བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་གངས་འཚོའི་དཔྱད་རྩོམ།
རྩོམ་པ་པོ།:གངས་འཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-03-29
ཀློག་གྲངས།:
༄༅། །དམག་དོན་འཐབ་ཇུས་ཁྲོད་ཀྱི་མཁར་རྫོང་གི་ནུས་པ།
སྤྱི་ལོ729-756ལོའི་བར་གྱི་མཁར་ལྕགས་རྩེ་རྩོད་པའི་གཡུལ་འགྱེད་དང་དེའི་མཇུག་འབྲས་ལ་བརྟག་པ།
གངས་འཚོ།
ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་མཁར་ལྕགས་རྩེ་ཡི་གནས་གཞི་གཏན་ཁེལ་བགྱིས་པ་བརྒྱུད་ནས་སྤུ་རྒྱལ་དང་ཐང་གཉིས་ཀྱིས་མཁར་དེ་རྩོད་པའི་རྒྱུ་མཚན་དང་གཡུལ་འགྱེད་མི་འདྲ་བ་བཞིའི་སྔ་ཕྱིའི་གནས་སྟངས། མཐའ་མའི་རྒྱལ་ཕམ་དང་མཇུག་འབྲས་སོགས་ལ་དཔྱད་པ་བཏང་ཡོད།
གནད་ཚིག མཁར་ལྕགས་རྩེ། བཙན་ས། ཆབ་སྲིད་ཀྱི་ཁེ་དབང། རྒྱལ་ཕམ། མཇུག་འབྲས།
དམག་འཁྲུག་གི་རིག་གནས་ནི་སྐྱེས་པ་སྙིང་རུས་ཅན་རྣམས་ཀྱིས་གསར་སྐྲུན་བྱས་པ་ཡིན་ལ། ཕོ་དབང་རིང་ལུགས་མཐུ་བཙན་པའི་སྤྱི་ཚོགས་ནང་དམག་འཁྲུག་ནི་རྒྱུན་པར་འབྱུང་བཞིན་པའི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། དམག་འཁྲུག་ནི་ཡ་ང་སྙིང་རྗེ་བྲལ་བ་ཞིག་དང་གོད་ཆག་རང་བཞིན་ཤུགས་ཆེ་བ་ཞིག་ཏུ་སྣང་མོད། འཛམ་གླིང་ཟླུམ་པོ་འདིའི་སྟེང་ན་རླབས་ཆེན་དུ་བགྲངས་པའི་རྒྱལ་ཁབ་དང་མི་རིགས། ཤེས་རིག་དང་ཆོས་ལུགས་སོགས་ཕལ་ཆེ་བ་དམག་འཁྲུག་དང་ལག་རྡང་སྦྲེལ་ནས་དར་རྒྱས་ཡོང་བ་ཞིག་ཡིན་ཙ་ན། སྤུ་རྒྱལ་དང་ཐང་རྒྱལ་རབས་གཉིས་ཀྱི་མངའ་རིས་དང་དབང་གྲགས་སོགས་ཀྱང་དམག་འཁྲུག་ལ་བརྟེན་ནས་བྱུང་བ་མིན་ཞེས་སུ་ཞིག་གིས་སྨྲ་བར་ནུས། དུས་རབས་བརྒྱད་པའི་སྐབས་སུ་སྤུ་རྒྱལ་དང་ཐང་རྒྱལ་རབས་ནི་གླིང་ཆེན་ཨེ་ཤ་ཡའི་ཤར་དང་ནུབ་ན་སྟག་སེང་བཞིན་འགྱིང་བའི་བཙན་རྒྱལ་གཉིས་ཡིན་པས། རྟག་པར་མཛའ་མཐུན་གཉེན་གྱི་འབྲེལ་བ་དང་སྐྱེས་འབུལ་ཕོ་ཉའི་འགྲོ་འོང་མཚམས་ཆད་མ་མྱོང་ལ། མངའ་རིས་རྒྱ་བསྐྱེད་པའི་ཆེད་དུ་དྲག་པོ་གཡུལ་གྱི་སྦྱོར་བ་བཤམས་པའི་ལོ་རྒྱུས་ཀྱང་བརྗོད་ལས་འདས་སོ༎ དུས་རབས་གཉིས་ལྷག་རིང་ཕན་ཚུན་ཁ་གཏད་དུ་ལངས་པའི་རྒྱལ་རབས་ཆེན་མོ་གཉིས་ལ་མཚོན་ན། ཞི་བའི་མཛའ་མཐུན་གྱི་འགྲོ་འོང་ནི་དང་དུ་བླང་བར་བྱ་བའི་ཕྱི་སྲིད་ཀྱི་དགོས་མཁོ་འབའ་ཞིག་ཏུ་གྱུར་ཡོད་པ་ཡིན་ལ། དྲག་པོ་གཡུལ་གྱི་སྦྱོར་བའང་དེ་བཞིན་དུ་སུས་ཀྱང་གཞོལ་ཐུབ་མེད་པའི་ཆབ་སྲིད་གྱི་གདོང་གཏུགས་ཤིག་ཡིན་པར་སྙམ། དེ་ནི་རྒྱལ་བོ་རང་རང་གི་སྙན་གྲགས་དང་ལ་རྒྱར་དམིགས་པ་ཙམ་མ་ཡིན་པར། དུས་རབས་དེའི་ནང་གི་རྒྱལ་རབས་ཆེན་མོའི་མངའ་ཐང་དང་དབང་རིས་ལ་ཐུག་ཡོད་པས་ཡིན། ང་ཚོས་གཤམ་དུ་གླེང་གཞིར་བདམས་པའི་མཁར་ལྕགས་རྩེ་རྩོད་པའི་དམག་འཐབ་ལ་བརྟགས་ན་