འཕྱོངས་རྒྱས་བཙན་པོའི་བང་སོ།
རྩོམ་པ་པོ།:མི་ཉག་འཇིགས་མེད་རྡོ་རྗེ།
ཡོང་ཁུངས།:གངས་ལྗོངས་ཉི་གཞོན། ༢༠༢༡ལོའི་དེབ་དང་པོ།
དུས་ཚོད།:2022-01-12
ཀློག་གྲངས།:
འཕྱོངས་རྒྱས་བཙན་པོའི་བང་སོ།
མི་ཉག་འཇིགས་མེད་རྡོ་རྗེས་བྲིས་ཤིང་པར་བླངས།
གཅིག སྤྱིར་བཤད་པ།
ཁོ་བོ་ད་ཐེངས་ཆེད་དུ་འཕྱོངས་རྒྱས་སུ་ཡོང་བ་ནི་བཙན་པོའི་བང་སོ་དང་དེར་ཡོད་པའི་བཀའ་གཙིགས་རྡོ་རིང་ལ་ལྟ་རུ་ཡོང་བ་ཡིན། བོད་བཙན་པོའི་བང་སོ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཞིབ་འཇུག་ལ་ཤིན་ཏུ་མཁོ་གལ་ཆེ་ཞིང་། ཕྱི་གླིང་པའི་མཁས་པ་ཚོས་ཀྱང་འདིའི་སྐོར་ལ་ཞིབ་འཇུག་དང་ཆེད་རྩོམ་སྤེལ་མྱོང་། བོད་ཀྱི་ལོ་རྒྱུས་ཡིག་ཚངས་ཁག་ཏུ་ཡང་འདིའི་སྐོར་ཞིབ་ཙམ་བྱུང་ཡོད།
ཁྲི་ལྡེ་སྲོང་བཙན་གྱི་བང་སོ་དང་བང་སོའི་རྡོ་རིང་།
དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དང་རྒྱལ་རབས་གསལ་བའི་མེ་ལོང་སོགས་ལྟར་ན་ཡར་ཀླུངས་འཕྱོངས་རྒྱས་ན་བཙན་པོའི་བང་སོ་ཉི་ཤུ་རྩ་གཅིག་ཙམ་ཡོད་འདུག་ལ། འབྱུང་བཞིའི་འཇིག་པ་དང་། འབངས་གྱེན་ལོག་སོགས་ཀྱི་གནོད་འཚེས་ད་ལྟ་ཆ་ཚང་བ་ངོས་ཟིན་མི་ཐུབ།
སྲོང་བཙན་བང་སོའི་སྟེང་དུ་ལྷ་ཁང་ཞིག་བཞེངས་ཡོད་ལ། ཡུལ་མི་ཚོས་ཀྱང་ཤིན་ཏུ་རྩ་ཆེན་དུ་བརྩི་བཞིན་འདུག ཕྱི་དྲོ་དེར་མི་མང་པོ་ཞིག་གིས་སྲོང་བཙན་བང་སོ་ལ་ཕྱག་ཀྱང་འཚལ་བཞིན་འདུག་པས། ཕྱི་རོལ་དུ་དགུན་གཞུང་གི་ལྷགས་པ་ཇི་ལྟར་བཙན་ཡང་ཁོ་བོའི་ནང་གི་ཚོར་བ་ནི་བདེ་དྲོད་འབར་བ་ཞིག་རེད། ལྷ་ཁང་དེ་དུས་ཀྱི་འགྱུར་བས་ཤུལ་མེད་དུ་བཏང་ཡང་ཕྱིས་སུ་བསྐྱར་བཞེངས་བྱས་ནས་ནང་དུ་ཆོས་རྒྱལ་སྲོང་བཙན་ཡབ་ཡུམ་དང་། བློན་པོ་མགར་དང་ཐོན་མི་སོགས་ཀྱི་སྐུ་བརྙན་བཞེངས་འདུག
བང་སོའི་ལྡེབས་ངོས་ཀྱི་རྣམ་པ།
བང་སོ་རྩིག་པའི་སྲོལ་ནི་གནའ་ནས་འཛམ་གླིང་ཤར་ནུབ་གང་ལ་ཡང་ཡོད་པ་ཞིག་ཡིན་ཞིང་། བོད་ལ་ཡང་གནའ་སྔ་མོ་ནས་བང་སོ་རྩིག་སྲོལ་ཡོད་པ་ཆུ་གོང་དང་ཆབ་མདོ་ཁ་རུབ་གནའ་ཤུལ་སོགས་ལས་ཤེས་ཐུབ།བང་སོ་རྩིག་པའི་རྣམ་གྲངས་ཀྱི་སྐོར་ལ། ལྡེའུ་ཆོས་འབྱུང་དུ་བཀོད་པའི་གསང་བ་ཡང་ཆུང་ལས། གནམ་དུར་གཡའ་དང་རྫ་དང་སྤང་ཐང་མཚམས། །ཆུ་དང་ཡུལ་དུ་བང་སོ་བརྩིགས་པ་ལ། །གྲལ་དང་མིང་དང་བརྩིགས་དང་འདབས་སུ་སྦས། །བྱེས་དང་མཆོད་རྟེན་དགོས་པ་རྒྱུ་མཚན་ནོ། །ཞེས་གསུངས་པ་ལྟར་རིམ་པ་བཞིན་དུ་དགོད་པར་བྱ།ལོ་རྒྱུས་ཀྱི་ཡིག་ཚངས་མང་པོ་ལས་བྱུང་གསལ་ལ་སྟེང་གཉིས་བང་སོ་གཡའ་དང་རྫ་ལ་བཏབ་ཅེས་གྲི་གུམ་བཙན་པོ་དང་པུ་དེ་གུང་རྒྱལ་གཉིས་ཀྱི་འཕྲོ་ནས་བང་སོ་འདེབས་པའི་སྲོལ་དར་བར་བཤད། གཞན་ཡང་ཡིག་ཆ་མང་པོར་གྲི་གུམ་བཙན་པོ་ལོ་ངམ་རྟ་རྫིས་སྐུ་བཀྲོངས་ནས་སྐུ་པུར་གཙང་ཆུར་བསྐྱུར་བ་ཀོང་ཡུལ་ནས་རྙེད་དེ་ཀོང་ཡུལ་བྲེ་སྣར་བང་སོ་བཏབ་པར་བཤད་ལ། དེང་གི་བོད་རིག་པའི་མཁས་དབང་མཁར་རྨེ་བསམ་གཏན་གྱིས་ཀོང་ཡུལ་བྲེ་སྣའི་གྲི་གུམ་བཙན་པོའི་བང་སོ་ངོས་འཛིན་གནང་ཡོད་འདུག