logo

བཙན་པོའི་རྒྱལ་རབས་མཇུག་སྒྲིལ་བའི་རྐྱེན་ངོ་མ་དེ་གང་ཡིན་ནམ།

རྩོམ་པ་པོ།:བན་ཤུལ་དཔལ་མཁར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-28 ཀློག་གྲངས།:
གསང་སྔགས་ཀྱིས་མཇུག་བསྡུས་པའི་བཙན་པོའི་རྒྱལ་རབས།
                                    —ལྷ་ལུང་དཔལ་རྡོར་གྱི་མི་ཚེའི་བྱུང་བ་གཞིར་བཟུང་ནས་དཔྱད་པ། 
བན་ཤུལ་དཔལ་མཁར་རྒྱལ།

        གནུབས་ཀྱི་བཙུན་པ་ལྷ་ལུང་དཔལ་རྡོར་ནི་དུས་རབས་བརྒྱད་པའི་ལོ་རབས་བདུན་ཅུ་བ་ཙམ་དུ་འབྲོམ་སྟོད་གུར་མོ་ཆེར[1]སྐྱེས་ཤིང་། ཡུལ་དེ་ནི་དིང་སང་གི་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་འབྲོམ་སྟོད་ཤང་སྙན་རོང་ཡུལ་གྱི་ཉེ་འདབས་སུ་གུར་པ[2]ཞེས་པའི་ས་ཆར་ཡོད། ལོ་ན་ཆུང་ངུའི་དུས་ཀྱི་སྐྱ་མིང་ལ་སྟག་ཉ་བཟང་དུ་འབོད་ཅིང་། གཙང་གི་གྲོ་ཤོད་སོགས་ལ་དབང་བསྒྱུར་ནས་དམག་དཔོན་བྱས་ཤིང་དོན་ཐོབ་ཀྱི་མིང་ལའང་དཔོན་སྟག་ཉ་བཟང་ཞེས་སུ་འབོད་ལ། རང་ལོ་བཅུ་བདུན་པར་སྤ་གྲོ་སྟག་ཚངས[3]ཞེས་པའི་ས་ཆར་རྒྱ་གར་གྱི་གསང་སྔགས་སློབ་དཔོན་ཆེན་མོ་པདྨ་སམ་བྷ་ཝ་ལ་མཇལ་ཁ་ཞུས་ཡོད་ཅེས་གསལ་ཡང་། རྒྱལ་རབས་ཀྱི་ལོ་ཚིགས་སོགས་གུང་བསྒྲིགས་ན། དེ་ནི་དོན་དངོས་ཡིན་མིན་སོགས་ལ་ངེས་པར་དཔྱད་དགོས་པ་ཞིག་རེད། གང་ལྟར། ཚུལ་དེ་ལས་སྔགས་ལ་དང་དོད་ཤིན་ཏུ་ཆེ་བའི་གང་ཟག་ཅིག་ཡིན་པ་རྗེས་སུ་དཔག་ནུས་སོ།།
        དེ་ནས་རང་ལོ་ཉི་ཤུའི་སྟོད་ཙམ་དུ་རྒྱ་བོད་གཡུལ་འཁྲུག་ཆེན་མོའི[4]འགོ་དངོས་སུ་བརྩམས་ཤིང་། བོད་ཁམས་སྤྱི་ནས་ཞང་བློན་ཆེན་མོ་སྟག་སྒྲ་ཀླུ་གོང་སོགས་མཐའི་སོ་དམག་སྣེ་དཔོན་ལ་འདེམས་བསྐོ་གནང་དུས་སུ། དཔོན་སྟག་ཉ་བཟང་ཡང་དེའི་ཁོངས་སུ་ཚུད་དེ་དམག་འཐབ་ལ་ཞུགས་ཡོད་ལ། དཔའ་ངར་ཞུམ་མེད་སྒོ་ནས་རྒྱ་བོད་བྱེ་མའི་ཐོག་ཏུ་བཙན་དམག་རྣམས་བཏུལ་བ[5]དང་རྒྱ་བོད་ས་མཚམས་བསྲུང་བའི[6]ལས་ལ་འབད་སྟབས། རིན་པོ་ཆེ་གཡུའི་གཡུང་དྲུང་གི་གོ་ཐོབ[7]དང་སྟོང་སྡེ་ཡི་བྲན་ཁྱིམ་སོགས་ཀྱང་བྱ་དགར་བསྩལ་ཡོད། 
