི་ངོས་སུ་བོད་ཡིག་དང་རྒྱ་གར་སིདྡྷཾའི་ཡི་གེ་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། དེ་དག་གི་ནང་དོན་ཡང་མ་ཡིག་ཇི་བཞིན་ལྟ་ཀློག་བྱེད་ཐུབ་པ་བྱུང་ཡོད།
ཏུན་ཧོང་དུ་ཉར་བའི་ཅོང་དེའི་ངོས་སུའང་བོད་ཡིག་དང་རྒྱ་གར་སིདྡྷཾའི་ཡི་གེ་བཞེངས་ཡོད་པ་གོང་དུ་ཞུས་ཟིན་པ་ལྟར། དེའི་བོད་ཡིག་ཏུ«བཟང་སྤྱོད་སྨོན་ལམ»དང་རྒྱ་གར་སིདྡྷཾའི་ཡི་གེར«རྟེན་འབྲེལ་ཟབ་མོའི་དགོངས་དོན»གྱི་ཤོ་ལོ་ཀ་ཚར་རེ་བཞེངས་ཡོད་པ་དེའང་སྐུ་ཞབས་རེས་ཅི་སིན་ལགས་ཀྱིས་ངོ་བཤུས་གནང་བའི་བྲག་ཡེར་བའི་ཅོང་ཡིག་གི་ནང་དོན་དང་གཅིག་ཏུ་འབབ་ཅིང་། ལྷག་པར་དུ«བཟང་སྤྱོད་སྨོན་ལམ»ལས་གི་གུ་ཕྱིར་འཁོར་དང་སྡེ་བ་གཅིག་པའི་མིང་གཞི་ཡི་གེ་རེས་མོས་སུ་སྤྱོད་པའི་འབྲི་ལུགས་ཀྱང་ཕན་ཚུན་ཡོངས་སུ་མཐུན་པར་སྣང་། དེ་ལྟར་ན་ཏུན་ཧོང་དུ་ཉར་བའི་ཅོང་དང་བྲག་ཡེར་བའི་ཅོང་གཉིས་ཀྱི་ཅོང་ཡིག་ཏུ་ཡིག་རིགས་མི་འདྲ་བ་འཁོད་པའི་གནས་ཚུལ་དང་། དེ་དག་གི་ནང་དོན། ཡིག་གཟུགས་ཀྱི་ཁྱད་ཆོས་སོགས་ཡོངས་སུ་མཚུངས་པས་ན། ཏུན་ཧོང་གི་ཅོང་འདི་ནི་རིག་གསར་གྱི་དུས་འགྱུར་ཁྲོད་བོར་བརླག་བྱུང་བའི་བྲག་ཡེར་བའི་ཅོང་དེ་ཡིན་པ་ར་སྤྲོད་བྱེད་ཐུབ་པར་སྙམ། ཅོང་གི་འབྱུང་ཁོངས་ཀྱི་ངོས་ནས་གླེང་ནའང་། ཏུན་ཧོང་དུ་ཉར་བའི་ཅོང་འདི་ནི་ཏུན་ཧོང་ས་གནས་ནས་གསར་དུ་བཞེངས་པ་ཞིག་མ་ཡིན་པར་ལྷ་ས་ནས་ཁྱེར་ཡོང་བ་སྟེ། སྤྱི་ལོ1978ལོར་རིག་གསར་གྱི་དུས་རླབས་ལ་རྐྱེན་བྱས་ནས་ལྷ་སའི་དགོན་སྡེ་ཁག་གི་སྐུ་རྟེན་འབོར་ཆེན་ཞིན་ཅང་དང་ནང་ལོགས་སུ་སྐྱེལ་བའི་ལམ་བར་དུ་ཀན་སུའུ་ལིག་ཡོན(柳园)མེ་འཁོར་འབབ་ཚུགས་ནས་གནས་སྐབས་སུ་དོ་དམ་བྱས་པ་ཡིན། ཏུན་ཧོང་ཞིབ་འཇུག་གླིང་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ཞིང་ཆེན་ལ་རེ་ཞུ་ཕུལ་ནས་རྟེན་རྫས་དེ་དག་ལས་ལེགས་ཤོས་སྐོར་ཞིག་བདག་ཉར་བྱས། 1981ལོར། རྭ་སྒྲེང་སྐུ་ཕྲེང་དྲུག་པ་བསྟན་འཛིན་འཇིགས་མེད་ཆེད་དུ་ཏུན་ཧོང་ལ་ཕེབས་ནས་རྟེན་རྫས་དེ་དག་ཕྱིར་ལྷ་སར་གདན་དྲངས་པ་ཡིན་མོད། ཅོང་འདི་ནི་སྐབས་དེར་ཕྱིར་མ་དྲངས་པའི་རྟེན་རྫས་སྐོར་ཞིག་ཡོད་པའི་གྲས་ཡིན་ལ། གཞན་ད་དུང་རྒྱལ་དབང་བསྐལ་བཟང་རྒྱ་མཚོ[3]དང་ཁྲི་ཟུར་སྲིད་སྐྱོང་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོ[4]ཡིས་སྨོན་ཚིག་བྲིས་པའི་ཚོགས་ཁྲོ་དང་སྐུ་འདྲ་སྐོར་ཞིག་བཞུགས་པ་ཏུན་ཧོང་ཞིབ་འཇུག་གླིང་གི་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་གནང་ཡོད།
དེ་བས་ཏུན་ཧོང་དུ་ཉར་བའི་ཅོང་འདི་ནི་བྲག་ཡེར་བའི་ཅོང་དེ་ཡིན་པ་བསྙོན་དུ་མེད་ཅིང་། བོད་ཀྱི་ལོ་རྒྱུས་དང་ཡིག་ཚང་གི་ངོས་ནས་རིན་ཐང་གཞལ་དུ་མེད་པའི་ཅོང་འདི་ལ་ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་། དུས་འགྱུར་གྱི་དབང་གིས་རེ་ཞིག་བོར་བརླག་ཏུ་ཚུད་པའི་གནས་ཚུལ་བྱུང་མོད། ད་རེས་བསྐྱར་དུ་གསར་རྙེད་བྱུང་བས་བོད་བཙན་པོའི་ལོ་རྒྱུས་དང་རིག་གནས་སོགས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆའི་མཐུན་རྐྱེན་བླ་མེད་བསྩལ་བ་ཡིན། རིག་གསར་སྐབས་སུ་འདི་དང་འདི་ལྟ་བུའི་གནས་ཚུལ་རིགས་བསྒྲེ་བ་ཤིན་ཏུ་མང་སྟེ། མཉམ་མེད་ཇོ་བོ་རྗེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་གནང་བའི་ཇོ་བོ་འཇམ་དཔལ་རྡོ་རྗེ་སོགས་ཐུགས་དམ་གྱི་རྟེན་ནོམ་ཆེན་འགའ་ཡང་དུས་འགྱུར་དབང་གིས་ཡུན་རིང་ལ་བོར་བརླག་སོང་ཡང་། ཕྱིས་སུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཐུགས་རྗེ་ལ་བརྟེན་ནས་སླར་རྙེད་ཐུབ་པར་བྱུང་བ་ལྟ་བུ་ལགས།
2.«རྟེན་སྙིང་གི་སྔགས»ཀྱི་བསྡུར་བ།
གསུམ་པ། བྲག་ཡེར་བའི་ཅོང་ཡིག་གི་ནང་དོན་ལ་དཔྱད་པ།ཏུན་ཧོང་དུ་ཉར་བའི་ཅོང་འདི་ནི་བྲག་ཡེར་བའི་ཅོང་ཡིན་པ་དང་། དེའི་ཅོང་ཡིག་ཏུ་བོད་ཡིག་དང་རྟེན་སྙིང་གི་སྔགས་རྒྱ་གར་སིདྡྷཾའི་ཡིག་གཟུགས་སུ་བྲིས་པ་གཉིས་བཀོད་ཡོད་པའི་གནས་ཚུལ་གོང་དུ་གླེང་ཟིན་པ་ལྟར། གཤམ་ནས་ཅོང་ཡིག་དེ་དག་གི་བརྗོད་བྱའི་ནང་དོན་ལ་གོ་བ་ཅུང་ཙམ་བླངས་ན། དེའི་བོད་ཡིག་ཏུ«བཟང་སྤྱོད་སྨོན་ལམ»ལས་ཤོ་ལོ་ཀ་ཚར་གཅིག་བཞེངས་ཡོད་ཅིང་། སྨོན་ལམ་འདིའི་བརྗོད་བྱའི་སྙིང་པོ་མཚོན་པའི་ཤོ་ལོ་ཀ་ཞིག་ཡིན། «བཟང་སྤྱོད་སྨོན་ལམ»འདི་ནི་མདོ་སྡེ་ཕལ་པོ་ཆེའི་ནང་ཚན་སྡོང་པོ་བཀོད་པའི་མདོ་ལས་ནོར་བཟང་གི་ལེའུ[5]ཡིན་ཞིང་། གཞོན་ནུ་ནོར་བཟང་གིས་ཐོག་མ་འཇམ་པའི་དབྱངས་ནས་མཐའ་མ་འཕགས་པ་ཀུན་ཏུ་བཟང་པོའི་བར་དུ་དགེ་བའི་གཤེས་གཉེན་བརྒྱ་བསྟེན་པ་དེ་རྣམས་ཀྱིས་ཆོས་སྣ་ཚོགས་བསྟན་ཅིང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཁོང་ལ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་མཐའ་དག་ཡོངས་སུ་རྫོགས་པ་གཅིག་ཏུ་བསྡུས་པའི་སྨོན་ལམ་འདི་གསུངས་པ་ཡིན་ཕྱིར། སྨོན་ལམ་ཀུན་གྱི་རྒྱལ་པོའམ་ཀུན་ཏུ་བཟང་པོའི་སྨོན་ལམ་ཞེས་ཀྱང་འབོད། བོད་བཙན་པོའི་དུས་སུ་ལོ་ཆེན་བེེ་རོ་ཙ་ན་སོགས[6]ནས་བོད་སྐད་ལ་ཐོག་མར་བསྒྱུར་ཅིང་། དེའི་རྒྱ་འགྲེལ་གྲགས་ཆེ་བ་སྐོར་ཞིག་ཀྱང་བོད་སྐད་དུ་བསྒྱུར་ནས་བསྟན་འགྱུར་ཁྲོད་དུ་བཞུགས་འདུག