དེ་བཞིན་དུ་ཉེ་བའི་ཆར་གནའ་རྫས་ཞིབ་འཇུག་པ་དག་གིས་སྟོད་མངའ་རིས་ཕྱི་ནང་གི་རི་བོ་ཧི་མ་ལའི་རི་རྒྱུད་ནས་ལོ་ངོ་སྟོང་ཚོ་མང་པོ་བརྒལ་ཟིན་པའི་དུར་གྱི་ཚོགས་མང་པོ་གསར་རྙེད་བྱུང་ཡོད་ཅིང་། དེ་དག་གི་ནང་དུ་དུར་རྫོངས་ལ་གནའ་བོའི་བོན་གཞུང་དུ་བཤད་པའི་སྐྱེས་པ་ཕོའི་བླ་འཁོར་བྱེད་ཀྱི་རྟེན་མདའ་དང་། བུད་མེད་མོའི་བླ་འཁོར་བྱེད་ཀྱི་རྟེན་འཕང་སོགས་དང་། གཞན་ཡང་བོན་གྱི་གཞུང་ལུགས་རྙིང་པ་དག་ཏུ་བཤད་པའི་གསེར་གྱི་ཞལ་འབག་སོགས་བླ་འཁོར་ཆ་བདུན་དུ་གྲགས་པ་རྣམས་ཀྱང་ཅི་རིགས་པ་དུར་རྫས་ལས་ཐོན་པ་སོགས་ཀྱིས་མདོ་དབུས་མཐོ་སྒང་འདིར་གནའ་ཆེས་སྔ་མོ་ནས་དུར་དང་བང་སོ་འདེབས་པའི་ཆོ་ག་དང་ལག་ལེན་ཕུན་སུམ་ཚོགས་པོ་ཡོད་པ་གསལ་བཤད་བྱས་ཡོད་མོད། བོད་ཀྱི་བཙན་པོ་ཁྲི་གཉན་གཟུངས་བཙན་དང་འབྲོང་གཉན་ལྡེའུ་ཡན་གྱི་བཙན་པོ་དག་གི་བང་སོ་གང་དུ་བཏབ་པ་དང་ཇི་ལྟར་བཏབ་པ་སོགས་ཞིབ་ཕྲ་ད་ཕན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་ཁག་ཏུ་ཁོ་བོས་མ་མཐོང་བས་བཤད་པར་རྔོ་མི་ཐོགས། འོན་ཀྱང་འདིར་བདག་གིས་ཀུན་མཁྱེན་འཇིགས་མེད་གླིང་པའི་གཏམ་ཚོགས་ལེའུ་སོ་བདུན་པའི་ནང་གི་བློན་པོ་མགར་གྱིས་མཛད་པའི་བང་སོའི་དཀར་ཆག་བྱ་བ་དང་། ལྡེའུ་ཆོས་འབྱུང་། ཐང་ཡིག་ལྡེ་ལྔ་སོགས་གཞི་ལ་བཞག་སྟེ་ཡར་ཀླུངས་འཕྱོངས་རྒྱས་སུ་ཡོད་པའི་བང་སོའི་ཚོགས་དག་ངོ་སྤྲོད་མདོར་བསྡུས་ཤིག་བྱ་རྒྱུ་ཡིན། དེ་ཡང་བློན་པོ་མགར་གྱིས་མཛད་པའི་བང་སོའི་དཀར་ཆག་ལས། དེར་ཡང་ཁྲི་བདུན་དུར་བཏབ་གནམ་ལ་བཏབ། །ལྷ་ལུས་རོ་མེད་འཇལ་ལྟར་ཡལ་ལོ་ཞེས། །
སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ། །ཡལ་དཔོན་རུ་ལས་སྐྱེས་ཀྱིས་བྱས་སོ་ཟེར། །ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། །ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བརྩིགས། །དེ་ཉིད་མཚོ་ལ་ཁ་བ་བབ་པ་ལྟར། །ཟིན་ལྔ་མན་ཆོད་བང་སོ་ཡུལ་ལ་བཏབ། །དེ་ནི་རྗེ་འབངས་གཉིས་པོ་འཐབ་པའི་ས། །ཡུལ་གྱི་མིང་ནི་འཕྱང་ཡུལ་དར་མོ་ཐང་། །བང་སོ་ཡོད་མེད་ས་ཕུང་བརྡལ་འདྲ་ཡོད། །ཅེས་གསུངས་པ་སྟེ་དུང་དཀར་རིན་པོ་ཆེས་ཀྱང་སྟེང་གཉིས་ཀྱི་བང་སོ་འཕྱིང་ཡུལ་དར་ཐང་ཞེས་དེང་སང་འཕྱོངས་རྒྱས་འཕྱིང་བ་སྟག་རྩེ་ཡོད་སའི་རྒྱུད་ཀྱི་ཐང་ཞིག་ཏུ་བང་སོ་བརྩིགས་པར་བཤད་ཅེས་གསུངས་པ་དང་། གོང་གི་གསང་བ་ཡང་ཆུང་ལས་ཀྱང་། ཡུལ་གྱི་མིང་ནི་ཡར་ཀླུང་ངར་མ་ཐང་། །དེ་ཡང་ཕུལ་མེད་ས་ཕུང་བརྡལ་འདྲ་ཡོད། །ཅེས་གསུངས་པ་སྟེ་དེའི་ཡན་ཆོད་ཀྱི་བཙན་པོ་དག་གི་བང་སོ་རྩིག་གནས་དངོས་གང་ཡིན་པ་གཏན་ཁེལ་བ་ཞིག་ད་ལྟ་མི་རྙེད།
བང་སོ་དམར་པོའམ་སྲོང་བཙན་བང་སོ།
མགར་གྱི་དཀར་ཆག་ཏུ། ཁྲི་གཉན་བང་སོ་དོན་མཁར་མདའ་རུ་བརྩིགས། །ཞེས་སོགས་གསུངས་པས་དེ་མན་ཆོད་ནས་ཡར་ཀླུངས་འཕྱོངས་རྒྱས་མུ་ར་རིའི་འདབས་དང་དོན་མགར་ལུང་པའི་མདའ་སོགས་སུ་བརྩིགས་པར་བཤད། ཡུལ་ཡར་མོ་ལུང་འཕྱོངས་རྒྱས་ཕྱིང་བ་སྟག་རྩེའི་མདུན་ཁ་གཏད་ཀྱི་ཕར་ངོས་སུ་ཡོད་པའི་རི་བོ་ཆེན་པོ་དེ་ལ་མུ་ར་རི་ཞེས་དང་། རི་ཆེན་དེའི་གཡས་ཀྱི་ལུང་པ་ལ་དོན་མཁར་ལུང་བ་ཞེས་བྱ། འཇིགས་མེད་གླིང་པའི་གཏམ་ཚོགས་ལེའུ་བཞི་བཅུ་པ་པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང་བརྟེན་པར་བཅས་པའི་གཏམ་ལས། གཡོ་རུའི་གོ་ཙམ་ན་བཀྲེན་པའི་རྒུད་པ་སེལ་བ་ལ་དཔྱད་ལེགས་པའི་རི་འབྲས་ཀྱི་ལྗང་པ་དཔལ་དུ་འབར་བ་ལྟ་བུའི་ས་འཛིན་ཡར་ཀླུངས་མེ་སྣའི་རི་རྒྱུད་ཤར་ནུབ་དབྱེ་བའི་བྱེད་པོར་བསྐོས་པ་ལྟ་བུའི་རྐྱེན་ལས་ཡུལ་ཡར་མོ་ནུབ་ཏུ་གྲགས་པའི་དབང་པོའི་ཕྱོགས་གནའ་བོའི་དུས་ན་ཆོས་ལྡན་གྱི་སྤྲུལ་བའི་རྒྱལ་པོ་རྣམས་རྨུ་ལུགས་ཀྱི་སྐུ་མཁར་བརྩིགས་པའི་གནས། པདྨའི་ངང་ཚུལ་སྲོང་བཙན་གྱི་བང་སོ་ལ་ཉི་མ་དང་ཟླ་བའི་བགྲོད་པས་བཏུད་པར་བྱེད་པའི་ལམ་པོ་ཆེ་ལྟར་རང་བཞིན་ལྷུན་གྱིས་གྲུབ་པའི་ཡུལ་ཆོས་དང་སྲིད་ཀྱི་དོན་གཉིས་གྲུབ་པའི་མཁར་དུ་ཆགས་པ་ན། ཞེས་གསུངས་པ་སྟེ། སྔ་འགྱུར་རྙིང་མའི་སྐྱེས་ཆེན་ཀུན་མཁྱེན་འཇིགས་མེད་གླིང་པའི་གདན་ས་ཚེ་རིང་ལྗོངས་པདྨ་འོད་གསལ་ཐེག་མཆོག་གླིང་ཆགས་སའི་ལུང་པ་ལ་དོན་མཁར་ལུང་པ་དང་། དེའི་མདའ་ལ་དོན་མཁར་མདའ་ཞེས་བྱ། འགའ་ཞིག་གིས་དོན་མཁར་མདའ་ནི་ཡར་ཀླུངས་འཕྱོངས་རྒྱས་ལུང་པ་རང་ཡིན་པར་བཤད་པ་ནི་མ་དཔྱད་པའི་གཏམ་མོ། །
གཉིས། བཙན་པོའི་བང་སོ་རྩིག་སྟངས་དང་དེའི་ནང་གི་གྲུབ་ཆའི་སྐོར།
ཆོས་འབྱུང་ཁག་ཏུ་བོད་རྒྱལ་བཙན་པོའི་བང་སོ་རྩིག་སྟངས་ཀྱི་སྐོར་ནི་སྲོང་བཙན་ཡན་ལ་རྨུ་ལུགས་སམ་བོན་ལུགས་སུ་བརྩིགས་པ་དང་། དེ་ནས་བཟུང་ཟུར་བཞི་ཅན་ནང་པའི་ལུགས་སུ་བརྩིགས་པར་བཤད་མོད། དེ་ཡང་ཁ་ཚོན་གཏན་ནས་གཅོད་མི་ཐུབ་པ་ཞིག་ཡིན་ཏེ། པདྨ་བཀའ་ཐང་ལེའུ་བརྒྱད་ཅུ་པ་ལས། བང་སོ་འདི་དག་བོན་ལུགས་ཡིན་འདུག་པས༔ དོན་མགར་མུ་རིར་ང་ཡི་བང་སོ་བརྩིགས༔ ཞེས་གསུངས་བོན་བློན་བང་སོ་བརྩིག་ཏུ་བཅུག༔ མཆོད་རྟེན་འདི་དག་ཆོས་ལུགས་ཡིན་འདུག་པས༔ གཙུག་སྣའི་རི་ལ་ང་ཡི་མཆོད་རྟེན་བརྩིགས༔ ཞེས་གསུངས་ཆོས་བློན་ཐམས་ཅད་བརྩིག་ཏུ་བཅུག༔ ཞེས་གསུངས་པ་ལྟར་ཁྲི་སྲོང་གི་སྐབས་སུ་ཡང་བང་སོ་བོན་ལུགས་སུ་བརྩིགས་པར་བཤད་པ་དང་། གོང་དུ་སོང་པ་བཞིན་ཀུན་མཁྱེན་འཇིགས་མེད་གླིང་པའི་གཏམ་ཚོགས་ལས་ཀྱང་རྨུ་ལུགས་སུ་བརྩིགས་པའི་ཡུལ་ཞེས་འབྱུང་བ་སོགས་ཀྱིས་གསལ་བཤད་བྱས་མི་འདུག་གམ། དེ་ཡང་རྨུ་ལུགས་སམ་བོན་ལུགས་ཀྱི་བང་སོ་རྩིག་སྟངས་ཇི་འདྲ་ཡིན་གསལ་པོ་མ་ངེས་ཀྱང་། བོན་གཞུང་དུ། ཕོ་ཡི་དུར་དང་མཁར་གྱི་ས། །མཐོ་ལ་རྔམ་པ་བཟང་བ་ནི། །ཞེས་འབྱུང་བས་དཔངས་མཐོ་ཞིང་བལྟས་ན་རྔམ་བརྗིད་ཆེ་བ། དུར་རྫོངས་དང་དུར་འདེབས་པའི་ཆོ་ག་ཕུན་སུམ་ཚོགས་པོ་ཡོད་པ་སོགས་མདོར་ན་དུར་ལས་ཀྱི་སྒྲིག་གཞི་ཆ་ཚང་བ་ཡོད་པ་ཞིག་ཡིན་པར་སྙམ། དེ་ཡང་ང་ཚོའི་ཆོས་འབྱུང་ཁག་ཏུ་སྟེང་གཉིས་བང་སོ་གཡའ་དང་རྫ་ལ་བཏབ་ཅེས་པ་དང་བོན་གྱི་གཞུང་དུ་དུར་དང་མཁར་མཐོ་ལ་རྔམ་པ་བཟང་ཞེས་པ་སོགས་ལ་བསམ་གཞིག་བྱ་རྒྱུ་ཡོད་ཅིང་། ལྷག་པར་དུ་གྲི་གུམ་བཙན་པོས་བོན་བསྣུབས་པར་བཤད་པ་དང་། དེའི་སྲས་པུ་དེ་གུང་རྒྱལ་གྱིས་བོན་ཤིན་ཏུ་དར་བར་བྱས་པ་སོགས་བོན་གྱི་ལོ་རྒྱུས་ཁྲོད་གོ་གནས་ངེས་ཅན་ཡོད་པས་དཔྱད་པ་བྱ་རྒྱུ་ཡོད་པར་སེམས་སོ། །
མགར་གྱི་དཀར་ཆག་ལས་བཙན་པོ་སྲོང་བཙན་སྒམ་པོའི་བང་སོ་རྩིག་སྟངས་དང་ནང་དུ་ཅི་ཡོད་ཀྱི་སྐོར་ནི། སྲོང་བཙན་བང་སོ་ཆུ་བོའི་མདའ་རུ་ཆགས། །ཆེ་ཆུང་ཚད་ནི་དཔའ་ཆེན་མདའ་རྒྱང་གང༌། །སྟེང་གི་ཞེང་ནི་ཉག་གི་རྡོ་རྒྱང་གང༌། །ནང་དུ་ལྷ་ཁང་ལྔ་ཡི་བཞུགས་སུ་གསོལ། །བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན། །གསང་བའི་མཚན་ནི་མུ་རི་སྨུག་པོ་ཞེས། །འཛམ་བུ་གླིང་གི་ནོར་ཕུད་ལན་གསུམ་བསྡུས། །ལྷ་ཀླུ་མི་ཡི་སྐྱེ་འགྲོའི་བདེ་སྐྱིད་བསྐྲུན། །ལྷ་ཡི་རིན་ཆེན་སྣ་ལྔ་དང་། །ཀླུ་ཡི་རིན་ཆེན་སྣ་ལྔ་དང་། །མི་ཡི་རིན་ཆེན་སྣ་ལྔ་སོགས། །ས་བཅུད་གསོ་ཞིང་སྐྱེ་འགྲོའི་བདེ་ཐབས་བསྐྲུན། །ཞེས་སོགས་ཞིབ་པར་འབྱུང་བ་བཞིན་འཛམ་གླིང་ནོར་ཕུད་ལན་གསུམ་བསྡུས་ཞེས་པ་ནི་མཐའ་བཞིའི་རྒྱལ་པོ་སོགས་ཀྱིས་སྐྱེས་སུ་ཕུལ་བའི་དཀོར་ནོར་རྩ་ཆེན་དག་གི་མིང་ཡིན་ཞིང་། དཔེར་ན། རྒྱ་གར་རྒྱལ་པོའི་ནོར་གྱི་སྙིང་ཐོབ་པ། །ཨུ་ཊ་ཡ་ནའི་ཁྲབ་ཀྱི་རྒྱལ་པོ་གཅིག །བྱང་བུ་རེ་ལ་གསེར་སྲང་བྱེ་བ་རི། །དེ་ནི་ནུབ་ཀྱི་ཕྱོགས་ན་ཆེས་བཟང་བ། །རིན་ཆེན་ཟངས་ཀྱིས་བསྒྲིལ་ཏེ་སྦས་ནས་ཡོད། །རི་རྒྱལ་ལྷུན་པོའི་ཕྱོགས་ནས་རྙེད་པ་ཡིན། །རྒྱ་ནག་རྒྱལ་པོའི་ནོར་གྱི་སྙིང་ཐོབ་པ། །རིན་ཆེན་བྱུ་རུའི་རྒྱལ་མོ་ལག་གཡས་པ། །ཁྲུ་བརྒྱད་ཡོད་པའི་འོད་ཟེར་འབར་བ་ཞིག །མར་མེའི་ཚུལ་བྱས་བྱང་གི་ཕྱོགས་ན་ཡོད། །རྒྱལ་པོ་རང་གི་ནོར་གྱི་སྙིང་ཐོབ་པའི། །ནོར་བུ་འཕྱིང་བུའི་ཕུང་པོ་ཁྲུ་གང་བ། །དེ་ནི་དབུས་ཀྱི་ཕྱོགས་སུ་ཆེས་བཟང་བ། །ཟ་འོག་དག་གིས་བསྒྲིལ་ཏེ་སྦས་ནས་ཡོད། །ཧོར་གྱི་རྒྱལ་པོའི་ནོར་གྱི་སྙིང་ཐོབ་པའི། །གསེར་གྱི་མི་རྟ་གཟུགས་སུ་བྱས་པ་དག །ལེ་བརྒན་འབར་བའི་དར་སྣར་གྲིལ་ཏེ་ཡོད། །མི་རྟའི་གཟུགས་དང་མཉམ་པའི་འཕྲུལ་འཁོར་ཅན། །དེ་ནི་ཤར་གྱི་ཕྱོགས་ན་སྦས་ནས་ཡོད། །ཞེས་སོགས་བྱུང་བ་ལྟར་རོ། །ལྷ་ཁང་ལྔ་བཞེངས་ཡོད་ཚུལ་ཡང་དབུས་སུ་དམ་སྲི་མནན་ཏེ་དེའི་སྟེང་ཐུགས་རྗེ་ཆེན་པོའི་སྐུ་དང་། ཤར་ན་སྒྲོལ་མ། ལྷོ་ན་སྨན་བླ། ནུབ་ན་སངས་རྒྱས་དགའ་བའི་དཔལ། བྱང་ན་ཛམ་བྷ་ལ་བཅས་རང་རང་གི་འཁོར་གྱིས་བསྐོར་ཅིང་རྒྱན་ཆ་ལུགས་རྫོགས་པར་བཞུགས་ཤིང་གོང་དུ་སོང་བའི་རིན་ཆེན་རིགས་རྣམས་སོགས་ནོར་བུ་རྣམས་སོ་སོར་བཞག་སྟེ་བང་སོའི་ཁ་གཅོད་པའི་ཚེ། སྒོ་ཡི་ཐད་དུ་འཕྲུལ་གྱི་མི་སྟོབས་པོ་ཆེ་བཞི་དང་དེ་ཡི་གཡས་གཡོན་འཕྲུལ་འཁོར་དཔག་ཆེན་བཞི་དང་གཞན་ཡང་འཇིགས་པའི་རྣམ་གྲངས་དུ་མ་ཡོད་པ་སྟེ་གཏམ་ཚོགས་སུ་བྱུང་བའི་རླུང་སྤུ་གྲི་རེག་གཅོད་འཕྲུལ་གྱི་འཁོར་ལོ་ཞེས་པ་ཡང་འདི་ལ་ཟེར་བ་ཡིན་པར་འདོད།
བང་སོའི་ནང་དུ་རྒྱལ་པོ་དང་བཙུན་མོ་སོགས་ཀྱི་བང་སོ་ཞུགས་ཚུལ་ནི། རྒྱལ་པོ་བཀའི་ཐང་ཡིག་ལས། བང་སོ་བརྩིགས་ནས་ཡབ་ཡུམ་གསུམ་གྱི་པུར༔ གསེར་གྱིས་བྱུགས་ནས་དངུལ་གྱི་གའུར་བཅུག༔ བང་སོའི་རེའུ་མིག་དབུས་མར་ཁྲི་ལ་བཞུགས༔ གསེར་དངུལ་གཡུ་སོགས་བྲེ་ཡི་ཁལ་རེ་དང༔ རྒྱལ་པོའི་དཀོར་ནོར་གང་ཡིན་སྤྱན་སྔར་སྤུངས༔ དར་ཟབ་བླ་བྲེར་གདུགས་དང་རྒྱན་མཚན་བྲེས༔ མི་གླགས་ཚགས་ཀྱིས་ལེགས་པར་བསྡམས་པ་ལ༔ མི་ཤིགས་རྒྱ་ནི་རིམ་པ་བདུན་གྱིས་བཏབ༔ ཅེས་དང་། འཇིགས་མེད་གླིང་པའི་གཏམ་ཚོགས་སུ། ཕྱོགས་བཅུའི་སངས་རྒྱས་རྣམས་དང་ཉན་ཐོས་དང་། །བྱང་ཆུབ་སེམས་དཔའ་དམ་ཅན་ཆོས་སྐྱོང་རྣམས། །གནས་དེར་ལྷགས་ནས་བང་སོ་དེ་ལ་ནི། །བཀྲ་ཤིས་རབ་ཏུ་གནས་པའི་ཕྲིན་ལས་མཛད། །དབོན་སྲས་མང་སྲོང་བཙན་དེ་ལ་སོགས་པའི། །བློན་པོ་བོད་འབངས་འཁོར་དང་བཅས་པ་རྣམས། །མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ། །གནས་དེར་ཁྱེར་ནས་ཕྱག་དང་མཆོད་པ་ཕུལ། །དེ་ལྟར་འགྲན་མེད་རྒྱལ་པོའི་བང་སོ་དེ ། །ཡུལ་དེའི་ལྷ་སྲུང་རྣམས་ལ་བཅོལ་དམ་མཛད། །གསོལ་བ་བཏབ་ནས་སླར་ཡང་ཡུལ་དུ་བྱོན། །ཞེས་པ་དང་། ད་དུང་དུར་སྲུང་འགོ་བ་ལ་ནང་བློན་གྱི་གོ་གནས་འཛིན་པའི་བློན་པོ་ཞིག་བསྐོ་དགོས་པར་བཀའ་ཐང་སྡེ་ལྔ་ལས་གསུངས། དེ་ཡང་རྒྱལ་པོ་ལ་བློ་སེམས་ཤིན་ཏུ་དཀར་བ་ཉིན་དེ་ནས་བཟུང་ཁྱིམ་མི་གཉེན་འབྲེལ་སོགས་གསོན་གཤིན་ལྟར་འབྲེལ་བ་གཅོད་ཐུབ་མཁན་ཞིག་སྟེ། གཤིན་པོའི་ཚུལ་བཟུང་པུར་གྱི་འབངས་སུ་བསྔོས། །གཤིན་གསོན་བྱེ་བྱས་མི་ཡི་ཁྱུ་ནས་བུད། །ཅེས་པ་ལྟ་བུ་ཞིག་དགོས་ལ། འཚོ་བའི་ཕྱོགས་ནས་དུར་སྲུང་བ་རང་ལ་དབང་བའི་ས་ཞིང་དང་འབྲོག་ཐང་སོགས་གནང་སྲོལ་ཡོད་ཅིང་། དམག་དང་ཁྲལ་སོགས་ལས་དོན་གཞན་གང་ཡང་མི་དགོས་སོ། །འདི་ནི་མཚོན་པ་ཙམ་སྟེ་བང་སོ་གཞན་རྣམས་ལ་ཡང་སྤྱིའི་ཆ་ནས་འདིས་མ་ཁྱབ་པ་མེད་པར་འདོད་པས་རིགས་འདྲེ་བར་བྱའོ། །
གསུམ། འཕྱོངས་རྒྱས་བང་སོ་དག་གི་ངོ་སྤྲོད།
མགར་གྱི་དཀར་ཆག་ཏུ། ཁྲི་གཉན་བང་སོ་དོན་མཁར་མདའ་རུ་བརྩིགས། །དེ་ཡང་ཕུལ་མེད་ས་ཕུང་བརྡལ་འདྲ་ཡོད། །ཞེས་པ་སོགས་དོན་མཁར་མདའ་ལ་ཁྲི་གཉན་གཟུངས་བཙན་དང་། འབྲོང་གཉན་ལྡེའུ། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན། གུང་རི་གུང་བཙན། ཁྲི་རལ་བ་ཅན་སོགས་ཀྱི་བང་སོ་བརྩིགས་པར་བཤད་པ་དང་། ཡང་དེ་ཉིད་ལས། སྲོང་བཙན་བང་སོ་འཕྱོང་ཕུའི་མདའ་རུ་ཡོད། །ཆེ་ཆུང་ཚད་ནི་དཔའ་ཆེན་མདའ་རྒྱང་གང༌། །ཞེང་གི་ཚད་ནི་ཉང་གི་རྡོ་རྒྱང་གང༌། །ནང་ན་ལྷ་ཁང་ལྔ་ཡང་བཞུགས་སུ་གསོལ། །བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན། །གསང་བའི་མཚན་ནི་སྨུ་རི་སྨུག་པོ་ཞེས། །འཛམ་བུ་གླིང་གི་ནོར་ཕུད་ལན་གསུམ་བསྡུས། །ཞེས་གསུངས་པས་འཕྱོང་བོའི་མདའ་རུ་བརྩིགས་པའི་བང་སོ་ལས་ཆེས་སྔ་བ་སྲོང་བཙན་གྱི་བང་སོ་ཡིན་ཞིང་མིང་གཞན་ལ་བང་སོ་དམར་པོ་ཞེས་ཀྱང་བྱ། ཁ་དོག་གི་ངོས་ནས་བཤད་ན་མདོག་དམར་པོ་ནི་བོད་རིག་པས་འདོད་པའི་ཞི་རྒྱས་དབང་དྲག་གི་ལས་བཞི་ལས་དབང་གི་ལས་མཚོན་ཞིང་། བཙན་པོ་སྲོང་བཙན་སྟོབས་ཀྱི་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་ལྟ་བུ་ཞིག་ཡིན་པར་མཚོན་པར་སེམས།དེ་ཡང་བཙན་པོ་ཁག་གི་སྐུ་པུར་དང་། བླ་ཆེན་ཁག་གི་སྐུ་གདུང་བཞུགས་ཚང་མ་དམར་པོ་ཡིན། དཔེར་ན་རྩེ་ཕོ་བྲང་དམར་པོར་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་སྐུ་གདུང་བཞུགས་པ་སོགས་ཁ་དོག་དམར་པོ་ཡིན་པ་འདི་ལ་བསམ་གཞིག་བྱ་རྒྱུ་ཡོད་ཅིང་། འདི་ལ་རིག་གནས་གང་ཞིག་གི་ངོས་ནས་ཐུན་མིན་གྱི་མཚོན་དོན་མང་པོ་ཡོད་དོ། །དེའི་ཕྱོགས་བཞི་དང་དཀྱིལ་བཅས་སུ་ལྷ་ཁང་ཡང་བཞེངས་ཡོད། འཕྱོང་བོའི་མདའ་ནི་མུ་ར་རིའི་