ཡང་། རྒྱལ་རབས་ཆེན་མོ་འདི་གཉིས་ཀྱིས་མཁར་རྫོང་ལག་མཐིལ་ཙམ་ཞིག་གི་ཆེད་དུ་དམག་མི་གྲངས་མེད་ཤི་རྨས་ཐེབས་པའི་ལོ་རྒྱུས་དང་། ཁྱད་པར་དུ་གཡུལ་འགྱེད་ཀྱི་རྒྱལ་ཕམ་ལས་རྒྱལ་བོ་རང་རང་གི་མངའ་རིས་ཆེ་ཆུང་དང་དམག་དོན་གྱི་དར་རྒུད་ལ་ཤུགས་རྐྱེན་གང་འདྲ་ཐེབས་བཞིན་པ་རྟོགས་ཐུབ་པར་མ་ཟད། མངའ་བདག་རྒྱལ་བོ་སུ་ཡིན་ཡང་མངའ་རིས་བརྟན་བརླིང་གི་ཆེད་དུ་གཡུལ་འགྱེད་དེ་ལ་གདོང་མི་གཏད་ཀ་མེད་ཡིན་པའི་ལོ་རྒྱུས་རྒྱབ་ལྗོངས་ཀྱང་གསལ་ལྷང་ངེར་མཐོང་ཡོང་། རྒྱལ་རབས་ཆེན་མོ་འདི་གཉིས་ལ་ཆབ་སྲིད་ཀྱི་ངོས་ནས་བལྟས་ན། མཁར་ལྕགས་རྩེ་རྩེད་པའི་དྲག་པོ་གཡུལ་གྱི་སྦྱོར་བ་བཤམས་པ་འདི་ལ་བདེན་རྫུན་དང་ལེགས་ཉེས་ཀྱི་རྣམ་བཞག་ཕྱེ་རྒྱུ་མེད། ད་གཟོད་རིས་སུ་མ་ཆད་པའི་ལྟ་བ་འདི་འདྲ་ཞིག་གཞི་རྩར་བཟུང་ནས་མཁར་ལྕགས་རྩེ་རྩོད་པའི་དམག་འཐབ་དང་དེའི་མཇུག་འབྲས་སོགས་ལ་ཞིབ་ཏུ་དཔྱད་དགོས་མོད།ཕྲན་གྱིས་མཐོང་བའི་དཔྱད་རྩོམ་ཁག་ནང་། མཁར་ལྕགས་རྩེ་ཡི་གནས་གཞི་དང749ལོའི་གཡུལ་འགྱེད་ཁོ་ན་རྩལ་དུ་བཏོན་ནས་བཤད་ཡོད་པ་མ་གཏོགས། མཁར་ལྕགས་རྩེ་རྩོད་པའི་སྔ་ཕྱིའི་དམག་འཐབ་གཞན་དག་ཅི་ཡང་གླེང་སློང་བྱས་མེད་པས། ཆ་ཚང་བའི་ཞིབ་འཇུག་གི་རྣམ་པ་མངོན་མེད། དེར་བརྟེན་གུས་པས་མཁར་ལྕགས་རྩེ་དང་འབྲེལ་བའི་དམག་སྲིད་ཀྱི་དགོས་མཁོ་དང་སྔ་ཕྱིར་བྱུང་བའི་གཡུལ་འགྱེད་ཁག་ངོ་སྤྲོད་བྱས་པ་བརྒྱུད་ནས། གཡུལ་འགྱེད་ཀྱི་མཐའ་མའི་རྒྱལ་ཕམ་དང་དེས་རྒྱལ་རབས་གཉིས་ཀྱི་མངའ་རིས་རྒྱ་བསྐྱེད་ཀྱི་བྱ་གཞག་ལ་ཕན་གནོད་གང་ཞིག་ཐེབས་ཚུལ་སོགས་ལ་དབྱེ་ཞིབ་ཅུང་ཟད་བྱ་རྒྱུ་ཡིན་ནོ༎
དང་པོ། མཁར་ལྕགས་རྩེ་ཡི་གནས་གཞི་དང་དེའི་དགོས་གལ་སྐོར།
ཉེ་ཆར་མཁར་ལྕགས་རྩེ་སྐོར་ལ་རྒྱ་ཡིག་གི་ལམ་ནས་བྲིས་པའི་བརྟག་དཔྱད་རྩོམ་ཡིག་ཁག་ཅིག་ཐོན་ཡོད་པ་མ་གཏོགས། བོད་ཡིག་གི་ལམ་ནས་བྲིས་པའི་དཔྱད་རྩོམ་ཞིག་ཧ་ལམ་མེད་ཚོད་རེད། སྤུ་རྒྱལ་བཙན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན། མཁར་ལྕགས་རྩེ་ནི་ལྷ་བཙན་པོ་དག་གི་སྐུ་རིང་ལ་བདག་ཏུ་བཟུང་བ་ཙམ་དུ་མ་ཟད། སྤུ་རྒྱལ་གྱི་མངའ་རིས་ཤར་ཕྱོགས་སུ་རྒྱ་བསྐྱེད་པའི་ཐད་ལ་མཁར་རྫོང་དེས་ནུས་པ་ཁྱད་དུ་འཕགས་པ་ཐོན་མྱོང་བས། ཞིབ་འཇུག་གི་རིན་ཐང་ཆེས་ཆེར་ལྡན་པར་སྙམ། རྒྱ་བོད་ཀྱི་ཡིག་ཚང་རྙིང་བ་ཁག་ནང་བཀོད་པ་ལྟར་ན། སྔ་མོའི་དུས་ནས་བཟུང་བོད་པ་རྣམས་ཀྱིས་མཁར་ལྕགས་རྩེ་ཞེས་འབོད་ལ། རྒྱ་ནག་པ་རྣམས་ཀྱིས་ཧྲི་པའོ་མཁར(石堡城)ཞེས་འབོད། འོན་ཀྱང་དེང་གི་རྒྱ་ཡིག་གི་དཔྱད་རྩོམ་ཁ་ཤས་ནང་། ཧྲི་པའོ་མཁར(石堡城)ནི་མཁར་ལྕགས་རྩེ་མ་ཡིན་པར། ཏུན་ཧོང་ཡིག་རྙིང་ནང་གི་རྨ་གྲོམ་ཞེས་པ་ལ་ངོས་འཛིན་བྱས་འདུག