བསྟན་པ་ཕྱི་དར་ནས་བཟུང་ལྕང་སྐྱ་རོལ་པའི་རྡོ་རྗེ[7]དང་ངག་དབང་ཚུལ་ཁྲིམས་དོན་ལྡན[8]སོགས་གཙོ་བྱས་པའི་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོས་མདོ་འདིར་འགྲེལ་བ་དང་རྣམ་བཤད་སོགས་མང་དུ་མཛད་ནས་འཕྲིན་ལས་ཆེས་ཆེར་རྒྱས་ཡོད་པ་རེད།
«བཟང་སྤྱོད་སྨོན་ལམ»གྱི་ཤོ་ལོ་ཀ་འདིའི་རྐང་པ་རིམ་པས་དམ་པའི་ཆོས་ཡོངས་སུ་འཛིན་པར་སྨོན་པ་སྟེ། རྗེ་བློ་བཟང་གྲགས་པའི«རྟོགས་བརྗོད་འདུན་ལེགས་མ»ལས། “རྒྱལ་སྲས་སྨོན་ལམ་གངྒའི་ཀླུང་རྣམས་ནི། དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར།”[9]ཞེས་གསུངས་པ་ལྟར། ཅོ་ནེ་གྲགས་པ་བཤད་སྒྲུབ་མཆོག(1675-1748)གིས«བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་བ་བཞུགས»ཞེས་པ་ལས་ཤོ་ལོ་ཀ་འདིའི་བསྟན་དོན་རྒྱ་ཆེར་དགོངས་ནས་ཅུང་ཟད་རྒྱས་པར་བཀྲལ་ཡོད་དེ། “རྒྱལ་བ་རྣམས་ཀྱི་ལུང་རྟོགས་ཀྱི་དམ་པའི་ཆོས་ཐམས་ཅད་དང་དེ་དག་གིས་གསུངས་པའི་ལུང་གི་དམ་ཆོས་ནི་མི་བརྗེད་པའི་གཟུངས་ཀྱི་སྒོ་ནས་འཛིན་པར་བྱེད་ཅིང་། བྱང་ཆུབ་ཀྱི་སྤྱོད་པའི་ཁྱད་པར་རྣམས་འགྲོ་བ་གཞན་དག་ལ་འཆད་པའི་སྒོ་ནས་ཀུན་ཏུ་སྣང་བ་སྟེ་རྒྱས་པར་བྱེད་པ་དང་། དེར་མ་ཟད། ཀུན་ཏུ་བཟང་པོའི་སྤྱོད་པ་རྣམས་རྣམ་པར་སྦྱོང་བ་སྟེ་དེའི་སྐྱོན་སྤྱོད་པའི་ཚུལ་གྱིས་དག་པར་བྱེད་པར་ཤོག་ཅིག དེ་ཡང་ཐུང་ངུ་ཙམ་མ་ཡིན་པར་མ་འོངས་བསྐལ་བ་ཀུན་ཏུ་ཡིད་མི་སྐྱོ་བར་སྤྱད་པར་བགྱི་བས་སྨོན་ནོ། །”[10]ཞེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དུས་ནམ་ཡང་མི་གཏང་བར་དེར་སློབ་གཉེར་གནང་ཞིང་། དེ་གཞན་ལ་འཆད་པའི་སྒོ་ནས་རང་རྒྱུད་ལ་སྦྱོར་བ་བཅས་ཀྱི་སྨོན་ལམ་དང་བསྐུལ་བའི་དམིགས་པ་ཡོད་པར་གཞིགས་ན། བོད་བཙན་པོ་རིམ་བྱོན་གྱིས་ནང་པའི་བསྟན་པ་སྤེལ་མཚམས་མི་གཅོད་ཅིང་། གདུང་རྒྱུད་ཕྱི་མ་དག་གིས་ཀྱང་ཚུལ་འདི་བཞིན་མཛད་པར་དམ་བཅའ་གནང་བའི«བསམ་ཡས་གཙུག་ལག་ཁང་གི་རྡོ་རིང»[11]དང«རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང»[12]སོགས་ཀྱི་ཉིང་དགོས་དང་གཅིག་ཏུ་འགྲོ་བའི་ངེས་ཤེས་རྙེད་ཐུབ་བོ། །
ཅོང་ཡིག་ཏུ་འཁོད་པའི་རྟེན་འབྱུང་གི་སྔགས་རྒྱ་གར་སིདྡྷཾའི་ཡིག་གཟུགས་སུ་བྲིས་པ་འདི་ནི«འཕགས་པ་དྲན་པ་ཉེ་བར་བཞག་པའི་མདོ»ལས་གསུངས་པའི་མདོ་དོན་གྱི་ཤོ་ལོ་ཀ་ཞིག་ཡིན་ལ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི(1846-1912)«རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་བཞུགས་སོ»ཞེས་པ་ལས་སྔགས་ཡིག་འདིའི་བོད་འགྱུར་དྲངས་ཡོད་པ་འདི་ལྟར། “ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུང་། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུང་། །”[13]ཞེས་ཆོས་ཐམས་ཅད་རྒྱུ་མེད་རྐྱེན་མེད་ངོ་བོ་ཉིད་ཀྱིས་མ་བྱུང་བར་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བ་ཡིན་པ་དང་། དེ་ལྟ་བུའི་རྒྱུ་དེའང་གཞན་གྱིས་བྱས་པ་མིན་པར་འདི་ཡོད་ན་འདི་འབྱུང་ཞིང་མེད་ན་མི་འབྱུང་བ་ལྟར་ཡིན་ལ། ཉོན་མོངས་ཀྱི་རྒྱུ་དེའང་གང་གིས་ལྡོག་པའམ་འགོག་པའི་ཐབས་སུ་ལམ་མ་ནོར་བ་སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་རྟེན་འབྲེལ་ཟབ་མོའི་དགོངས་དོན་མདོར་དྲིལ་ཏེ་ཤོ་ལོ་ཀ་འདིའི་ནང་འདུ་བར་བྱས་ཡོད། རྒྱ་གར་སིདྡྷཾའི་ཡིག་གཟུགས་འདི་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་དུ་རྒྱུགས་ཆེ་བའི་ཡིག་གཟུགས་ཤིག་ཡིན་ལ། ལོ་ཙཱ་བ་ཆེན་མོ་ཐང་ཞོན་ཙང(唐玄奘སྤྱི་ལོ602-664)དང་ཁོང་གི་དངོས་སློབ་ཝེན་ཚིག(圆测སྤྱི་ལོ613-696)སོགས་ལ་བརྟེན་ནས་རྒྱ་ནག་དང་ལྗར་པན། ཁོ་རེ་ཡ་སོགས་སུ་སིདྡྷཾའི་ཆོས་དཔེ་མང་པོ་དར་ཁྱབ་ཏུ་ཕྱིན་མྱོང་ལ། ད་ལྟའང་ལྗར་པན་གྱི་ཧྥ་ལང་དགོན(法隆寺)[14]དུ་ལོ་ངོ་ཆིག་སྟོང་ལྷག་གི་ཡར་སྔོན་གྱི་སིདྡྷཾའི་ཡི་གེའི«ཤེར་སྙིང་གི་མདོ»ཞིག་བཞུགས་ཡོད་ཚུལ་དགེ་བཤེས་ཆེན་མོ་སྒང་བ་བསྟན་པའི་རྒྱལ་མཚན་ལགས་ནས་ཁོ་བོར་དངོས་སུ་གསུངས། སིདྡྷཾ འི་ཡིག་གཟུགས་ལའང་རྒྱ་གར་ཤར་ནུབ་ཀྱི་འབྲི་ལུགས་མི་འདྲ་བ་རིགས་གསུམ་ཙམ་མཆིས་པར་བཤད་ཀྱང་། ཅོང་ཡིག་འདི་འབྲི་ལུགས་རིགས་གང་ཡིན་པའི་སྐོར་ལ་ཞིབ་ཆ་འདོན་མ་ནུས། བྲག་ཡེར་བའི་ཅོང་ཡིག་དེ་རྒྱ་གར་སིདྡྷཾའི་ཡིག་གཟུགས་སུ་བཀོད་པ་འདི་ལས་ཅོང་འདི་གསར་བཞེངས་གནང་སྐབས་ཡིག་གཟུགས་འདི་སྤྱི་ཚོགས་སྟེང་ལག་ལེན་དུ་འདེབས་ཀྱིན་པའི་སྐབས་ཤིག་ཡིན་པ་ར་སྤྲོད་བྱེད་ཐུབ་བ། །