མདུན་གྱི་ཐང་དཀྱིལ་གཡོན་ཕྱོགས་སུ་ཅུང་ཉེ་བའི་ས་ལ་བྱ་ཞིང་། དེང་སང་དེའི་ཉེ་འཁོར་ན་ཡོད་པའི་གྲོང་སྡེ་ལ་གྲོམ་རྩེ་གྲོང་ཟེར་ཞེས་ཡུལ་མི་དག་གིས་ཁོ་བོ་ཡུལ་དངོས་སུ་རྟོག་ཞིབ་བྱ་སྐབས་བཤད་བྱུང་། ཡང་དེ་ཉིད་ལས། གུང་རི་གུང་བཙན་བང་སོ་དོན་མདར་བརྩིགས། །གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་བཞུགས། །མིང་ནི་གུང་རི་གུང་རྗེ་ཞེས་བྱར་གྲགས། །མང་སྲོང་བང་སོ་སྲོང་བཙན་གཡོན་ན་ཡོད། །བང་སོ་དེ་ཡང་རིན་ཆེན་ནོར་གྱིས་བཀང་། །མིང་ནི་མདོ་གཞེར་ཧྲལ་པོ་ཟེར་བ་ཡིན། །འཕྲུལ་རྒྱལ་བང་སོ་མང་སྲོང་གཡོན་ན་ཡོད། །བང་སོ་ལྷ་རི་ཅན་ཞེས་གྲགས་པར་འགྱུར། །ཁྲི་ལྡེ་གཙུག་བརྟན་མེ་ཡི་ཨག་ཚོམ་གྱི། །བང་སོ་མུ་ར་རི་ལ་བརྩིགས་པ་ཡི། །གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། །མིང་ནི་ལྷ་རི་གཙུག་ནམ་བྱ་བ་ལགས། །ལྗང་ཚ་ལྷ་དབོན་བང་སོ་མེས་ཀྱི་མདུན། །ཟླུམ་པོར་བརྩིགས་ནས་གཏེར་མང་སྦས་སོ་སྐད། །ཁྲི་སྲོང་བང་སོ་མུ་ར་རི་ལ་བརྩིགས། །གྲལ་ནི་ཡབ་ཀྱི་རྒྱབ་ལྗོངས་གཡས་ན་ཡོད། །དེ་ནི་མ་གྲོངས་པ་ནས་ཉིད་ཀྱིས་བརྩིགས། །མིང་ནི་འཕྲུལ་རི་གཙུག་སྣང་བྱ་བ་ལགས། །དེ་ཡི་རྩ་ན་རྡོ་རིངས་གཅིག་ཀྱང་ཡོད། །བང་སོ་ཕྱི་རྒྱན་ཅན་ཞེས་གྲགས་པར་འགྱུར། །ཞེས་བཤད་པ་སྟེ་རྡོ་རིང་དེ་ཕོ་བྲང་ཕྱིང་བ་སྟག་རྩེའི་འདབས་ཀྱི་དེང་གི་འཕྱོངས་རྒྱས་རྫོང་དཀྱིལ་ཐང་ཆེན་ཞིག་ཏུ་གདན་དྲངས་ཡོད་ཅིང་། མིང་གཞན་ལ་འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་ཞེས་ཀྱང་འབོད་དོ། །འདིའི་རྡོ་རིང་གི་ངོས་ཀྱི་ཡི་གེ་རྣམས་ད་ལྟ་མི་གསལ་ཡང་ཀ་ཐོག་ཚེ་དབང་ནོར་བུའི་ཕྱག་དཔེ་ལས་བྱུང་ཞིང་བཤུས་ཡིག་ཆ་ཚང་བ་བཞུགས་པས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན།
ལྷ་སྲས་མུ་ནེ་བཙན་པོའི་བང་སོ་ནི། །ཨག་ཚོམ་བང་སོའི་གཡས་ངོས་མདུན་ན་ཡོད། །མིང་ནི་ལྷ་རི་ལྡེམ་པོ་ཟེར་རོ་སྐད། །འབྲིང་པོ་མུ་རུབ་བང་སོ་དོན་མདར་བརྩིགས། །མིང་ནི་གྱང་རི་གྱང་ལྡེམ་བྱ་བར་གྲགས། །ཐ་ཆུང་སད་ན་ལེགས་ཀྱང་དེ་ཡི་ཕྱོགས། །ལ་ལ་འཕྲུལ་རྒྱལ་མདུན་ན་ཡོད་པར་སྨྲ། །ཁྲི་ལྡེ་སྲོང་བཙན་གྲལ་ནི་འཕྲུལ་རྒྱལ་མདུན། །ཡུམ་གྱི་ཆབ་གང་དགོངས་པས་གནས་ཀྱིས་མཐོང་། །དེ་ཡང་མ་གྲོངས་གོང་དུ་རང་གིས་བརྩིགས། །མིང་ནི་རྒྱལ་ཆེན་འཕྲུལ་གཞིར་བྱ་བ་ལ། །དེ་ཡི་མདུན་ལ་བརྩིགས་ཀྱི་རྡོ་རིང་ལ། །རྒྱལ་ཁམས་བདེ་ལ་བཀོད་པའི་དཀར་ཆག་བྲིས། །ཞེས་གསུངས་པ་སྟེ། ཐ་ཆུང་སད་ན་ལེགས་དང་ཁྲི་ལྡེ་སྲོང་བཙན་གཉིས་སོ་སོའི་བགྲང་འདུག་པ་དང་། གཏམ་ཚོགས་སུ་ཁྲི་ལྡེ་སྲོང་བཙན་ནི་ཁྲི་རལ་ཡིན་པར་བཤད་ཀྱང་ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་རྡོ་རིང་ལས་ཁྲི་ལྡེ་སྲོང་བཙན་གྱི་སྲས་ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་ཡིན་པར་དངོས་སུ་བསྟན་པ་དང་། ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་བཞག་པའི་སངས་རྒྱས་ཆོས་མི་བསྣུབ་པའི་ཕྱིར་དུ་རྒྱལ་བློན་བར་ལ་བཀའ་གཙིགས་ལས། བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་འདི། བཟང་ཞིང་ཆེད་ཆེ་སྟེ། མི་མཛད་དུ་མི་རུང་ནི་ངན་རྟགས་དང་གཏན་ཚིགས། ཡབ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཆོས་ནམ་དུ་ཡང་མྱི་གཞིག་པར་གཙིགས་མཛད་པའི་བླང་ནན་དང་། ཞེས་སོགས་བྱུང་བ་ཁུངས་བཙན་ནོ། །
ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་ངམ་མིང་གཞན་རྒྱལ་ཆེན་རྡོ་རིང་ནི་ད་ལྟ་ཡང་དེར་འདུག་ཅིང་། བར་ལམ་རྡོ་རིང་ས་འོག་ཏུ་ནུབ་ནས་རྡོ་རིང་གི་སྨད་ཆའི་ཡི་གེ་ཆ་ཚང་བཤུ་ཐུབ་མེད་ཀྱང་སྟོད་ཀྱི་ཆ་ལ་ཡོད་པའི་ཡི་གེ་ཀ་ཐོག་ཚེ་དབང་ནོར་བུ་སོགས་ཀྱི་ཕྱག་དཔེ་ལས་ཐོན་པ་ད་ལྟ་མཇལ་དུ་ཡོད་ལ་ཤིན་ཏུ་རྩ་ཆེ་བ་ཡིན། (མཆན། ཁྲི་སྲོང་ལྡེའུ་བཙན་གྱི་བང་སོའི་རྡོ་རིང་དང་། རྒྱལ་ཆེན་བང་སོའི་རྡོ་རིང་གཉིས་ཀྱི་སྐོར་ལ་ངོ་སྤྲོད་བསྡུས་པ་རེ་ཟུར་དུ་ཡོད་པས་དེར་གཟིགས་པར་ཞུ།)
རལ་བ་ཅན་གྱི་སྐོར་གཏམ་ཚོགས་སུ་མ་བྱུང་བས་གསང་བ་ཡང་ཆུང་ལས། རལ་བ་ཅན་ནི་དོན་མདའི་གཡོན་ན་བཞུགས། །མིང་གི་ཁྲི་སྟག་སྨང་རི་ལགས་སོ་སྐད། །ཞེས་དང་། རྒྱ་བོད་ཡིག་ཚང་ཆེན་མོ་ལས། ཁུ་ཆེན་རལ་བ་ཅན་གྱི་བང་སོ་ནི། །དོན་མཁར་མདའི་གཡོན་གྱི་ཕྱོགས་ན་ཡོད། །མིང་ནི་ཁྲི་སྟེངས་རྨང་རི་ལེགས་སོ་སྐད། །དེའི་ཙ་ན། རྡོ་རིངས་ཡི་གེ་མེད་པ་གཅིག་ཀྱང་ཡོད། །དེ་ལྟར་རྒྱལ་པོ་ལ་སྲས་མེད། །ལྷ་ཁང་ལ་མངའ་གསོལ་མེད། །བང་སོ་ལ་ནོར་མེད། །རྡོ་རིངས་ལ་ཡི་གེ་མེད། །ཅེས་བཤད་པས་དོན་མདའི་རལ་བ་ཅན་གྱི་བང་སོའི་རྩ་ན་རྡོ་རིང་ཡི་གེ་མེད་པ་ཞིག་ཡོད་པར་བཤད། འོན་ཀྱང་ད་ལྟ་རྡོ་རིང་དེ་མཐོང་ལམ་དུ་མེད་ཅིང་། རལ་བ་ཅན་གྱི་བང་སོ་ཡང་གང་ཡིན་གཏན་ཁེལ་བ་ཞིག་མེད་དོ། །ཡང་མགར་གྱི་དཀར་ཆག་ཏུ། གདུང་རབས་མནྡཱ་ར་བའི་ཕྲེང་བ་ལ། །ར་ཀ་ཝཱི་རའི་ཆུན་འཕྱང་གླང་དར་གྱི། །བང་སོ་འཕྲུལ་དང་རྒྱལ་ཆེན་བར་བརྩིགས་པ། །འཕྲོ་ཅན་ཉིད་དུ་ལུས་ཡོད་འོད་སྲུངས་བང་། །འཕྲུལ་གྱི་རྒྱལ་པོའི་རྒྱབ་ན་བརྩིགས་པ་སྟེ། །དེ་ཕྱིན་བང་སོ་རྩིག་པའི་སྲོལ་ནུབ་ནས། །བོད་འབངས་སིལ་བུར་འཐོར་བའི་མགོ་བརྩམས་སོ། །ཞེས་གསུངས་པ་སྟེ་ཁྲི་གཉན་ཟུང་བཙན་ནས་མངའ་བདག་འོད་སྲུང་གི་བར་གྱི་བང་སོ་རྣམས་ནི་མུ་ར་རི་དང་དོན་མཁར་མདའ་ལ་བརྩིགས་པར་བཤད་དོ། །
གོང་དུ་བཤད་པའི་བཙན་པོ་དག་ལས་གཞན་ད་དུང་བཙུན་མོ་སྐོར་ཞིག་གི་བང་སོ་ཡང་དེར་ཡོད་པར་བཤད་དེ། གསང་བ་ཡང་ཆུང་ལས། སྲིད་ཀྱིས་མ་ཟིན་ཇོ་མོའི་བང་སོ་ནི། །ཨོང་ཅོང་བང་སོ་དོན་མདའི་གཡོན་ན་ཡོད། །དེའི་རྩ་ན་མོང་བཟའ་ཁྲི་མོ་འབྲོང་སྙོད་ཡོད། །དེའི་རྩ་ན་རུ་ཨོང་བཙན་མོ་མཚོ་ཡང་ཡོད། །དེའི་རྩ་ན་མནོ་བཟའ་མར་དཀར་ཡོད། །ཚེ་སྤོང་འབྲི་མ་ཐོད་ཀར་ཡབ་ཀྱི་གཡས་ན་ཡོད། །མིང་ནི་བང་སོ་གཡུལ་མོའི་བང་ཞེས་བྱ། །འདོས་བཟའ་སྟོང་བཙུན་འབྲོ་དཀར་ཡབ་ཀྱི་གཡོན། །ཚེ་སྤོང་དམར་རྒྱལ་དོན་མཁར་ཤུ་དྲ་རི། །སྣ་ནམ་དབྱིབས་སྟེང་པ་ཡབ་སྲས་གཡོན་ཟུར་ན། །འབྲོ་བཟའ་སྟོང་དཀར་ཕྱི་མོ་ལོད་ནི་སྲས་ཀྱི་གཡོན་ཟུར་ཕར་ཚད་ན། །ཕྱི་མ་བཅུ་གཅིག་ལྡེའུ་སྲས་སོ་སྐད། །སྲིད་མ་ཟིན་པའི་ཇོ་མོ་བརྒྱད་ལ། །ལྗང་མོ་ཁྲི་བཙུན་སྙེན་སྟེངས་སྙེན་མ་ལོད། །འབྲོ་བཟའ་མ་ཁང་གསིང་མ་ལོད། །ཚེ་སྤོང་བཟའ་ཁྲི་མ་གུང་རྒྱལ། །འབྲོ་བཙུན་ཁྲི་མོ་ལེགས། །མཁར་ཆེན་བཟའ་མཚོ་རྒྱལ། །ཞང་ཞུང་བཟའ་སྔོ་བཞེར་ལོག་ཏི་སྨན། །མཆིམས་བཟའ་དང་བརྒྱད་བང་སོ་བརྩིགས་སོ། །ཞེས་གསུངས་པ་ལྟར་རོ། །འདིར་བཀོད་པ་རྣམས་ནི་རྒྱལ་པོའི་བུ་སྲིད་མ་ཟིན་པའི་བཙུན་མོ་ཁག་ཅིག་གི་བང་སོ་ཡིན་པར་བཤད་པ་ཡིན་ལ། དེ་ཡང་བུ་སྲིད་ཟིན་ཞིང་རྒྱལ་རྒྱུད་ཡོད་མཁན་རྣམས་ནི་རང་གི་ཕ་ཡུལ་དུ་བང་སོ་བརྩིགས་ཏེ་མི་རབས་ནས་མི་རབས་སུ་མཆོད་པ་དང་བཀུར་སྟི་བྱ་སྲོལ་ཡོད་པ་གཙང་གི་ལྷ་རྩེའི་བང་སོའི་ཚོགས་དང་སླེབས་རིའི་བང་སོའི་ཚོགས་དག་གིས་ཀྱང་ཤེས་ནུས་སོ། །
བཞི། འབངས་གྱེན་ལོག་སྐབས་བང་སོ་ཇི་ལྟར་བྲུས་ཚུལ།
མཐར་བཙན་པོ་དར་མ་འུ་དམ་བཙན་སྐུ་བཀྲོངས་ཤིང་། གདུང་རྒྱུད་ནང་ཁུལ་ཕྱོགས་ཁག་གཉིས་སུ་གྱེས་ནས་ནང་འཁྲུག་བྱུང་བ་དང་། སྐབས་དེའི་སྲིད་ཐབས་ལ་འབངས་མི་རྣམས་མ་དགའ་བས་ས་ཆ་སོ་སོར་ཁེང་ལོག་བྱུང་ཞིང་། ཤུད་པུ་སྟག་རྩེ་རྗེ་སོགས་དཔོན་ཚན་པ་དག་གིས་བཙན་པོའི་བང་སོ་བྲུས་པ་སྟེ། ལྡེའུ་ཆོས་འབྱུང་ལས། གཉགས་ཀྱིས་དོན་མཁར་མདའ་ཡི་བང་སོ་བྲུས། །ཤུད་པུས་སེང་གེ་ཅན་གྱི་བང་སོ་བྲུས། །འཕྲུལ་རྒྱལ་བང་སོ་གྲེང་འཕྱོས་ཁུ་ཡིས་བྲུས། །སྔོ་བཞེར་སྙི་བས་ཐོབ་སྟེ་འབྲུ་འཕྲོར་ལུས། །སྲོང་བཙན་འབྲོ་ཅོག་གཉིས་ཀྱིས་ཐོབ་སྟེ་ལུས། །གཉགས་ཁྱིམ་རྒྱུད་ཀྱིས་དོན་དོན་མཁར་མདའི་བང་སོ་སྟེ་དེར་ཁྲི་གཉན་གཟུངས་བཙན་ནས་འབྲོང་གཉན་ལྡེའུ། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན། ཁྲི་རལ་བ་ཅན་སོགས་ཀྱི་བང་སོ་ཡོད་པས་གང་བྲུས་པ་གསལ་པོ་མེད། ཚེ་སྤོང་ཁྱིམ་རྒྱུད་ཀྱིས་རྒྱལ་ཆེན་བང་སོ་སྟེ་ཁྲི་ལྡེ་སྲོང་བཙན་གྱི་བང་སོ་བྲུས་པ་དང་། ཤུད་པུ་དང་གྲེང་འཕྱོས་ཁུ་རྣམས་ཀྱིས་སེང་གེ་ཅན་གྱི་བང་སོའམ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་རྒྱལ་གྱི་བང་སོ་བྲུས། སྔོ་བཞེར་སྟེ་མང་སྲོང་གི་བང་སོ་ནི། སྙི་བ་ལ་ཐོབ་ཀྱང་འབྲུ་འཕྲོར་ལུས་པ་སྟེ་རྒྱུ་རྐྱེན་གང་ཡིན་མ་ངེས། སྲོང་བཙན་བང་སོ་ནི་འབྲོ་དང་ཅོག་ཁྱིམ་རྒྱུད་ལ་ཐོབ་ཀྱང་མ་བྲུས་པར་ལུས་པར་བཤད་པ་སྟེ། རིག་འཛིན་འཇིགས་གླིང་གིས། བང་སོའི་དབྱིངས་ལ་ཆུ་ཕུར་གྱི་མིག་ལ་བལྟར་མི་མངོན་པའི་རླུང་སྤུ་གྲི་རེག་གཅོད་འཕྲུལ་གྱི་འཁོར་ལོའི་རྣོ་དབལ་དང་། གནོད་སྦྱིན་དཀར་པོའི་ཕྱོགས་ལ་དགའ་བ་མི་མ་ཡིན་གྱི་ཚོགས་རྣམས་ཀྱིས་རྟག་ཏུ་སྲི་ཞུ་དང་སྲུང་བར་བྱེད་པས་ནག་པོའི་རྩ་ལག་གླང་དར་མ་འུ་དུམ་བཙན་གྱིས་ཀྱང་བང་སོ་གཞན་རྣམས་ཉམས་དམས་པར་བྱས་པའི་ཚེ་འདི་ལ་རྨ་དབབ་པར་མི་ནུས་པ་ནི་ཁྱད་གཞི་ཚད་མར་གྱུར་པའོ་ཞེས་གསུངས་པ་ལྟར་སྲོང་བཙན་བང་སོ་ཉམས་པ་མེད་པར་བཤད།བང་སོ་བྲུས་པ་འདིའི་དོན་གནད་འགའ་ཞིག་མཚོན་པར་འདོད་དེ། གཅིག་སྤུ་རྒྱལ་བཙན་པོའི་དབང་ཐང་རྩ་བ་ནས་ཉམ་དམས་སུ་ཕྱིན་པ། གཉིས་ཤུད་པུ་དང་གཉགས་སོགས་སྐབས་དེའི་རྗེ་དཔོན་ཚན་པ་མང་པོ་ཞིག་བཙན་པོ་ལ་བློ་གཏིང་ནས་ལོག་པ། གསུམ་སོ་སོའི་རྒྱུ་ནོར་ཐོབ་འདོད་གྱི་རྔམ་སེམས་བཅས་ཡིན་པར་སེམས་སོ། །
འབྲེལ་ཡོད་འོས་སྦྱོར།