        ཡིན་ནའང་། དུས་ཕྱིས་དཔོན་སྟག་ཉ་བཟང་གི་བསམ་བློ་ལ་འགྱུར་བ་ཕྱིན་ནས་གསང་སྔགས་ཀྱི་ཆོས་ཉམས་ལེན་བྱེད་པའི་འགོ་ཚུགས་ཡོད། རྐྱེན་དེ་ནི་སྐབས་དེའི་ཆོས་པ་རྣམས་ཀྱིས་དམག་འཁྲུག་ལ་སྡིག་བཤགས་བྱེད་པའི་ཕྱིར། ཞང་བློན་གདུག་པ་ཅན་རྣམས་ཆོས་ལ་འགུག་པའི་ཐབས་ཤེས་སྣ་ཚོགས་བྱེད་བཞིན་ཡོད། རེ་ཞིག་གི་ཚེ་སྟག་ཉ་བཟང་གི་དབུ་རྨོག་གི་ཏོག་ནང་ལ་ཡི་གེ[8]ཞིག་སྦས་ཡོད་ཅིང་། དེ་ནི་སྐབས་དེ་གའི་ཆོས་པ་རྣམས་ཀྱི་བསམ་བློ་མཚོན་ཐུབ་པའི་བརྗོད་བྱ་ཉག་གཅིག་སྟེ། ཡི་གེ་དེ་ནི། བྲ་ཉེ་ལ་ནི་གང་སྐྱེས་པ། །རྐང་མཐིལ་རྨེ་བ་དམར་པོ་ཅན། །ཤི་ནས་དམྱལ་བར་སྐྱེ་བར་འགྱུར། །[9]ཞེས་པ་དེ་རེད། ཡི་གེ་དེ་ནི་དཔོན་སྟག་ཉ་བཟང་གི་བསམ་པ་ཆོས་ཕྱོགས་སུ་བསྒྱུར་བའི་ཐབས་ལམ་གལ་ཆེན་ཞིག་སྟེ། སྐྱེས་པའི་གཟའ་སྐར་ཡག་པོ་མེད་ཚུལ་བཤད་པ་དང་གཅིག ལུས་ཀྱི་ཆ་ཤས་སུ་རྨེ་བ་དམར་པོའི་མཚན་མ་ཡག་པོ་མེད་ཚུལ་དང་གཉིས། ཤི་ན་དམྱལ་བར་སྐྱེ་བར་འགྱུར་ཚུལ་དང་གསུམ་གྱི་ཆ་ནས། སྟག་ཉ་བཟང་གི་སྐྱེས་པ་ནས་ཤི་བའི་བར་གྱི་དུས་ཚོད་ནི། ཀུན་གྱིས་དང་ལེན་བཤད་དཀའ་བའི་འཆི་བ་དང་དམྱལ་བར་སྦྱར་ནས་སྤྱི་སྡོམ་བྱས་ཡོད།
        རྐྱེན་དེ་ལྟར་དུ། སྟག་ཉ་བཟང་གི་བསམ་ཚུལ་ལ་འགྱུར་བ་ཕྱིན་ནས། རྒྱ་གར་ནུབ་ཕྱོགས་གླང་བོའི་ཚལ་གྱི་རྫོགས་པ་ཆེན་པོའི་སློབ་དཔོན་ཆེན་མོ་བི་མ་ལ་མི་ཏྲ[10]འམ་དྲི་མེད་བཤེས་གཉེན་ལས་རབ་ཏུ་བྱུང་ནས་ཆོས་མིང་ལ་དཔལ་གྱི་རྡོ་རྗེ་ཞེས་འབོད་པ་དང་། ཁྱིམ་རྒྱུད་ཀྱི་བསམ་བློར་ཡང་འགྱུར་བ་ཕྱིན་ནས་སྤུན་མཆེད་གཞན་གཉིས་ཀྱང་རབ་ཏུ་བྱུང་ཏེ། ཆོས་ཀྱི་མིང་ལ་རབ་འབྱོར་དབང་བོ་དབྱངས་དང་དཔལ་གྱི་དབྱངས[11]ཞེས་བཏགས་ཡོད། དཔལ་གྱི་རྡོ་རྗེ་ཡིས་དང་པོ་གྲིབ་ཀྱི་དཀར་མོ་རོང་ནས་ཆོས་ཀྱི་སློབ་སྦྱོང་དང་སྒོམ་སྒྲུབ་ཉམས་ལེན་གྱི་དབུ་ཚུགས་པ་དང་། ཕྱིས་སུ་གྲགས་ཆེ་བའི་བསམ་ཡས་དགོན་པར་ཕེབས་ཏེ། ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར[12]རྩ་བའི་སློབ་དཔོན་དུ་བསྟེན་ནས་གསང་སྔགས་ལ་སློབ་གཉེར་བྱས་ཡོད། སྐབས་དེར་བོད་ཁམས་ན་གྲགས་ཆེ་བའི་གཉགས་ལོའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་གྲས[13]སུའང་ཚུད་ཡོད་ལ། རིམ་བཞིན་སྙན་པའི་གྲགས་པ་ཆེར་རྒྱས་ནས་བསམ་ཡས་མཁན་རབས་དགུ་བར[14]བཞུགས་པ་དང་། བོད་ཁམས་ནས་དགེ་སློང་དཔལ་གྱི་རྡོ་རྗེ[15]ཞེས་པའི་ཆོས་ཀྱི་གོ་གནས་ཀྱང་གལ་ཆེན་གནང་ཡོད།