བཞི་པ། བྲག་ཡེར་བའི་ཅོང་ཡིག་གི་ཁྱད་ཆོས་ལ་དཔྱད་པ།
བྲག་ཡེར་བའི་ཅོང་ངོས་ཀྱི་བོད་ཡིག་གི་སྨོན་ལམ་ཡི་གེར་རྗོད་བྱེད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་མཆིས་ཏེ། དེའི་དབྱངས་ཡིག་གི་འབྲི་སྟངས་དང་། མིང་གཞི་ཡི་གེའི་སྦྱོར་ལུགས། ཡིག་གཟུགས་ཀྱི་རྣམ་པ་བཅས་ལ་བོད་བཙན་པོའི་དུས་ཀྱི་ཡིག་ཚང་གཤའ་མ་སྟེ། ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ཡི་གེ ཁྲམ་བྱང་། དྲིལ་བུའི་ཁ་བྱང་སོགས་ཀྱི་ཡི་གེའི་ཁྱད་ཆོས་མངོན་པར་ཐོན་ཡོད་དེ།
གཅིག གི་གུ་ཕྱིར་འཁོར་གྱི་འབྲི་སྟངས།
ཅོང་ངོས་ཀྱི་སྨོན་ལམ་ཡི་གེར་དབྱངས་གི་གུ་ཅན་གྱི་ཡི་གེ་ལྔ་བཞུགས་ཤིང་། དེའི་ཁྲོད་ཀྱི་ཡི་གེ་བཞིའི་གི་གུ་ཁ་ཕྱིར་འཁོར་ནས་བྲིས་ཡོད་ལ། དེ་དག་ནི“ཀྱྀ། འཛྀན། ཅྀང་། བགྱྀ”བཅས་ཡིན། གི་གུ་ཕྱིར་འཁོར་གྱི་འབྲི་སྟངས་འདི་ནི་དུས་རབས་བདུན་པ་ནས་དུས་རབས་བཅུ་བཞིའམ་བཅོ་ལྔའི་བར་བོད་ཀྱི་ཡིག་ཚང་ཐུན་མོང་ལ་སྣང་བའི་འབྲི་སྟངས་ཤིག་སྟེ། ལྷག་དོན་བོད་བཙན་པོའི་སྐབས་ཀྱི་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ཡི་གེ་སོགས་སུ་གི་གུ་ཕྱིར་ལོག་བྲིས་པ་ཤིན་ཏུ་མང་། གི་གུ་ཕྱིར་འཁོར་འབྲི་བའི་རྒྱུ་མཚན་ལ་སྔོན་ནས་ད་བར་དུ་བོད་ཀྱི་མཁས་དབང་ཚོར་རང་རང་གི་དཔྱད་སྟོབས་དང་བསྟུན་པའི་གོ་བ་ལེན་སྟངས་སྣ་ཚོགས་མཆིས་ཏེ། ས་སྐྱ་བསོད་ནམས་རྩེ་མོས(1142-1182)“སེང་གེ་དང་འདྲ་བརྒྱ་བྱིན་མིག”[15]ཅེས་གི་གུ་ཕྱིར་འཁོར་བ་དང་ཕྱིར་མ་འཁོར་བ་གཉིས་ནི་བརྒྱ་བྱིན་གྱི་སྤྱན་གཡས་གཡོན་དང་འདྲ་བའི་དཔེར་བཀོད་ནས་སྒྲ་དོན་གྱི་ཁྱད་པར་མེད་པར་གསུངས་ཤིང་། མཁས་དབང་དགེ་འདུན་ཆོས་འཕེལ་ལགས(1903-1951)ཀྱིས“གི་གུ་གཉིས་ཉེ་བར་ཡོད་ཕྱིན་གཅིག་ཕྱིར་ལོག་པ་ཚྀག་གི་ལྟ་བུ”[16]ཞེས་གསལ་འགྲེལ་གནང་ཡོད་པ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་ལགས(1910-1985)ནས“དབྱངས་ཨི་ཐུང་ཅན་ལ་གི་གུ་ཡི་གེའི་ཀླད་ནས་ལན་ཝར་ལྟར་དུ་ཕྱིར་ལོག་ཏུ་འབྲི་བ་དཔེར་ན་གྀ་འདི་ལྟ་བུ་ཡིན།”[17]ཞེས་གི་གུ་ཕྱིར་འཁོར་འབྲི་བའི་རྒྱུ་མཚན་ནི་དབྱངས་ཀྱི་རིང་ཐུང་ལ་ངོས་འཛིན་གནང་ཡོད། གཞན་ད་དུང“གུ་གི་ཕྱིར་ལོག་དེ་གུ་གི་མགྱོགས་བྲིས་བྱས་པ་ལས་ཐོན་པ”[18]དང“དབྱངས་ནི་ཡི་གེའི་སྲོག་ཏུ་འདོད་པས་གི་གུ་ཕྱིར་ལོག་མ་ལོག་གི་དབྱངས་སྒྲ་ཡང་མི་མཚུངས”[19]སོགས་ཀྱི་ལྟ་ཚུལ་སྣ་ཚོགས་བཏོན་ཡོད།
མངའ་བདག་རྩེ་ལྡེའི་བཀའ་ཤོག[20]སོགས་ལས་གི་གུ་ཕྱིར་འཁོར་གྱི་འབྲི་སྲོལ་སྤངས་ནས་ད་ལྟའི་འབྲི་སྲོལ་གྱི་རྣམ་པ་ཐོན་ཡོད་པས། དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ནས“ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་དེ་ལྟའི་བཅོས་བསྒྱུར་བྱས་པ་ནས་བོད་རྒྱལ་ཞི་བ་འོད་དང་མངའ་བདག་རྩེ་ལྡེའི་དུས་སྐབས་སུ་ད་དུང་དེའི་མུར་གནས་ཤིང་། རིམ་གྱིས་མངའ་རིས་ས་ཁུལ་ནས་དེ་ལྟའི་བཅོས་བསྒྱུར་བྱུང་བར་བཤད་ན་འོས་སོ་སྙམ།”[21]ཞེས་བསྟན་པ་ཕྱི་དར་རྗེས་ནས་བཟུང་རྒྱལ་པོའི་ཕོ་བྲང་སོགས་སྲིད་གཞུང་ནས་སྤྱོད་པའི་བཀའ་ཡིག་ཁག་ལ་སྔོན་གྱི་འབྲི་སྲོལ་དག་སྤང་བཞིན་ཡོད་པ་རྟོགས་ནུས། འོན་ཀྱང་། བོད་བྱིངས་སུ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི(1444-1529)སྐུ་རིང་བར་གི་གུ་ཕྱིར་འཁོར་གྱི་འབྲི་སྲོལ་རྒྱུན་བསྲིངས་ཡོད་ལ། དེའི་ཕྱིས་སུ་བརྡ་གསར་རྙིང་ལ་སྐད་གསར་བཅད་མཛད་ནས་རིམ་བཞིན་ལག་ལེན་དངོས་ཀྱི་ཁྲོད་ནས་ཉམས་པར་གྱུར་པ་ཡིན། ཅོང་ཡིག་འདིའི་ནང་དུ་གི་གུ་ཕྱིར་འཁོར་བྲིས་པ་འདི་ལ་གནའ་རབས་ཡིག་ཚང་གི་ཁྱད་ཆོས་མངོན་གསལ་དུ་ཡོད་པ་མ་ཟད། ཅོང་ཡིག་འབྲི་བའི་དུས་ཚོད་ཀྱི་ཆ་ནས་ཤིན་ཏུ་སྔ་བ་ཤེས་ཐུབ་བོ། །
གཉིས། སྡེ་བ་གཅིག་པའི་མིང་གཞི་རེས་མོས་སུ་སྤྱོད་པ།