ཁོ་ཚོས་ཏུན་ཧོང་གི་ལོ་ཚིགས་གནད་བསྡུས་ནང་། “མཁར་ཏེའུ་ཅུ་ཕབ། རྨ་གྲོམ་ཕྱིར་བཙུག་སྟེ།”[1]ཞེས་པ་དེ་ཁུངས་སུ་དྲངས་ནས་བཤད་པ་ཞིག་ཡིན་མོད། དེ་ནི་གཙོ་བོ་ཏུན་ཧོང་ཡིག་རྙིང་རྒྱ་འགྱུར་མ་ལ་བསྟུན་ནས་གོ་ནོར་ཐེབས་པ་ཞིག་ཡིན། ང་ཚོས་ཏུན་ཧོང་ཡིག་རྙིང་ནང་གི་བོད་ཡིག་ངོ་བཤུས་དག་མ་ཁག་ལ་བལྟས་ཚེ། སྤུ་རྒྱལ་གྱི་དམག་གིས་གཡུལ་འགྱེད་ཀྱི་ཐབས་ལ་བརྟེན་ནས་མཁར་རྫོང་བདག་ཏུ་བཟུང་བ་ལ་ཕབ་ཅེས་པའི་བྱ་ཚིག་དེ་རྒྱུན་པར་སྤྱད་ཡོད་པ་ལས་བཙུག་ཅེས་པའི་ཐ་སྙད་རྙེད་མི་ཐུབ། དཔེར་ན། རྒྱའི་མཁར་ཙོང་ཀ་ཆེན་པོ་དང་སེག་ཤིང་ཀུན་གཉིས་ཕབ་པར་ལོ་གཅིག་ཅེས་དང་། རྒྱའི་མཁར་མང་བོ་ཕབ་སྟེ། ཞང་རྒྱལ་ཟིགས་སླར་བོད་ཡུལ་དུ་མཆིས་ཞེས་པ་སོགས་ཤིན་ཏུ་མང་། གཉའ་ཀོང་དཀོན་མཆོག་ཚེ་བརྟན་གྱི«བརྡ་རྙིང་ཡིག་ཆ་ཕྱོགས་བསྒྲིགས»ཞེས་པའི་དེབ་ནང།རྨ་གྲོམ་སླར་བཅུག་ཅེས་བྲིས་ཡོད་མོད། དེ་ནི་མ་ཕྱི་ངོ་མ་དང་ངོ་བཤུས་དག་མ་ཁག་ལ་བསྡུར་སྐབས་བྲིས་ནོར་ཤོར་བ་ཤེས་རྟོགས་བྱུང་། ཏུན་ཧོང་ཡིག་རྙིང་ནང་། སྤྱི་ལོ755ལོར། རྨ་གྲོམ་ཞེས་པའི་དམག་སྡེ་སླར་བཙུགས་ནས་ཞང་མདོ་བཞེར་བྱ་བ་ཞིག་དམག་དཔོན་དུ་བསྐོས་ཞེས་བཀོད་འདུག་པས་ཀྱང་ཧྲི་པའོ་མཁར(石堡城)དང་དོན་གཅིག་མིན་པ་ཤེས་ནུས། གཞན་ཡང་སྤུ་རྒྱལ་གྱི་དམག་གིས་ཧྲི་པའོ་མཁར(石堡城)དགྲ་ལག་ནས་ཐེངས་གཉིས་པ་ཕབ་པའི་ལོ་ནི་སྤྱི་ལོ756ལོ་ཡིན་པ་རྒྱ་ནག་གི་ཡིག་ཚང་གྲགས་ཅན«སྲིད་སྐྱོང་མེ་ལོང»ནང་བཀོད་འདུག[2] ཏུན་ཧོང་ཡིག་རྙིང་ལྟར་ན། རྨ་གྲོམ་ཕྱིར་བཙུགས་པའི་ལོ་ནི་སྤྱི་ལོ755ཡིན་པས། ལོ་ཚིགས་ཀྱང་གཅིག་ཏུ་ཁེལ་མེད། ང་ཚོས་གོང་གསལ་གྱི་དབྱེ་ཞིབ་འདི་བརྒྱུད་ནས་རྨ་གྲོམ་སླར་བཙུག་ཅེས་པ་ནི་མཁར་ལྕགས་རྩེ་ཕབ་པའི་དོན་དུ་གོ་ཐུབ་མེད་པར་མ་ཟད། མཁར་ལྕགས་རྩེ(石堡城)དང་རྨ་གྲོམ་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་པ་ནི་བོད་ཀྱི་ཡིག་རྙིང་ལ་གོ་བ་ཡང་དག་མ་ལོན་པའི་གླེན་རྟགས་ཚ་ཐག་ཆོད་པ་ཞིག་ཏུ་འཁུམ། འོ་ན་མཁར་ལྕགས་རྩེ་དང་ཧྲི་པའོ་མཁར(石堡城)གཉིས་དོན་གཅིག་ཡིན་པ་གང་གིས་གྲུབ་ཞེ་ན། ཏུན་ཧོང་ཡིག་རྙིང་ནང་། སྤྱི་ལོ741ལོར་མཁར་ལྕགས་རྩེ་སླར་ཕབ་ཅེས་འབྱུང་བ་དང་། རྒྱའི་ཐང་ཡིག་གསར་རྙིང་གཉིས་དང་སྲིད་སྐྱོང་མེ་ལོང་སོགས་སུ་གཅིག་མཐུན་གྱིས་ལོ་དེར་ཧྲི་པའོ་མཁར་སྤུ་རྒྱལ་ལ་ཤོར་བའི་ཚུལ་གསལ་བོར་བཀོད་འདུག་པར་མ་ཟད། རྒྱའི་ཡིག་ཚང་ནང་། སྤུ་རྒྱལ་བ་རྣམས་ཀྱིས་ཧྲི་པའོ་མཁར(石堡城)ལ་ཐུའུ་རིན་མཁར(铁刃城)ཞེས་འབོད་པར་བྲིས་ཡོད།[3] དེ་ནི་མཁར་ལྕགས་རྩེ་ཞེས་པ་ཐད་སྒྱུར་བྱས་པ་ཞིག་ཡིན་པ་ཤིན་ཏུ་གསལ། དེར་བརྟེན་མཁར་ལྕགས་རྩེ་ནི་རྒྱའི་ཡིག་ཚང་ནང་གི་ཧྲི་པའོ་མཁར་ལ་ངོས་བཟུང་ན་ནོར་མེད་པ་ར་སྤྲོད