        ཕལ་ཆེར། དཔལ་གྱི་རྡོ་རྗེ་དགུང་གྲངས་ལྔ་བཅུའི[16]སྟོད་ཙམ་དུ། གླང་དར་མའི་ནང་བློན་དབས་རྒྱལ་ཏོ་རེ་དང་ཕྱི་བློན་རྒྱལ་ཚ་ཁྲི་འབུམ་སོགས་ཀྱིས་ཆོས་ཁྲིམས་ལ་འགལ་བ[17]མང་དུ་བྱས་ནས་བྱས་པ་དང་། ཁྱད་པར་དུ་གསང་སྔགས་ཀྱི་པོ་ཏི་ལ་ཀོ་ཐུམ་བརྒྱབ་ནས་ཕྱིར་རྒྱ་གར་དུ་བསྐྱལ[18]པ་སོགས་སྔགས་པས་སྲིད་ཀྱི་གོ་གནས་འཕྲོག་པར་དམིགས་ནས་སྲིད་ལུགས་གསར་བསྒྱུར་གྱི་དབུ་བརྩམས་ཤིང་། སྐབས་དེར་གནུབས་ཀྱི་སྔགས་པར་དབང་བསྒྱུར་དང་ཚོད་འཛིན་བྱས་པའི་བསམ་ཡས་དགོན་པའི་རབ་བྱུང་བའི་གྲངས་ཀར་ཚོད་འཛིན[19]དང་འཚོ་བ་བླ་ནས་སྦྱོར་བའི་རྒྱུན་བཅད་སྟབས་བོད་རུ་བཞིའི་ཡུལ་དུ་རྒྱལ་པོ་བཤད་ཡམས་སྣ་ཚོགས་བཟོས་ནས་དར་བ་དང་། ཁྱད་པར་དུ་བསམ་ཡས་དགོན་པའི་འཚོ་བ་དང་སྒྲིག་གཞི་སོགས་ཟང་ཟིང་ལང་ལོང་དུ་གྱུར་ཡོད་ལ། ལོ་ཙཱ་བ་རྣམ་དག་དང་མཆོད་གནས་རྣམས་ཀྱིས་མངའ་བདག་རལ་བ་ཅན་གྱིས་ཆོས་དང་མཐུན་པར་མཛད་པ་འབངས་ཀྱི་སོ་ཚིལ་སོགས་ལ་འདི་ལྟར་ལགས[20]ཞེས་གླང་དར་མར་ཞུ་ཡིག་ཀྱང་ཕུལ་ཡོད་མོད། བཙན་པོས་སྔགས་ལོག་པ་དང་ཆོས་ལོག་པ་འཇོལ་ཉོག[21]ཏུ་དར་ཆེ་བས་སྤྱི་ཚོགས་ཡོངས་ལ་ཤིན་ཏུ་གནོད་པར་དགོངས་ཏེ། དབུས་ཀྱི་དཔལ་ཆེན་ཆུ་བོ་རིའི་གསང་སྔགས་ཀྱི་སྒོམ་གྲྭ་སོགས་ལ་བཀག་སྡོམ་བྱེད་པའི་བཅོས་བསྒྱུར་གྱི་དབུ་ཚུགས་ཡོད།
        དེ་ལྟར་གནུབས་ཀྱི་རུས་རྒྱུད་དང་བཙན་པོའི་བར་ཞི་བའི་སྒོ་ནས་ཆིངས་འགྲིག་ཡོང་བར་འབད་བརྩོན་གནང་ཡོད་ནའང་། མཐའ་མར་བཙན་པོའི་བཀའ་ལ་བཟློག་ཐབས་མེད་པ་ཤེས་ནས། གནུབས་ཀྱི་ཁྱིམ་རྒྱུད་ཀྱིས་རྒྱལ་བོ་བཀྲོངས་བའི་ཇུས་གཞི་བཏོན་ཡོད་ལ། དེ་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་བཙན་པོ་བཀྲོངས་པའི་ཕྱིར་ཏུ་བལ་ཡུལ་ལ་ལོ་གསུམ་ཙམ་རིང་ངན་སྔགས་སྦྱང[22]བར་སོང་པ་དང་། བཙན་པོས་བཅོས་བསྒྱུར་གྱི་གོམ་ཁ་ཤིན་ཏུ་མགྱོགས་པས། གནུབས་ཆེན་ཚུར་མ་སླེབས་པར་གནུབས་ཀྱི་བཙུན་པ་ལྷ་ལུང་དཔལ་རྡོར་གྱིས་ལག་བསྟར་ནས་བཀྲོངས་པའི་གནས་ཚུལ་བྱུང་ཡོད། དེའི་ཕྱིས་སུ། བཙན་པོའི་རྒྱལ་རབས་ཀྱི་མྱུལ་ཞིབ་པས་གནུབས་ཀྱི་རུས་རྒྱུད་དེ་ནི་བཙན་པོ་བཀྲོངས་པའི་ཁུངས་སུ་ཤེས་ཏེ་དབུས་ནས་མཐའ་ལ་སྤྱུགས་པའི་ཁྲིམས་ཕོག་ནས་མདོ་སྨད་ཁྲི་ཀའི་སྲིན་པོ་རྫ་རྒན[23]གྱི་འདབས་སུ་ཆགས་ཡོད། 
        མདོར་ན་བཙན་པོའི་དུས་སུ་གསང་སྔགས་ནི་བླ་ནས་བཀའ་མེད་ན་བསྒྱུར་མི་ཆོག་པའི་ཁྲིམས་ཡོད་ནའང་། ཕྱིས་སུ་ཁྲིམས་ཞིག་ནས་གསང་སྔགས་ཀྱི་རྒྱུད་དག་མ་དག་སྣ་ཚོགས་བོད་ལ་འགྱུར་བ་དང་། དེ་ལ་བསྟེན་པའི་རྒྱ་གར་གྱི་ཨ་ཙ་ར་མང་པོ་གསེར་དང་གླ་རྩིའི་ཆེད་དུ་བོད་ལ་ཡོང་ནས་ངན་སྔགས་སྣ་ཚོགས་སྤེལ་བ། བོད་ཀྱི་གང་ཟག་རྣམས་དེ་ལ་འཆོལ་ཉོག་དུ་སྤྱོད་པ། མཐོ་རིམ་གྱི་ཕོ་བྲང་ནང་དུའང་གསང་སྔགས་སྤྱད་ནས་རྡོ་རྗེ་འཆང་གི་གོ་གནས་ཉོ་ཚོང་བྱེད་པ། གསང་སྔགས་ལ་བསྟེན་ནས་དོན་རྐྱེན་སྣ་ཚོགས་བྱུང་བས། གླང་དར་མས་སྔོན་གྱི་ལོ་རྒྱུས་ལས་བསླབ་བྱ་བླངས་ནས། གསང་སྔགས་པོ་ཏི་ལ་ཀོ་ཐུམ་བརྒྱབ་ནས་རྒྱ་གར་ལ་བསྐུར་བ་དང་། གསང་སྔགས་ཉམས་ལེན་གྱི་སྒོམ་གྲྭར་བཀག་སྡོམ་བྱས་པ། གསང་སྔགས་ཁ་ལ་ཁ་འཕངས་ནས་རབ་ཏུ་བྱུང་བ་ལ་ཚོད་འཛིན་གནང་བས། གསང་སྔགས་ཀྱི་བདག་པོ་ལྟ་བུར་གྱུར་བའི་གནུབས་ཀྱི་ཁྱིམ་རྒྱུད་ཀྱིས་བཙན་པོ་བཀྲོངས་ནས་བཙན་པོའི་སྲིད་ལུགས་གསར་བསྒྱུར་གྱི་མཐའ་མ་འཁྱོལ་བའི་གནས་ཚུལ་དེ་བྱུང་བ་དང་། ཆབས་ཅིག་ས་ཆེན་པོར་གདུགས་དཀར་པོ་ཡུག་གཅིག་གིས་ཁྱབ་པའི་བཙན་པོའི་རྒྱལ་རབས་ཀྱང་མཇུག་བསྡུས་པ་རེད། 
         དེའི་སྟབས་ཀྱིས། སྔགས་ལ་དང་དོད་ཆེ་བའི་གང་ཟག་རྣམས་ཀྱིས་བཙན་པོ་ལྷ་སྲས་དར་མའི་མཚན་བསྒྱུར་ནས་གླང་དར་མ་ཞེས་བཏགས་པ་དང་། བདུད་ཀྱི་སྤྲུལ་པ་ཡིན་ཚུལ་སོགས་ཀྱི་ཁུངས་བཀའ་ཐང་སྣ་ཚོགས་དང་བཀའ་ཆེམས་ལས་བྱུང་བ་མ་གཏོགས། གཞན་ལོ་ངོ་སྟོང་ཕྲག་དུ་མར་བྱེ་མའི་གསེབ་ཏུ་ཉལ་བའི་ཡིག་རྒན་ཏུན་ཧོང་ཡིག་རྙིང་དང་བཀའ་གདམས་ཆོས་འབྱུང་ཁ་ཅིག་ལས་དེ་ལྟར་ཤིན་ཏུ་བྱུང་བ་དཀའ་བ་ཞིག་རེད། གནད་དེ་ལ་དཔྱད་པའི་རིན་ཐང་ཧ་ཅང་ཆེ་སྙམ།