ཅོང་ཡིག་གི་སྨོན་ལམ་ཡི་གེའི་ནང་དུ་བྱང་ཆུབ་ལ་“བྱང་ཅུབ”ཅེས་མིང་གཞི་ཆའི་དོད་དུ་ཅ་ཡིག་བྲིས་འདུག ཡི་གེའི་སྐྱེ་གནས་གཅིག་མཚུངས་ཡིན་པའི་རང་སྡེ་གཅིག་པའི་གསལ་བྱེད་ཡི་གེ་རྣམས་ནང་ཕན་ཚུན་རེས་མོས་སུ་སྤྱོད་པའི་སྣང་ཚུལ་འདི་ནི་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་། བྲག་བརྐོས་ཡི་གེ །ཏུན་ཧོང་ཡིག་རྙིང་སོགས་ཀྱི་གནའ་རབས་ཡིག་ཚང་བྱིངས་ལ་གནས་པའི་ཐུན་མོང་གི་ཁྱད་ཆོས་ཤིག་རེད་ཅེས་བཤད་ཆོག་སྟེ། དེ་ནི་གཙོ་བོ་མིང་གཞིའི་ཡི་གེ་ཕོ་མོ་མ་ནིང་སོགས་རང་རང་གི་ང་རོ་འདོན་ཚུལ་ལྟར། དབུགས་སྟོབས་ཆེ་ཆུང་དང་མགྲིན་པ་དམ་ལྷོད་སོགས་ཀྱི་དབྱེ་བ་ཡང་དག་མེད་པར་སྒྲའི་བརྗོད་པ་གང་བདེ་ལྟར་གཞིར་བཟུང་ནས་བྲིས་པ་ཡིན་ཚུལ་མཁས་དབང་ཀུན་གྱིས་མགྲིན་གཅིག་ཏུ་བཞེད་ཡོད། སྔོན་གྱི་ཡིག་ཚང་ཁག་ཏུ་ད་སྐབས་ཀྱི་བརྡ་སྤྲོད་ཚུལ་དང་སྐད་ཆའི་བཤད་སྟངས། ཐ་སྙད་བཀོལ་སྟངས་བཅས་ལ་མི་མཐུན་པའི་སྣང་ཚུལ་ཤིན་ཏུ་མང་བས། དེ་དག་རྦད་དེ་འཁྲུལ་བར་འཛིན་པ་དང་མི་དག་པར་ལྟ་བ་ནི་ཤིན་ཏུ་མི་རིགས་པར། དེ་ནི་དུས་སྐབས་གང་དེའི་སྐད་ཆ་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་ཤིག་ཏུ་བརྩི་དགོས་པ་མ་ཟད། ཡི་གེ་འཕེལ་རིམ་གྱི་རྣམ་པ་ཞིག་ཏུའང་བལྟས་ཆོག
གསུམ། ཡིག་གཟུགས་ཀྱི་ཁྱད་ཆོས།
ཅོང་ཡིག་འདིའི་ཡིག་གཟུགས་འབྲི་སྟངས་ལ་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་བྲག་བརྐོས་ཡི་གེ་སོགས་ཀྱི་ཁྱད་ཆོས་ཐོན་ཡོད་པ་མ་ཟད། ལྷག་པར་དུ་ཅོང་ཡིག་ཁྲོད་ཀྱི“སྤྱོད”དང་“ཅྀང”དང་“ཆོས”གསུམ་གྱི་འབྲི་སྟངས་ནི་བོད་བཙན་པོའི་སྐབས་ཀྱི་འབྲི་ལུགས་དང་ཡོངས་སུ་མཐུན་ཏེ། ཡི་གེ་བརྩེགས་མའི་མིང་གཞི་ཅུང་ཕྱེད་དུ་འབྲི་བ་དང་། ཅའི་སྐེ་ཐུང་ཞིང་ཆའི་དབྱིབས་ཟླུམ་གཟུགས་སུ་མེད་པ་ལྟ་བུ། སམ་ལྭན་སི་ཀ[22]ཡིས་བོད་བཙན་པོའི་དུས་ཀྱི་བོད་ཡིག་འབྲི་སྲོལ་ལ་རིགས་བཞིར་ཕྱེ་ཡོད་ཅིང་། ཅོང་ཡིག་འདིའི་འབྲི་སྲོལ་ནི་རིགས་དེའི་ཁྲོད་ཀྱི་བརྐོས་ཡིག་འབྲི་སྲལ་གྱི་ཁྱད་ཆོས་དང་མཐུན་པར་སྣང་ངོ་། །
ལྔ་པ། བྲག་ཡེར་བའི་ཅོང་ངོས་ཀྱི་རི་མོའི་མཚོན་དོན་ལ་དཔྱད་པ།
བྲག་ཡེར་བའི་ཅོང་འདིའི་རྒྱབ་ངོས་སུ་པདྨ་དང་། རྡོ་རྗེ། དུང་ཕྲེང་བཅས་ཀྱི་རི་མོ་བཞེངས་ཡོད་ལ། དེ་དག་གིས་ཅོང་གི་ཕྱིའི་རྣམ་པ་མཛེས་པར་སྤུད་ཡོད་པ་མ་ཟད། རང་ངོས་ནས་མཚོན་དོན་དང་བྱེད་ནུས་ཀྱང་ཕུན་སུམ་ཚོགས་པ་ཡོད་དེ། དཔེར་ན། པདྨར་མཚོན་ན་ཆུ་དང་འདམ་མི་ཆགས་པ་ལྟར་འཁོར་བ་ན་གནས་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་ཤིང་ཚེ་རབས་ཀུན་ཏུ་རྫུན་སྤངས་པའི་མཚོན་བྱ་ཡིན་པ་ཕུད། སའི་ཆགས་དབྱིབས་དང་སྒྲུབ་གནས་ཁྱད་པར་ཅན། ཆོས་སྡེ་སོགས་ཀྱི་དཔེ་ལ་དྲངས་ནས་སའི་མཚན་མ་ལེགས་ཤིང་ཆོས་ཀྱི་དགོངས་དོན་ཟབ་མོར་ཕྱིན་པའི་དོན་ལའང་འཇུག་པ་ཡིན་མོད། སྐབས་འདིར་ཅོང་ངོས་སུ་པདྨ་རེ་རེའི་སྟེང་དུ་པདྨ་འདབ་བརྒྱད་ཆུང་ངུ་རེ་བཀོད་ནས་སྟེང་འོག་གཉིས་སུ་ཕྱེ་བ་འདི་ལས“སྟེང་གི་པད་འདབ་བརྒྱད་ཀྱིས་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་བྱམས་པ་སོགས་སེམས་དཔའ་བརྒྱད།”[23]ཅེས་པ་དང་། “འོག་གི་པད་འདབ་བརྒྱད་ཀྱིས་སྒོ་མ་བཞི་དང་། སྐུལ་བྱེད་མ་སོགས་བཞི་སྟེ་ལྷ་མོ་བརྒྱད་མཚོན་ནོ།”[24]ཞེས་གསུངས་པ་ལྟར། ཅོང་ངོས་ཀྱི་སྟེང་གི་པདྨ་འདབ་བརྒྱད་ཀྱིས་སེམས་དཔའ་བརྒྱད་དང་འོག་གི་པདྨ་འདབ་བརྒྱད་ཀྱིས་ལྷ་མོ་བརྒྱད་མཚོན་དགོས་པར་སྙམ་མོ། །རྡོ་རྗེ་ལ་མི་ཆོད་པ་དང་མི་འཇིག་པ་དང་འཇོམས་པ་སོགས་ཀྱི་འཇུག་དོན་མང་པོ་ཡོད་ཅིང་། དེར་དབྱེ་ནའང་རྡོ་རྗེ་རྩེ་གཅིག རྩེ་གཉིས་པ། རྩེ་གསུམ་པ། རྩེ་དགུ་པ། སྣ་ཚོགས་རྡོ་རྗེ། རྒྱན་གྱི་རྡོ་རྗེ་རྣམས་སུ་ཡོད་ལ། ཅོང་ངོས་སུ་རྡོ་རྗེ་བཞེངས་པའི་རྒྱུ་མཚན་ནི“རྡོ་རྗེས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང་། དྲིལ་བུས་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན།”[25]ཞེས་ཅོང་དང་རྡོ་རྗེ་འདི་གཉིས་ལས་བསྐྱེད་རྫོགས་ཀྱི་ལམ་ཡོངས་རྫོགས་མཚོན་པར་བྱས་པ་ཡིན་ངེས། གཞན་ཅོང་སྐེད་དུ་བཞེངས་པའི་དུང་ཕྲེང་འདིས་གཙོ་བོ་སྒྱུ་རྩལ་གྱི་ཆ་དེ་འབུར་ཐོན་དུ་བཏོན་པ་ཡིན་ལ། དགོན་སྡེའི་འདུ་ཁང་དང་མཆོད་རྟེན། བསང་ཁྲི་སོགས་སུའང་དུང་ཕྲེང་བཞེངས་ལུགས་མི་འདྲ་བའི་ཕྱག་སྲོལ་སྣ་ཚོགས་ཡོད། «རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ»ལས། “དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ཏེ། །ཆོས་རྣམས་མ་ལུས་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །”[26]ཅེས་གསུངས་པ་ལྟར། བཀྲ་ཤིས་རྟགས་བརྒྱད་ཀྱི་འགྲེལ་དོན་སྐབས་སུ་དུང་གིས་དམ་པའི་ཆོས་ཀྱི་སྒྲ་ཕྱོགས་སུ་ཁྱབ་པ་མཚོན་པས་ན། འདིར་ཅོང་ངོས་སུ་དུང་ཕྲེང་བཞེངས་པའི་དགོས་པའང་ཕྱོགས་གཅིག་ནས་དེ་ལྟར་ཡིན་པར་སེམས།