་བྱེད་ཐུབ་བོ།།ཏུན་ཧོང་ཡིག་རྙིང་ནང་མཁར་ལྕགས་རྩེ་གང་དུ་ཡོད་མེད་གསལ་ཁ་མེད་མོད། རྒྱ་ནག་གི་ཡིག་ཚང་རྙིང་བ་ཁག་ནང་མཁར་དེའི་གནས་གཞི་སོགས་འབྲེལ་ཡོད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་བསྡུ་གཉེར་བྱས་ཡོད་པས། མཁར་རྫོང་དེ་གར་ཡོད་འཚོལ་དཀའ་བ་ཞིག་མ་ཡིན། དེ་ཡང་རྒྱའི«ཐང་ཡིག་གསར་མའི»ནང་།“ཧྲི་པའོ་མཁར་བརྒལ་དུས་སུ་བྲག་རི་གཟར་བོ་ཀྲོང་ངེར་འགྱིངས་ཤིང་བགྲོད་ལམ་ཀྱག་ཀྱོག་དང་ཁུགས་པ་མང་། བོད་ཀྱིས་དེ་ལ་མཁར་ལྕགས་རྩེ་ཟེར། དེ་ནས་ནུབ་ཕྱོགས་སུ་ལེ་དབར་བཅུ་ཕྲག་འགའ་ལ་སོང་བ་ན། ས་རྡོ་ཚང་མ་མདོག་དམར་བོ་ཡིན་ཞིང་ས་དེར་བོད་ཀྱིས་རི་བོ་ཁྲི་ལིང་ཟེར།”[4]ཞེས་འབྱུང་ལ། འདི་ནི་སྤྱི་ལོ822ལོར། ཐང་གི་ཕོ་ཉ་ལིའུ་ཡོན་ཏིང་ལྷ་སར་ཞི་བའི་མཇལ་དུམ་འཇོག་ཏུ་འགྲོ་སྐབས་ལམ་བར་གྱི་མཐོང་སྣང་ཡི་གེར་བཀོད་པ་ཞིག་ཡིན་པས། ཐང་གི་ཕོ་ཉ་ལིའུ་ཡོན་ཏིང་གིས་མཁར་ལྕགས་རྩེ་ལ་ལྟ་སྐོར་བྱས་ཡོད་པ་ཤིན་ཏུ་གསལ། དེ་ནི་སྤུ་རྒྱལ་དང་ཐང་གཉིས་ཀྱིས་འཕྲོག་རྩོད་ལན་མང་བགྱིས་མྱོང་བའི་མཁར་རྫོང་ཞིག་ཡིན་པས་རེད། གོང་གསལ་གྱི་ལུང་ཚིག་ནང་གི་རི་བོ་ཁྲི་ལིང་བྱ་བ་ནི་ད་ལྟའི་རི་བོ་ཉི་ཟླ་ཡིན་ལ་དང་དེའི་ཤར་ཕྱོགས་ཀྱི་ལེ་དབར་བཅུ་ཕྲག་ཙམ་གྱི་མཚམས་སུ་མཁར་ལྕགས་རྩེ་ཡོད་པས་ན། རི་བོ་ཉི་ཟླ་དང་ཁད་ཉེ་བར་ཡོད་པ་ཤེས་ཐུབ། དེ་བཞིན་དུ་རྒྱ་ནག་གི་ཡིག་ཚང་རྙིང་བ«སྲིད་སྐྱོང་མེ་ལོང»ལས་ཀྱང་རི་བོ་ཉི་ཟླ་ནི་མཁར་ལྕགས་རྩེའི་ནུབ་ཕྱོགས་ཀྱི་ཁད་ཉེ་བའི་ས་རུ་ཡོད་པ་བསྟན་འདུག་པར་མ་ཟད། རི་བོ་ཉི་ཟླའི་ཤར་ངོས་སུ་མཁར་རྫོང་གི་ཤུལ་འཚོལ་ཞིབ་བྱ་རྒྱུ་ནི་གཏན་ཁེལ་ཆོག་པ་ཞིག་རེད། དེང་གི་གནའ་དཔྱོད་རིག་པ་བ་ཁག་ཅིག་གིས་ཡིག་ཚང་རྙིང་བ་དང་ཡུལ་དངོས་ཀྱི་རྒྱུ་ཆ་གཤིབ་བསྡུར་བགྱིས་པ་ལས་ཐོབ་པའི་དཔྱད་འབྲས་ལྟར་ན། མཁར་ལྕགས་རྩེ་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་སྟོང་འཁོར་རྫོང(湟源县)ཉི་ཟླ་བོད་རིགས་ཞང་གི་ཁོངས་སུ་ཡོད་པ་གཏན་ཁེལ་བྱུང་ཡོད། ད་ལྟའི་མཁར་རྫོང་གི་གནས་སྟངས་སྐོར་གྱི་བརྟག་དཔྱད་སྙན་ཞུའི་ནང་བཀོད་པ་ལྟར་ན། སྟོང་འཁོར་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ30ཙམ་སོང་ན། སྨན་ཆུའི་ཤར་འགྲམ་གྱི་རྡོ་མཁར་རི་ཞེས་པ་ཞིག་གི་སྟེང་ཏུ་མཁར་རྫོང་གི་གནས་གཞི་རྙེད་ཡོད།[5] མཁར་རྫོང་དེ་མཚོ་ངོས་ལས་རྨིད3300མཚམས་སུ་ཁེལ་བ་དང་། ཤར་དང་ལྷོ། ནུབ་ངོས་གསུམ་ནི་གཡང་གཟར་གྱིས་བཅད་ཅིང་བྱང་ངོས་རི་བོ་ལ་གཏད་འདུག ད་ལྟ་ཞིག་རལ་དུ་གྱུར་ནས་རི་ངོགས་དང་ཆུ་འགྲམ་སོགས་སུ་གྱོ་མོག་ཆག་རལ་མང་བོས་ཁྱབ་ཡོད། མ་གཞི་མཁར་རྫོང་དེ་ཕྱོགས་གཉིས་སུ་བཀར་ནས་རྩིག་རྨང་བཏིངས་པ་ཞིག་ཡིན་པས། ང་ཚོས་ངོས་འཛིན་བདེ་བའི་ཆེད་དུ་རྩིག་རྨང་ཀ་བ་དང་ཁ་བ་ཞེས་བཏགས་ཆོག རྩིག་རྨང་ཀ་བ་ནི་རིའི་ཤར་ལྷོར་ཁེལ་ཞིང་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ1600ཙམ་དང་། རྩིག་རྨང་ཁ་བ་ནི་རིའི་ནུབ་བྱང་དུ་ཁེལ་ཞིང་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ750ཙམ་ལས་མེད་པས་རྩིག་རྨང་ཀ་བ་ལས་ཆུང། ད་ལྟ་དེ་གཉིས་ཀྱི་སྟེང་ན་མཐོ་ཚད་ལ་རྨིད་གཅིག་ལས་མེད་པའི་སོ་ལྟ་ཁང་ཞིག་རལ་དུ་གྱུར་པ་རེ་ཡོད། ཀ་བ་དང་ཁ་བ་གཉིས་ཀྱི་བར་ཐག་རིའི་ཁ་སྒང་དོག་མོ་ཞིག་གིས་ལྷན་ཏུ་སྦྲེལ་འདུག་ལ། དེ་ནི་ཕར་ཚུར་བར་འགྲོ་འོང་བྱེད་སའི་ལམ་བུ་གཅིག་པུ་ཡིན་ཞིང་རིང་ཚད་ལ་རྨིད་སུམ་བརྒྱ་ཙམ་དང་ལམ་ཞེང་དོག་སར་རྨིད་གཅིག་ལས་མེད་པས་ད་ལྟའང་བགྲོད་དཀའ། མཁར་ཤུལ་དུ་འགྲེང་ནས་ཕྱོགས་མཚམས་གང་དུ་བལྟས་ན་ཡང་བྲག་མཐོ་གཡང་གཟར་གྱིས་བསྐོར་ཡོད་པས་འགོག་སྲུང་གི་ནུས་པ་ཤིན་ཏུ་ཆེ་ཞིང། ལྷོའི་འབྲོང་ལུང་དང་ནུབ་ཀྱི་རི་བོ་ཉི་ཟླ། བྱང་གི་སྨན་ཆུའི་སྟོད་སྨད་སོགས་ལག་མཐིལ་དུ་བླངས་པ་བཞིན་གསལ་ལེར་མཐོང་ཐུབ་པས། དགྲ་བོའི་འགྲོ་འོང་གི་གནས་ཚུལ་ལ་བརྟག་སའི་སོ་ལྟའི་གནས་གཞི་རྨད་དུ་བྱུང་བ་ཞིག་ཡིན། མཁར་རྫོང་ཐོག་མ་རྩིག་མཁན་གྱིས་ཀྱང་དམག་དོན་གྱི་ཆ་ལ་བལྟས་ནས་ས་མིག་བདམས་པ་གདོན་མི་ཟ། གནའ་དུས་སུ་བྱུང་བའི་དམག་འཁྲུག་གི་ལོ་རྒྱུས་ལ་བལྟས་ན། མགྱོགས་པ་རྟ་ཡི་བང་རྩལ་དང་རྣོ་ངར་མཚོན་གྱི་བཟང་ངན། དྲག་པོ་དཔུང་གི་མང་ཉུང་སོགས་ནི་རྒྱལ་ཕམ་གྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་བགྲངས་ཆོག་མོད། དམག་དོན་རིག་པའི་ཆ་ནས་བལྟས་ན། རང་བྱུང་གི་ཆ་རྐྱེན་ཏེ་གནམ་གཤིས་དང་ས་བབ་སོགས་བེད་སྤྱད་པར་མཁས་པ་ནི་ཉུང་བས་མང་བོ་འདུལ་བའི་དམག་དོན་ཐབས་ཇུས་བླ་ན་མེད་པ་ཞིག་ཡིན་ཏེ། «དམག་གི་བསྟན་བཅོས»ལས། “དགེ་ས་རང་གིས་བཟུང་བ་ནི༎ འཐབ་ལ་ཕན་པའི་དཔུང་གཉེན་ཡིན༎”[6]ཞེས་པ་ལྟར། ས་བབ་བཙན་སར་མཁར་རྫོང་བརྟན་མོ་བརྩིགས་ནས་བདག་ཏུ་འཛིན་པའང་དེའི་གྲས་ཀྱི་གཅིག་ཡིན་ལ། མཁར་ལྕགས་རྩེ་སྟེང་ནས་ཁྱད་ཆོས་དེ་མངོན་གསལ་དུ་མཐོང་ཐུབ། རྒྱ་ནག་གི་ཡིག་ཚང«སྲིད་སྐྱོང་མེ་ལོང»ནང་། “མཁར་དེའི་ཕྱོགས་གསུམ་ག་གཡང་གཟར་ཡིན་ཞིང་བགྲོད་ལམ་གཅིག་མ་གཏོགས་མེད། དེར་འབྲུ་རིགས་དང་ཤིང་དུམ་དང་རྡོ་བཅས་མང་དུ་བསགས་ཡོད་ཅིང་། སྲུང་མཁན་བོད་དམག་བརྒྱ་ཕྲག་འགའ་ལས་མེད། ཐང་དམག་གིས་སྔ་ཕྱིར་ཕར་རྒོལ་ཐེངས་མང་བྱས་ཀྱང་ལེན་མ་ཐུབ།”[7]ཅེས་བྱུང་བ་ལ་གཞིགས་ན། ཐང་གིས་མཁར་ལྕགས་རྩེ་ལེན་རྒྱུ་དམིགས་འབེན་དུ་བཟུང་ནས་སྟ་གོན་ཡོད་པའི་སྒོ་ནས་ཕར་རྒོལ་བྱས་པ་ཞིག་ཡིན་མོད། མཁར་དེའི་ས་བབ་བཙན་པའི་སྟབས་ཀྱིས་