དཔྱད་གཞིའི་ཡིག་ཆ།
[1] «ཡེར་བའི་དཀར་ཆགས་ལྷ་ལུང་དཔལ་རྡོར་བསྟན་པ་དར་རྒྱས་མ་བཞུགས་པ་ལགས་པས་གཟིགས་མཛོད་ཨང» ལྷ་ལུང་དཔལ་རྡོར་གྱིས་མཛད་པ། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྙིང་ཕྱག་བྲིས་མ།
[2] «གྲོང་ཁྱེར་ལྷ་སའི་རིག་གནས་ལོ་རྒྱུས་དེབ་དང་པོ་སྟག་རྩེ་རྫོང» གྲོང་ཁྱེར་ལྷ་སའི་རིག་གནས་རྩོམ་སྒྲིག་ཁང་ནས་རྩོམ་འབྲི་བྱས། ༡༩༩༡ལོར་དཔར་དུ་བསྐྲུན།
[3] «བྲག་ཡེར་བའི་དཀར་ཆག་བླ་མ་ཟངས་རི་བས་ཡེར་པ་བསོས་པའི་སྤེའུ་སེར་ནས་ཐོན་པ་བཞུགས» བླ་མ་ཟངས་རི་བས་གཏེར་ནས་བཏོན། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྙིང་ཕྱག་བྲིས་མ།
[4] «དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས» ཞེས་པ«ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་» ཞེས་པར་བསྡུས་ཡོད། དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྱུར་བ། ༡༩༨༠ལོར་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་བསྐྲུན།
[5][7] «ཡེར་བའི་དཀར་ཆགས་ལྷ་ལུང་དཔལ་རྡོར་བསྟན་པ་དར་རྒྱས་མ་བཞུགས་པ་ལགས་པས་གཟིགས་མཛོད་ཨང» ལྷ་ལུང་དཔལ་རྡོར་གྱིས་མཛད། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྙིང་ཕྱག་བྲིས་མ།
[6][8] «བྲག་ཡེར་བའི་དཀར་ཆག་བླ་མ་ཟངས་རི་བས་ཡེར་པ་བསོས་པའི་སྤེའུ་སེར་ནས་ཐོན་པ་བཞུགས» བླ་མ་ཟངས་རི་བས་གཏེར་ནས་བཏོན། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྙིང་ཕྱག་བྲིས་མ།
[9][11] «སྒྲུབ་པའི་གནས་མཆོག་ཡེར་བའི་དཀར་ཆག་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ» ཤིང་དཔར་མ། མཛད་པ་པོ་མི་གས།
[10] «བདག་ཅག་རྣམས་ཀྱི་སྟོན་མཆོག་དོན་ཀུན་གྲུབ་པ་དང་དེའི་རྗེས་འཇུག་རྒྱ་གར་པཎ་གྲུབ་མང་པོའི་རྣམ་པར་ཐར་བ་ངོ་མཚར་པདྨོའི་འཛུམ་ཞལ་གསར་དུ་བཞད་པ་ཞེས་བྱ་བ་བཞུགས་སོ» མཁས་བཙུན་བཟང་པོས་མཛད། གློག་པར་དེབ་གཟུགས་མ།
[12] «གཉགས་ཛྙཱ་ན་ཀུ་མཱ་རའི་རྣམ་པར་ཐར་བ་བཞུགས་སོ» དབུ་མེད་ཕྱག་བྲིས་མ།