དྲུག་པ། བྲག་ཡེར་བའི་ཅོང་ཡིག་ཏུ«བཟང་སྤྱོད་སྨོན་ལམ»འགོད་པའི་རྒྱུ་མཚན་ལ་དཔྱད་པ།
དེ་ཡང་ཅོང་འདིའི་ངོས་སུ«བཟང་སྤྱོད་སྨོན་ལམ»བཞེངས་པའི་རྒྱུ་མཚན་ཐད་ལ་ཅུང་ཟད་དཔྱད་ན། ད་ལྟ་ང་ཚོའི་མཐོང་སྣང་དུ་གྱུར་པའི«ལེབ་ཁོག་གི་བྲག་བརྐོས་ཡི་གེ»[27]«པུ་ཧྲེང་རྡོ་རིང»[28]«བྲག་ཡེར་བའི་དྲིལ་བུ»[29]བཅས་གཙོ་བྱས་པའི་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་བྲག་བརྐོས་ཡི་གེ །དྲིལ་བུའི་ཁ་བྱང་སོགས་སུ་བཙན་པོ་འཁོར་དང་བཅས་པའི་སྐུ་ཡོན་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱལ་བའི་བཀའ་རིན་པོ་ཆེའི་མདོ་དོན་རྒྱས་བསྡུས་ཅི་རིགས་དང་རྟེན་སྐུ་སྣ་ཚོགས་བཞེངས་པའི་ཕྱག་སྲོལ་ཆེས་ཆེར་དར་བར་བརྟེན། ཏུན་ཧོང་དུ་ཉར་བའི་ཅོང་འདི་ལའང་དཀོན་མཆོག་གསུམ་དང་སེམས་ཅན་ཐམས་ཅད་ལ་དམིགས་སུ་མཆོད་འབུལ་དང་དགེ་བ་བསྐུལ་ཕྱིར་ཡིན་ཞེས་འཁོད་མེད་ཀྱང་། ཅོང་ཡིག་ཏུ«བཟང་སྤྱོད་སྨོན་ལམ»བཞེངས་པ་འདི་ལས་དེ་དག་གི་དམིགས་བྱ་དང་དགོས་པ་གཅིག་ཡིན་པ་ཤེས་རྟོགས་བྱ་ཐུབ་ངེས།
བོད་བཙན་པོའི་སྐབས་སུ་བྲག་ངོས་དང་ཅོང་ངོས་སོགས་སུ་མདོ་དོན་ཇི་སྙེད་བཞེངས་ནས་བསྔོ་སྨོན་དང་དགེ་སྒྲུབ་བྱེད་སྟངས་ཀྱི་ལུགས་སྲོལ་མཆིས་པས་ན། ཏུན་ཧོང་དུ་ཉར་བའི་ཅོང་འདིའི་བཞེངས་རྐྱེན་ཡང་དེ་འདྲའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ལ་འབྲེལ་དུ་ཡོད་ཅིང་། ཅོང་ཡིག་ཏུ་བཞེངས་པའི«བཟང་སྤྱོད་སྨོན་ལམ»འདིའང་བོད་བཙན་པོའི་སྐབས་སུ་རྒྱུགས་ཤིན་ཏུ་ཆེ་བའི་ཆོས་ཚན་གཙོ་བོ་ཞིག་སྟེ། ཏུན་ཧོང་ཡིག་རྙིང་དུ«བཟང་སྤྱོད་སྨོན་ལམ»དང་དེའི་འགྲེལ་བའི་ཡིག་ཆ་ལག་བྲིས་མ50ལྷག་བཞུགས་པ[30]དང་། «འབིས་མདོའི་བྲག་བརྐོས་ཡི་གེ»[31] «ཆབ་མདོའི་ལྡན་མ་བྲག་རྩའི་བྲག་བརྐོས་ཡི་གེ»[32] «བྲག་ཡེར་བ་དགོན་པའི་དྲིལ་བུའི་ཁ་བྱང»སོགས་སུའང«བཟང་སྤྱོད་སྨོན་ལམ»རྒྱས་བསྡུས་ཅི་རིགས་བཞེངས་ཡོད་པ་ལྟ་བུ་ལགས། དེའི་རྒྱུ་ མཚན་ཡང་གཙོ་བོ་ཕྱོགས་གཉིས་ཀྱི་སྟེང་ནས་མངོན་པར་འདོད་དེ། གཅིག རྗེ་བཙུན་ཏཱ་ར་ནཱ་ཐས“བྱང་ཆུབ་ཀྱི་སྤྱོད་པ་ཐམས་ཅད་འདུས་པའི་ཕྱིར། སངས་རྒྱས་བྱང་སེམས་ཀུན་གྱི་སྨོན་ལམ་མོ། །”[33]ཞེས་གསུངས་པ་དང་། ངག་དབང་ཚུལ་ཁྲིམས་དོན་ལྡན་མཆོག་གི་འགྲེལ་བ་ལས། “སྨོན་ལམ་གཞན་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་བརྗོད་བྱ་རྒྱ་ཆེ་བས་ན་རྒྱལ་པོ།”[34]ཞེས་གསུངས་པ་ལྟར། «བཟང་སྤྱོད་སྨོན་ལམ»འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མཛད་པའི་སྨོན་ལམ་ཕྱོགས་འདིར་བསྡུས་ཤིང་ཀུན་ལས་མཆོག་ཏུ་གྱུར་པ་ཡིན་པ། གཉིས། «བཟང་སྤྱོད་སྨོན་ལམ»ལས། “ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་གྱུར་ཅིག །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། ། མཐུན་པར་གྱུར་ཅིག་རེ་བའང་འགྲུབ་པར་ཤོག །”[35]ཅེས་མདོ་དོན་དངོས་ཀྱི་བསྟན་དོན་ནི། སྨོན་ལམ་འདིའི་མཐར་ཐུག་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་ཐམས་ཅད་ལ་བག་ཆགས་བཞག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པར་བྱེད་པ་ཕུད། སྤྱི་ཚོགས་འཆམ་མཐུན་དང་འགྲོ་བ་མིའི་ཞི་བདེ་སོགས་གནས་སྐབས་ཀྱི་ཕན་ཡོན་ཡང་མངོན་པར་བྱེད་ཕྱིར། བོད་བཙན་པོའི་སྐབས་ནས་ད་ལྟའི་བར་དུ་སྨོན་ལམ་འདིའི་འཕྲིན་ལས་ཤིན་ཏུ་རྒྱས་ཡོད་པའང་རྒྱུ་མཚན་དེར་ཐུག་པར་སེམས། དུས་མཚུངས་སུ་བྲག་ཡེར་བའི་ཅོང་འདིའི་ངོས་སུ་གཞན་རྟེན་སྙིང་གི་སྔགས་རྒྱ་གར་སིདྡྷཾའི་ཡིག་གཟུགས་སུ་བྲིས་པ་འདིའང་ཕལ་ཆེར་སྨོན་ལམ་གྱི་དམིགས་པ་ཡིན་མོད། སིདྡྷཾའི་ཡིག་གཟུགས་སུ་འབྲི་དོན་ནི་ལེགས་སྦྱར་སྐད་ལ་བབ་ཆགས་འཇོག་པའི་སླད་དུ་ཡིན་པར་སྙམ་མོ། །
བདུན་པ། བྲག་ཡེར་བའི་ཅོང་འདི་བཙན་པོ་སུའི་སྐུ་རིང་ལ་བཞེངས་པར་དཔྱད་པ།