[13][16] «རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ་བཞུགས་སོ» ཞེས་པ་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ཞེས་པར་བསྡུས་ཡོད། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད། ༡༩༩༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་ནས་དཔར།
[14] 1962,No.689/2 བྲག་ཡེར་པ་རྡོ་བརྐོས་ཡོད།
[15] «Dold tibetan inscriptionse» Dedited by kazushi 2009 Tokyo 
[17][20] «ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད» ཉང་ཉི་མ་འོད་ཟེར་གྱིས་མཛད། ༡༩༨༨ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་ནས་དཔར།
[18] «ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན» དགེ་བཤེས་ལྡེའུ་མཛད། ༡༩༨༨ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་ནས་དཔར།
[19] «The Arrow and The Spindle» Samtan G.Karmay
[21] «འབྲུག་པའི་ཆོས་འབྱུང» འབྲུག་པ་པདྨ་དཀར་པོས་མཛད། ཕྱག་བྲིས་མ།
[22] «གསུང་རབ་རྣམ་དག་ཆུའི་དྲི་མ་སེལ་བྱེད་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ» སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད། ཤིང་སྤར་མ།
[23] ཏུན་ཧོང་ཡིག་ཆ་དང«ཨ་ཆུང་གནམ་རྫོང་གི་ལོ་རྒྱུས» སྣུམ་དཔར་མ།

*གསལ་བཤད། བཙན་པོའི་རྒྱལ་རབས་མཇུག་བསྡུ་བའི་རྒྱུ་དང་རྐྱེན་ངོ་མ་ནི་གསང་སྔགས་འཇོལ་ཉོག་དུ་སྤྱད་པ་ཡིན་ཚུལ་གྱི་ལུང་རིགས་ཀྱི་སྒྲུབ་བྱེད་རྒྱས་པར་འཆད་པའི་སྐོར། ཕྱི་ལོ༢༠༡༧། ༤། ༢༠། ཉིན་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་ནས་འཆད་ཁྲིད་བྱས་པའི༼ནུབ་ནས་དབུས་ལ་མཆེད་པའི་ཨར་ཚོའི་ལྟ་བ།--- དུས་རབས་བརྒྱད་པ་ནས་བཅུ་དགུའི་བར་གྱི་སྔགས་ལོག་སུན་འབྱིན་གྱི་ཡིག་ཆའི་བསྐྱར་ཞིབ༽ཞེས་པར་གསལ་བས་ཞིབ་ཏུ་གསན་གཟིགས་གནང་རོགས་ཞུ། 
༢༠༢༢། ༡། ༢༨ལ་འབྲོག་སྡེ་ཆེན་པོ་བན་ཤུལ་ནས་སྔར་གྱི་རྩོམ་རྙིང་ཞིག་ལ་བསྐྱར་བཅོས་ཀྱིས་སྤེལ་བ་དགེའོ། །
འབྲེལ་ཡོད་འོས་སྦྱོར།