ཞིབ་འཇུག་པ་བསོད་ནམས་སྐྱིད་ཀྱིས་བྲག་ཡེར་བའི་ཅོང་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བླུགས་པར་བཞེད་པ་དང་།[36] རེས་ཅི་སིན་གྱིས་བྱེ་བྲག་གི་བཙན་པོ་སུའི་སྐུ་རིང་ལ་བཞེངས་ཞེས་གསལ་ཁ་བཏོན་མེད་ཀྱང་དུས་རབས་དགུ་པའི་སྐབས[37]ཀྱི་ཅོང་ཡིན་པར་སྙམ་ཡོད། བྲག་ཡེར་བའི་ཅོང་འདི་ལ་མཛད་བྱང་སོགས་ལོ་ཚིགས་སྒྲུབ་བྱེད་ཀྱི་དཔང་པོ་ཡིད་རྟོན་རུང་བ་ཞིག་མེད་པས། ད་ལྟའི་བར་དུ་ཞིབ་འཇུག་པ་རྣམས་ཀྱིས་བྲག་ཡེར་བའི་ཅོང་ནི་བོད་བཙན་པོའི་སྐབས་ཀྱི་ཅོང་ཞིག་ཡིན་ཞེས་བཞེད་པ་ལས་བྱེ་བྲག་གི་ལོ་ཚིགས་དང་བཙན་པོ་སུའི་སྐུ་རིང་ལ་བཞེངས་པའི་སྐོར་གླེང་མཁན་ཤིན་ཏུ་ཉུང་། འདིར་ཡང་ཅོང་ཡིག་གི་ནང་དོན་ཐད་ནས་རིག་འདེད་ཙམ་བྱས་ན། ད་ལྟ་བཞུགས་པའི་བོད་བཙན་པོའི་སྐབས་ཀྱི«བཟང་སྤྱོད་སྨོན་ལམ»གྱི་བྲག་བརྐོས་ཡི་གེ་དག་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་བཞེངས་པ་ཡིན་ཏེ། «ཆབ་མདོའི་ལྡན་མ་བྲག་རྩའི་བྲག་བརྐོས་ཡི་གེ»ལས། “སྤྲེའུ་གི་ལོའི་དབྱར། བཙན་པོ་ཁྲི་ལྡེ་སྲོང་བརྩན་རིང་ལ།”[38]ཞེས་པའི“སྤྲེའུ་ལོ”དེ་ནི་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ནས་སྤྱི་ལོ804ཤིང་ཕོ་སྤྲེའུ་ལོ་ཡིན་པ་གཏན་འབེབས་བྱས་ཤིང་། «འབིས་མདོའི་བྲག་བརྐོས་ཀྱི་བཟང་སྤྱོད་སྨོན་ལམ»ལས། “ཁྱྀའིལོལསྐུགཟུགས་འབུར་དུ་བརྐོསཔདངདརམཀུནབྲྀསཔའྀསྨོནལསལསོགས”[39]ཞེས་པའི“ཁྱྀའིལོ”ནི་མཁར་རྨེའུ་བསམ་གཏན་སོགས[40]ཀྱིས་མེ་ཕོ་ཁྱི་སྟེ་སྤྱི་ལོ806ལ་ངོས་འཛིན་གནང་ཡོད། གཞན་གཉལ་ཡུལ་གྲོ་མཁར་དགོན་དུ་བཞུགས་པའི་བླ་འབུམ་གྱི་མཛད་བྱང་ལྟར་ན།[41] ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཆོས་གཞུང་ཡིག་ཆ་མང་ཤོས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་བཞེངས་པ་ཤེས་ཐུབ་པས། «བཟང་སྤྱོད་སྨོན་ལམ»གྱི་ཡིག་ཆ་རྣམས་ཀྱང་བཙན་པོ་ཁོང་གི་སྐུ་རིང་ལ་བཞེངས་པ་ཡིན་པར་སྙམ། དེ་བས་ན་བྲག་བརྐོས་ཡི་གེ་དང་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི«བཟང་སྤྱོད་སྨོན་ལམ»གྱི་ཡིག་ཆ་དག་ལས་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐུ་རིང་ལ་སྨོན་ལམ་འདི་དར་ཁྱབ་ཆེ་ཞིང་ཤིན་ཏུ་གཙིགས་སུ་བཟུང་ཡོད་པ་མངོན་ཐུབ་ཅིང་། བྲག་ཡེར་བའི་ཅོང་འདི་ཡང་སྤྱི་ཚོགས་ཀྱི་སྣང་ཚུལ་དང་རྒྱབ་ལྗོངས་འདི་འདྲ་ཞིག་ལ་གཞིར་བཅོལ་ནས་གསར་བཞེངས་གནང་བ་ཡིན་པར་སྙམ་མོ། །
མདོར་ན། ཏུན་ཧོང་མའོ་ཀའོ་བྲག་ཕུག་ཏུ་ཡུན་རིང་ལ་ཉར་ཚགས་བྱས་པའི་བོད་ཡིག་དང་རྒྱ་གར་སིདྡྷཾའི་ཡི་གེ་སྦྲགས་མའི་ཅོང་རྙིང་དེའི་བརྗོད་བྱ་དང་རྗོད་བྱེད་གང་ཅི་ཐད་ནས་ཀྱང་བོད་བཙན་པོའི་སྐབས་ཀྱི་ཅོང་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ་པ་མ་ཟད། ཅོང་དེ་ནི་ཏུན་ཧོང་ས་གནས་ནས་གསར་བཞེངས་གནང་བ་ཞིག་མ་ཡིན་པར། 1978ལོར། རིག་གསར་གྱི་དུས་འགྱུར་དབང་གིས་ལྷ་ས་ནས་ཏུན་ཧོང་དུ་ཁྱེར་ཡོང་བའི་རྟེན་རྫས་གྲས་ཀྱི་རིག་དངོས་ཤིག་ཡིན་པ་རྟོགས་ཐུབ་ཅིང་། ཕྱི་གླིང་གི་བོད་རིག་པར་ཞིབ་འཇུག་གནང་མཁན་སྐུ་ཞབས་རེས་ཅི་སིན་ལགས་ཀྱིས་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པར་ལྷ་སར་བཞུགས་པའི་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་དང་ཅོང་ངོས་ཀྱི་ཡི་གེ་རྣམས་ངོ་བཤུས་གནང་བའི་མ་ཡིག་ཡོད་པའི་སྐུ་དྲིན་ལ་བརྟེན་ནས། ཏུན་ཧོང་དུ་ཉར་བའི་ཅོང་འདི་ནི་བོད་བཙན་པོའི་སྐབས་ཀྱི་བྲག་ཡེར་བའི་ཅོང་ཞེས་བོད་ཀྱི་ཡིག་ཚང་ལོ་རྒྱུས་དང་རིག་དངོས་ལོ་རྒྱུས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། ཕྱིས་སུ་རིག་གསར་གྱི་དུས་འགྱུར་ཁྲོད་བོར་བརླག་བྱུང་བའི་ཅོང་དེ་ཡིན་པ་ཤེས་རྟོགས་འབྱུང་ངོ་། །
ཟུར་བལྟའི་དཔྱད་གཞི།
[1] རྒྱ་གར་སིདྡྷཾའི་ཡི་གེའི་བྱུང་བ་བརྗོད་པའི་སྐོར་བོད་ཀྱི་མཁས་པའི་གསུང་སྒྲོས་ཁྲོད་ན་ཤིན་ཏུ་ཉུང་སྟབས། འདིར་སྒང་བ་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི«ལེགས་སྦྱར་སཾ་སྐྲྀ་ཏའི་ཡི་གེའི་བྱུང་བ་བརྗོད་པ་ནགས་ཀྱི་ཀོ་ཀི་ལ་དགའ་བའི་དབྱངས་ཞེས་སོ»ཞེས་སིདྡྷཾའི་ཡིག་གཟུགས་སྐོར་ངོ་སྤྲོད་མདོར་བསྡུས་གནང་ཡོད་པ་དེར་ཟུར་ལྟ་བྱས་པ་ཡིན། རྩོམ་དེ་ནི། རས་ཆུང་བ་ཤེས་རབ་རྒྱ་མཚོའི«ལཉ་ཝར་སོགས་ཀྱི་ཕྱི་མོ་ཀེ་ཏ་ཀའི་དོ་ཤལ་བཞུགས་སོ»ཞེས་པའི་དེབ་ཏུ་བཀོད་འདུག (སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་། 2016:174)
[2][29][37] H.E.RICHARDSON. A CORPUS OF EARLY TIBETAN INSCRIPTIONS.ROYAL ASIATIC SOCIETY. [M] . ROYAL ASIATIC SOCIETY.1985:145.145.145.
[3] གཡུ་རྔོག་པདྨ་དབང་རྒྱལ། ཏུན་ཧོང་དུ་ཉར་བའི་ལྷ་སའི་རྒྱུད་སྨད་གྲྭ་ཚང་གི་ཚོགས་ཁྲོ་དང་དེ་འབྲེལ་ལོ་རྒྱུས་ཀྱི་དོགས་གཞི་འགའ་ལ་དཔྱད་པ། [J] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2016(2).
[4] གཡུ་རྔོག་པདྨ་དབང་རྒྱལ། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་གིས་སྨོན་ཚིག་བྲིས་པའི་ཚོགས་ཁྲོར་དཔྱད་པ། [J] ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 2016(3).
[5] སྡེ་དགེའི་བཀའ་འགྱུར་དཀར་ཆག་འདི་ལས་བསྟན་པ་ལྟར་ན་མདོ་སྡེ་ཕལ་བོ་ཆེར་ལེའུ་ཞེ་ལྔ་ཡོད་པའི་ཞེ་ལྔ་པ«སྡོང་པོ་བཀོད་པའི་མདོ»ཡིན་ལ་མདོ་སྡེ་འདིའི་འཕྲོས་དོན་དང་བཅས་པར་བམ་པོ་སུམ་ཅུ་ཡོད། དེའི་ནང་ནས«སྡོང་པོ་བཀོད་པའི་མདོ»རང་ཉིད་ལ་བམ་པོ་ཉེར་དགུ་དང«བཟང་སྤྱོད་སྨོན་ལམ»ལ་བམ་པོ་གཅིག་བཅས་ཁྱོན་བམ་པོ་སུམ་བཅུའི་བདག་ཉིད་དུ་བཞུགས་སོ། ། (སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། སྡེ་དགེ་བཀའ་འགྱུར་དཀར་ཆག [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2002.)
[6] «འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ»འདི་བོད་སྐད་དུ་ཐོག་མར་སྒྱུར་མཁན་གྱི་ལོ་ཙཱ་བ་སུ་ཡིན་པའི་སྐོར་ལ་བོད་ཀྱི་མཁས་དབང་ཚོར་བཞེད་པ་མི་མཐུན་པ་ཅི་རིགས་བྱུང་ཡོད་པ་འདི་ལྟར། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི«རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག»(ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ)ལས། “སྒྱུར་བྱེད་ནི་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བེེ་རོ་ཙ་ནས་ཞུས་ཆེན་མཛད།” ཅེས་པ་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི«བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་བ་བཞུགས»(དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། 2009ལོ)ལས། “ བེེ་རོ་ཙ་ན་རཀྵི་ཏས་བསྒྱུར།”ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི«འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ཅེས་བྱ་བ་བཞུགས་སོ»(ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ) ལས། “བེེ་རོ་ཙ་ན་རཀྵི་ཏ་ལ་སོགས་པས་འདིའི་གཞུང་འགྲེལ་རྣམས་འགྱུར་མཛད།”ཅེས་དང་། དུང་དཀར་བློ་བཟང་འཕྲིན་མཆོག་གི«དུང་དཀར་ཚིག་མཛོད་ཆེན་མོ»(ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ)ལས། “ སྔར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་བ་ཡིན། ”ཞེས་དང་། ཏུན་ཧོང་ཡིག་རྙིང་p.t.149«འཕགས་པ་བཟང་པོ་སྤྱོད་པའི༹་སྨོན་ལམ་གྱི་རྒྱལ་པོ་འ༹དི་དང་པོར་བཤད་པའི༹་གླེང་གཞི»ལས། “སྐ་བའ༹་དཔལ་རྩགས་དང་། ཅོག་རོ་ཀླུའི༹་རྒྱལ་མཚན་དང་། སྨ་རད་ན་ཨ་ཀྲ་ལས་བསོགས་པས་བསྒྱུར། ”ཅེས་གསུངས་པ་ལྟར། «འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ»འདི་ལོ་ཙཱ་བ་གཅིག་གིས་བསྒྱུར་པ་མ་ཡིན་པར་བོད་དང་རྒྱ་གར་གྱི་མཁས་དབང་དང་ལོ་ཙཱ་བ་རྣམས་ལྷན་གཅིག་ཏུ་འཛོམས་ནས་བསྒྱུར་པར་མ་ཟད། འགྱུར་ཡང་མི་འདྲ་བ་ཡོད་པ་ཤེས་ཐུབ་བོ། །
[7] ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་འབུམ། པོད་ཁ་པ། (འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་དགོངས་པ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ།) [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2015:137.
[8][34] ངག་དབང་ཚུལ་ཁྲིམས་དོན་ལྡན། བཟང་སྤྱོད་སྨོན་ལམ་གྱི་རྣམ་བཤད་ཀུན་བཟང་དགོངས་ཟབ་དངོས་གྲུབ་ཀུན་འབྱུང་། [M] སྣ་རིང་ལག་བྲིས་མ། ཡོངས་ཁུངསTBRCདང་ཨང་རྟགས། W1KG11775ཡིན།
[9] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། པོད་ཁ་པ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012:275.
[10] ཅོ་ནེ་གྲགས་པ་བཤད་སྒྲུབ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་བ་བཞུགས། [M] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། 2009:265.
[11][12][27][28][31][39] ཆབ་འགག་རྟ་མགྲིན། བོད་ཡིག་རྡོ་རིང་ཞིབ་འཇུག [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:15. 37.112 .74.98.98.
[13] འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་བཞུགས་སོ། གསུང་འབུམ་པོད་བཅུ་གཉིས་པ། [M] ཤིང་དཔར། 1984-1993:281.
[14] ཧྥ་ལོང་དགོན(法隆寺)ནི་ཉི་ཧོང་གི་དགོན་པ་ཞིག་ཡིན་ལ། བཤད་རྒྱུན་ལྟར་ན་དུས་རབས་བརྒྱད་པའི་ནང་གསར་བཞེངས་གནང་བ་ཡིན། ཉི་ཧོང་ས་ཆར་ནང་བསྟན་ཐོག་མར་དར་ཡུལ་གྱི་དགོན་སྡེ་གཙོ་བོ་ཞིག་ཡིན་པ་མ་ཟད། དགོན་པ་འདིར་ཕྱིའི་བཟོ་བཀོད་དང་ནང་གི་རྟེན་ཁྱད་པར་ཅན་འབོར་ཆེན་བཞུགས་ཡོད་པས། འཛམ་གླིང་གནའ་ཤུལ་རིག་གནས་སྲུང་སྐྱོབ་ཀྱི་ཁོངས་སུ་བཅུག་ཡོད། ལོ་ཙཱ་བ་ཝེན་ཚིག་ལགས་ལ་བརྟེན་ནས་ཉི་ཧོང་དང་ཁོ་རེ་ཡ་སོགས་སུ་སིདྡྷཾའི་ཆོས་དཔེ་མང་པོ་ཁྱབ་མྱོང་ལ། ཧྥ་ལོང་དགོན་དུ་ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་རྒྱ་གར་སིདྡྷཾའི་ཡིག་གཟུགས་ཀྱི་ཤེར་མདོ་ཞིག་བཞུགས་པ་དེ་ཕྱིས་སུ་རྒྱལ་ཁབ་རིམ་པའི་བཤམས་སྟོན་ཁང་དུ་གདན་དྲངས་ཡོད།
[15] ས་སྐྱ་བསོད་ནམས་རྩེ་མོ། ས་སྐྱའི་བཀའ་འབུམ། (ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་འཇུག་པ།) [M] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། 2007:497.
[16] དགེ་འདུན་ཆོས་འཕེལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག པོད་དང་པོ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1900:271.
[17] ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1980:78.
[18][19][32][38] ཁ་སྒང་བཀྲ་ཤིས་ཚེ་རིང་། བོད་ཀྱི་ཡིག་རྙིང་ཞིབ་འཇུག [C] མི་རིགས་དཔེ་སྐྲུན་ཁང་། 2003: 689 .694 .87.87.
[20] བཀའ་ཤོག་འདི་ནི་ཁ་སྒང་བཀྲ་ཤིས་ཚེ་རིང་དང་ཧའེ་ཁྲུན་ཧྲེང་གཉིས་ཀྱིས་མངའ་རིས་ས་ཁུལ་ནས་གསར་དུ་རྙེད་པའི་མངའ་བདག་རྩེ་ལྡེའི་བཀའ་ཤོག་ཅིག་ཡིན་ལ། བསྟན་པ་ཕྱི་དར་རྗེས་ཀྱི་བོད་ཀྱི་ཡི་གེའི་འབྲི་སྲོལ་དང་བརྡ་སྤྲོད་ཀྱི་རྣམ་པ་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་ནོ། །
[21] ཁ་སྒང་བཀྲ་ཤིས་ཚེ་རིང་དང་ཧའེ་ཁྲུན་ཧྲེང་། མངའ་རིས་ནས་རྙེད་པའི་མངའ་བདག་རྩེ་ལྡེའི་བཀའ་ཤོག་ལས་མངོན་པའི་བོད་ཡིག་འཕེལ་འགྱུར་ལ་དཔྱད་པ། [J] བོད་ལྗོངས་ཞིབ་འཇུག 2018 (3).
[22] སན་ལྭན་སི་ཀ་ཡིས་བརྩམས། པདྨ་ཚེ་རིང་གིས་བསྒྱུར། བོད་ཀྱི་ཡིག་རྙིང་བྲིས་དཔེ་ལས་སྔ་དར་ཡི་གེའི་ལོ་ཚིགས་དཔྱོད་ཐབས་གླེང་བ། [J] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2015(3).
[23][24] ཟམ་ཚ་ཚེ་རིང་དོན་གྲུབ་དང་དགའ་རྡོ་རྗེ་ཐར། བོད་བརྒྱུད་ནང་བསྟན་གྱི་རིས་འགྲེལ་བི་ཤྭ་ཀརྨའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017:75.75.
[25] སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ། སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ་དང་པོ། [Z] གློག་རྡུལ་དཔེ་ཆ། ཇ-པ། 2013:485.
[26] རིག་སྔགས་འཆང་གི་སློབ་དཔོན་རཏྣ་ཤཱི་ལས་མཛད། རྒྱ་གར་གྱི་མཁན་པོ་བཛྲ་བོ་དྷི་དང་ལོ་ཙཱ་བ་ཚུལ་དགེ་རིན་ཆེན་གྱིས་བསྒྱུར། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ལག་ལེན་གོ་རིམས་ཇི་ལྟ་བ་ཞེས་བྱ་བ། (བསྟན་འགྱུར་དཔེ་བསྡུར་མ། རྒྱུད། དེབ་སོ་བརྒྱད་པ། )[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008:38.
[30] མདོ་དགེ་བསོད་ནམས་ལྷུན་གྲུབ། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བཟང་པོ་སྤྱོད་པའི་སྨོན་ལམ་བྲིས་མ་ཁག་གཞིར་བཟུང་ནས་དེའི་འཕྲིན་ལས་སྐོར་གླེང་བ། [J] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2015(3).
[33] རྗེ་བཙུན་ཏཱ་ར་ནཱ་ཐ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེར་བསྡུར་མ་བཞུགས་སོ། 35/45 [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2008:193.
[35] བསྟོད་སྨོན་ཕྱོགས་བསྒྲིགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016:126.
[36] བསོད་ནམས་སྐྱིད། བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་། [M] མི་རིགས་དཔེ་སྐྲུན་ཁང་། 1984:127.
[40] མཁར་རྨེའུ་བསམ་གཏན། མདའ་དང་འཕང་། (སྟོད་ཆ) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010:134.
[41] དཔལ་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་གླེགས་བམ་བཞི་པ་འདི། སྐར་ཆུང་གཙུག་ལག་ཁང་མེས་ཚིག་པ་ཐལ་བའི་གསེབ་ནས་མ་ཚིག་པར་བྱོན་པ་ལགས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །སླད་ནས་ལྡིང་དགོན་པར་དཔེའ་དག་པ་གཅིག་ལ་གཏུགས་ནས་སུམ་ཐུག་གཅིག་དང་ལན་གཉིས་བྱས། ཡི་གེའི་སྡེབས་ནི་བཅོས་པ་མ་གྲུབ། འགྱུར་ནི་རེག་གཟིགས་ལགས་གཟབ་པར་ཞུ། ། ཨེ་མའོ། རྒྱལ་བ་ཐུགས་དམ་འབུམ་པོ་ཆེ། འདི་ཀ་སྒྲོག་པའི་མཆོད་གནས་པ་རྣམས་ཀྱིས་གཟབ་པར་ཞུ། དསྒྲེས་པ་དང་། གོ་ཞིང་ཆེ་བ་དང་དྲི་མས་ཟོས་པ་དེ་ལྷག་པར་སྙི་བར་གདའ་བས་ཟུར་ནས་བཟུང་ལ། ཕྱག་གཉི་གས་བསྒྱུར་བར་ཞུ། བམ་པོའི་ཁྲིད་དེ་མ་བྱས་ན་ལེགས། འདི་ཀུན་ལ་གཅེས་པ་ལགས་སོ། །ཞེས་པ་སྐ་བ་ཤེས་རབ་བཟང་པོའི«གཉལ་ཡུལ་གྲོ་མཁར་དགོན་དུ་བཞུགས་པའི་བླ་འབུམ་སྐོར་ངོ་སྤྲོད་ཞུ་བ»རུ་གསལ། (ཏུན་ཧོང་བོད་བཙན་པོའི་དུས་ཀྱི་རིག་གནས་དཔྱད་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས། [C] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009.11:305.)
གཡུ་རྔོག་པདྨ་དབང་རྒྱལ་ལགས་ཀྱིས་ཀན་སུའུ་ཞིང་ཆེན་ཏུན་ཧོང་ཞིབ་འཇུག་གླིང་ཡིག་ཚང་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་མཆིས།
འབྲེལ་ཡོད་འོས་སྦྱོར།