སྤུ་རྒྱལ་གྱི་ལག་ནས་ཕམ་ཁ་ཉོས་པ་རེད། དེ་ནི་དམག་དཔུང་གི་མང་ཉུང་དང་གཡུལ་འགྱེད་ཀྱི་ཉམས་མྱོང་དང་། ཐབས་ཇུས་ཀྱི་བཟང་ངན་སོགས་ཀྱིས་བཟོས་པ་ཞིག་མིན། ཐེངས་དེའི་གཡུལ་འགྱེད་ནང་ཐང་གི་དམག་མི་དྲུག་ཁྲི་སུམ་སྟོང་ཙམ་ཞུགས་པ་དང་། སྤུ་རྒྱལ་གྱི་དམག་བརྒྱ་ཕྲག་ཁ་ཤས་ཙམ་ལས་མེད་ན་ཡང་། ཁོ་ཚོས་མཁར་རྫོང་ལ་བརྟེན་ནས་ཤིང་དུམ་དང་རྡོ་འཕངས་ནས་ཐང་དམག་གི་ཚུར་རྒོལ་ཐེངས་མང་ཕམ་དུ་བཅུག དེ་ནི་གཙོ་བོ་མཁར་རྫོང་གི་ས་བབ་དང་བཟོ་བཀོད་ཀྱི་ཆ་ན་འགོག་སྲུང་གི་ནུས་པ་ཁྱད་དུ་འཕགས་པ་ཞིག་ཡོད་པས་ཡིན། ཕྱོགས་བཞི་རི་བྲག་གཡང་གཟར་གྱིས་བསྐོར་ཞིང་བགྲོད་ལམ་གཅིག་ལས་མེད་པའི་རི་སྟེང་དུ་བརྩིགས་ཡོད་པས། ཉུང་བས་མང་བ་འདུལ་ཐུབ་པའི་ས་བབ་ཀྱི་ཆ་རྐྱེན་ཀུན་ནས་ཚང་ཡོད།
ནུབ་གླིང་གི་དམག་དོན་ཞིབ་འཇུག་པ་གྲགས་ཅན་མཱ་ཏེན་ན་རེ། དྲག་པོའི་དམག་ཆས་དང་འཐབ་རའི་བཟོ་སྐྲུན་གང་ཡིན་ཡང་རང་ཕྱོགས་སྲུང་སླ་ཞིང་དགྲ་སྲོག་ལེན་བདེ་བའི་ཆེད་དུ་བཟོས་པ་ཞིག་ཡིན་པར་བཤད་པ་ལྟར།[8] དམག་དོན་རིག་པའི་ཆ་ནས་བལྟས་ན། གཡུལ་སའི་བཙན་རྫོང་གི་ས་མིག་མ་ནོར་བ་ཞིག་དང་དེའི་སྟེང་དུ་བརྩིགས་པའི་བཙན་མཁར་གྱི་བཟོ་སྟངས་མ་ནོར་བ་ཞིག་བྱུང་ན། རང་ཕྱོགས་ཀྱིས་སྲུང་སླ་ཞིང་ཕ་རོལ་བས་རྒོལ་དཀའ་བའི་ཡོན་ཏན་བླ་ན་མེད་པ་ཡོད་ལ། དེ་ལས་སྤུ་རྒྱལ་གྱི་དམག་དོན་རིག་པ་རྩེར་སོན་པའི་ངང་ཚུལ་རྟོགས་ཐུབ། སྤུ་རྒྱལ་གྱི་མི་རྣམས་ནི་རི་མཐོ་ལ་གཟར་དང་ས་རོང་རྩུབ་པའི་ཡུལ་དུ་གཡུལ་འགྱེད་པར་གོམས་འདྲིས་ཆེ་བས། རི་སྒང་དུ་མཁར་བཙན་པོའི་ས་མིག་འཚོལ་བ་དང་རྩིག་ལས་བྱེད་པར་ཁོ་ཚོ་ལས་སྤྱང་གྲུང་ཆེ་ཞིང་ལག་རྩལ་མཐོ་བ་གཞན་ན་མེད་པའི་ཚོད་ཡིན། དཔེར་ན། ཡུམ་བུ་བླ་མཁར་དང་ཕོ་བྲང་དམར་བོ་སོགས་ལས་མཚོན་ཐུབ་པར་མ་ཟད། མཁར་ལྕགས་རྩེ་བཞེངས་སའི་ས་མིག་ཁོ་ན་ལ་བལྟས་ན་ཡང་། དམག་དོན་ས་དཔྱད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་རྟོགས་ཐུབ་བོ༎
སྤུ་རྒྱལ་དང་ཐང་གཉིས་ཀྱིས་མཁར་རྫོང་ལག་མཐིལ་ཙམ་གྱི་ཆེད་དུ་གཡུལ་འགྱེད་ཐེངས་མང་བྱེད་དོན་ནི་འགོག་སྲུང་གི་ནུས་པ་ཁོ་ནར་དམིགས་པ་ཞིག་གཏན་ནས་མིན། དེ་ནི་མཁར་རྫོང་གཞན་ལ་མེད་པའི་ཁྱད་ཆོས་ཤིག་ཡོད་པས་ཡིན། མངའ་རིས་རྒྱ་བསྐྱེད་པར་རྔམ་བཞིན་པའི་རྒྱལ་རབས་ཆེན་མོ་འདི་གཉིས་ལ་མཚོན་ན། གཅིག་ནས་གོ་སྐབས་བཙལ་ནས་ཕ་རོལ་ཏུ་དམག་རྒྱག་པ་དང་། གཉིས་ནས་དགྲ་ཕྱོགས་ཀྱི་ཚུར་རྒོལ་ལ་ཁ་གཏད་འཇལ་བ་སོགས་གང་གི་སྐབས་ཡིན་ན་ཡང་། དམག་ལམ་འགངས་ཆེན་ཁག་ཏུ་མཁར་རྫོང་བཙན་པོ་བརྩིགས་ནས་སོ་ལྟ་བྱེད་རྒྱུ་ནི་དམག་དོན་གྱི་བྱ་བ་གལ་ཆེན་ཞིག་ཡིན་པ་སྨོས་ཅི་དགོས། ས་བབ་སྤྱིའི་ཆ་ནས་བལྟས་ཚེ། མཁར་ལྕགས་རྩེ་ནི་ཏག་ཏག་མདོ་སྨད་ཀྱི་དམག་ལམ་གལ་ཆེན་ཞིག་ཏུ་ཁེལ་ཡོད་དེ། རྒྱ་ནག་གི་ཡིག་ཚང«སྲིད་སྐྱོང་མེ་ལོང»ལས། “སྔོན་བོད་ཀྱིས་མཁར་ལྕགས་རྩེ་འཕྲོག་ཅིང་དེ་དམག་གིས་བསྲུང་དུ་བཅུག་སྟེ་རྨ་ཆུའི་ནུབ་ཕྱོགས་སུ་བཙན་འཛུལ་དང་ཟིང་ཆ་བཟོས། གོང་མས་ལི་དབྱི་ལ་ཧོ་ཞི་དང་ལུང་ཡིའུ་དང་མཉམ་དུ་མཁར་དེ་ཕྱིར་འཕྲོག་ཐབས་གྲོས་བྱ་དགོས་པའི་བཀའ་ཕབ།”[9]ཅེས་པ་ལ་བརྟགས་ན། ཐང་གོང་མས་མཁར་ལྕགས་རྩེ་ལ་དམིགས་པའི་དགོས་པ་གཙོ་ནི་རང་གི་མངའ་རིས་གཏན་སྲུང་དང་རྨ་ནུབ་སོགས་སུ་དམག་རྒྱག་པའི་ཆེད་དུ་ཡིན་ལ། སྤུ་རྒྱལ་བཙན་པོའི་དམིགས་ཡུལ་ཡང་ཚུལ་དེ་ལས་མ་འདས། ས་བབ་སྤྱིའི་ཆ་ནས་ཤེས་རྟོགས་ཐུབ་པ་ཞིག་ནི། མཚོ་སྔོན་པོ་ལྟེ་བ་ཡིན་པའི་ཁམས་གཡེར་མོ་ཐང་དང་། མཁར་ཙོང་ཀ་ཆེ་ཆུང་སོགས་མཁར་རྫོང་ཕྲེང་ལྟར་བསྒྲིགས་པའི་ཙོང་ཆུའི་བཞུར་རྒྱུན། རྨ་ནུབ་དོགས་ལམ་དུ་ཆགས་པའི་ལེང་ཅུ་བཅས་ཀྱི་བར་མཚམས་སུ་ཡོད་པས། མདོ་སྨད་ཀྱི་བདག་པོ་སུ་བྱེད་མིན་ནི་མཁར་ལྕགས་རྩེ་བདག་དུ་འཛིན་ཐུབ་མིན་ལ་འབྲེལ་བ་དམ་པོ་ཡོད། དེར་བརྟེན་ཐང་ལ་ནུབ་ཕྱོགས་སུ་མངའ་རིས་རྒྱ་བསྐྱེད་པར་དགོས་གལ་ཆེ་བའི་དམག་ལམ་ཞིག་ཡིན་པ་ལྟར། སྤུ་རྒྱལ་ལ་ཡང་རང་གི་མངའ་རིས་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་ལ་འདོར་ཐུབ་མེད་པའི་མཁར་རྫོང་ཞིག་ཆགས་ཡོད་པས། མཁར་ལྕགས་རྩེ་འཕྲོག་རྩོད་ཀྱི་གཡུལ་འགྱེད་ཡ་ང་བ་ཐེངས་མང་བྱུང་བ་རེད། གཡུལ་འགྱེད་རེ་རེ་ཡི་གནས་ཚུལ་ལ་བརྟགས་ན། ཐང་གི་གོང་མས་མདོ་སྨད་ཀྱི་གཡུལ་འགྱེད་ནང་མཁར་ལྕགས་རྩེ་ནི་དམག་ལམ་འགངས་ཆེན་ཞིག་ཡིན་པ་མཁྱེན་རྟོགས་བྱུང་ཡོད་པ་མ་གཏོགས། ས་མིག་གི་སྲུང་བ་བཙན་པོའི་དབང་གིས་གང་བྱུང་དུ་ཕར་རྒོལ་བྱས་ན་མཁར་རྫོང་ལེན་ཐུབ་རྒྱུ་ཞོག དམག་མི་གྲངས་མེད་ཀྱི་སྲོག་ཤོར་འགྲོ་བ་སོགས་གྱོང་གོད་བློ་ཡུལ་ལས་འདས་པ་འཕོག་ངེས་པའི་གནས་ལུགས་དེ། ས་ཆེན་རྡོག་པས་གནོན་མ་མྱོང་བའི་ཐང་གོང་མས་ཧ་ལམ་ཤེས་མེད། དེའི་དབང་གིས་ཐང་གི་དམག་མི་གྲངས་མེད་ཀྱི་སྲོག་ཤོར་ཞིང་མཐར་མཇུག་མཁར་ལྕགས་རྩེ་སྤུ་རྒྱལ་ལ་ཐོབ་པ་རེད། སྤུ་རྒྱལ་བཙན་པོ་ནི་ཐང་གོང་མ་དང་བསྡུར་ན་མཁར་དེའི་ཆགས་སྟངས་ལ་དེ་འདྲ་རྒྱུས་མེད་ཅིག་ཡིན་མི་སྲིད་དེ། མཁར་ལྕགས་རྩེ་རྩོད་པའི་གཡུལ་འགྱེད་དེ་དག་བཙན་པོ་ཁྲི་ལྡེ་གཙུག་བརྟན་ཡབ་སྲས་གཉིས་ཀྱི་སྐུ་རིང་ལ་བྱུང་བ་ཡིན་ལ། སྤྱི་ལོ726ལོར། བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་དངོས་མདོ་སྨད་འ་ཞའི་ཡུལ་དུ་ཕེབས་ཤིང་རྒྱའི་མཁར་ཀྭ་ཅུ་སོགས་ཕབ་ཚུལ་ཏུན་ཧོང་ཡིག་རྙིང་ནང་གསལ་བས།[10] མདོ་སྨད་ཀྱི་དམག་ལམ་གལ་ཆེ་སར་ཆགས་པའི་མཁར་རྫོང་དེ་ལ་ཐོག་མར་དོ་སྣང་བགྱིས་ཡོད་པ་ཚོད་དཔག་བྱ་ཐུབ་ལ། ཁྱད་པར་དུ་སྤྱི་ལོ741ལོའི་དབྱར་ཁ་སྟེ་མཁར་ལྕགས་རྩེ་རྩོད་པའི་དམག་འཐབ་མ་བྱུང་བའི་སྔོན་ཏག་ཏག་ལ་བཙན་པོ་ཁྲི་ལྡེ་གཙུག་བརྟན་ཡང་བསྐྱར་སྐུ་དངོས་མདོ་སྨད་དུ་ཕེབས་ནས་མཁར་དར་ཁྭ་ཧྱན་ཕབ་པའི་ལོ་རྒྱུས་སོགས་ལ་བརྟགས་ན། མཁར་ལྕགས་རྩེ་ལ་མིག་མཐོང་ལག་ཟིན་གྱི་རྒྱུས་མངའ་ཡོད་པ་ཁ་ཚོན་བཅད་ཆོག«དམག་གི་བསྟན་བཅོས»ལས། “དཔུང་ཚོགས་གཡུལ་དུ་འདྲེན་ཐབས་སུ༎ མཐོ་སར་གྱེན་དུ་མི་རྒོལ་ཞིང་༎ རྒྱབ་རི་ཅན་ལ་རྒོལ་མི་བྱ༎”[11]ཞེས་པ་ལྟར། དགྲ་བོས་བཙན་ས་བཟུང་བའི་སྐབས་སུ་རང་ཕྱོགས་ཀྱི་དཔུང་སྟོབས་ཆེ་བ་ལ་ཡིད་ཚིམས་ནས་འོལ་ཚོད་ཀྱིས་གདོང་གཏུགས་ནས་ཕར་རྒོལ་བྱེད་པ་ནི་རང་ཕྱོགས་ཕམ་པའི་རྒྱུ་ལས་མ་འདས། སྤུ་རྒྱལ་བཙན་པོས་དམག་དོན་རིག་པའི་གནས་ལུགས་འདི་འདྲ་བ་ལ་སྒོ་བསྟུན་ནས་འོལ་ཚོད་ཀྱི་ཕར་རྒོལ་བགྱིས་མེད་པར་ཐབས་ཀྱིས་ལེན་པའི་དམག་ཇུས་ལག་བསྟར་བྱས་ཡོད་པ་ཤེས་རྟོགས་ཐུབ། དེའི་དབང་གིས་མཁར་རྫོང་ཕྱིར་འཕྲོག་པའི་གཡུལ་འགྱེད་སྔ་ཕྱི་གང་དུ་ཡང་སྤུ་རྒྱལ་གྱི་དམག་མི་ཤི་རྨས་ཚབས་ཆེན་ཧ་ལམ་བྱུང་མེད། དེ་ནི་སྤུ་རྒྱལ་གྱི་རྗེ་བློན་རྣམས་མཁར་ལྕགས་རྩེ་དང་དེའི་ས་བབ་ལ་རྒྱུས་མངའ་ཟབ་མོ་ཡོད་པའི་སྟེང་ནས་དེ་ལ་དེ་མཐུན་གྱི་ཐབས་ཇུས་སྤྱད་པས་ཡིན་ནོ༎
སྔོན་གྱི་ཡིག་ཚང་ནང་། སྤུ་རྒྱལ་བཙན་པོས་མཁར་ལྕགས་རྩེ་བདག་ཏུ་འཛིན་འདོད་ཀྱི་རེ་བ་གང་འདྲ་ཡོད་པ་མི་གསལ་མོད། སྔ་ཕྱིར་བྱུང་བའི་གཡུལ་འགྱེད་དང་ཁྱད་པར་དུ་མཁར་སྲུང་དམག་མིས་ཐང་གི་དམག་མོ་ཆེ་ལ་འགོག་རྒོལ་དྲག་པོ་བགྱིས་པའི་ཚུལ་ལ་བརྟགས་ན། ཐང་གོང་མ་ནང་བཞིན་མདོ་སྨད་ཀྱི་དམག་ས་གལ་ཆེན་དུ་བལྟས་ནས་བདག་ཏུ་བཟུང་ཡོད་པར་མ་ཟད། གཞན་ལག་ཏུ་མི་འཆོར་བའི་ཐབས་སུ་སོ་དམག་རྣམས་ལ་བཀའ་ནན་བཙན་པོ་བཏང་ནས་སྲུང་དུ་བཅུག་ཡོད་པ་གདོན་མི་ཟའོ༎
གཉིས་པ། མཁར་ལྕགས་རྩེ་རྩོད་པའི་གཡུལ་འགྱེད་ཀྱི་སྔ་ཕྱིའི་གནས་སྟངས་སྐོར།
སྤྱི་ལོ737ལོར། སྤུ་རྒྱལ་གྱི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་དཔུང་ཆེན་པོ་མངགས་ནས་བྲུ་ཤ་འབངས་སུ་བཅུག་པ་དང་། སྤྱི་ལོ740ལོར་བཙན་མོ་ཇེ་བ་ཁྲྀ་མ་ལོད་བྱ་བ་བྲུ་ཤའི་རྗེ་བོར་བཙུན་མོར་བརྫངས་པ་སོགས་ལ་བརྟགས་ན།[12] སྤུ་རྒྱལ་གྱིས་དཔུང་ཆེན་དྲངས་ནས་ནུབ་བྱང་གི་ཡུལ་གྲུ་མང་བོ་བདེ་ལ་བཀོད་ཟིན་པ་ཤེས་ཐུབ་ལ། དེ་ནས་བཟུང་སྤུ་རྒྱལ་གྱི་ནུབ་བྱང་ཕྱོགས་སུ་བཙན་པོའི་བཀའ་ལུང་ལེན་པའི་རྒྱལ་ཕྲན་ཡང་སྔར་ལས་ཇེ་མང་དུ་སོང་ཡོད་དེ། རྒྱའི་ཡིག་ཚང«སྲིད་སྐྱོང་མེ་ལོང»ལས། “བོད་ཀྱིས་སྲས་མོ་བྲུ་ཤ་ཆུང་བའི་རྒྱལ་པོའི་བཙུན་མོར་བརྫངས་ཏེ་རྒྱལ་ཁམས་དེ་དང་དེའི་ཉེ་འཁོར་གྱི་རྒྱལ་ཁབ་ཉི་ཤུ་ལྷག་ཚང་མས་བོད་ལ་སྐྱབས་བཅོལ།”[13]ཞེས་བྱུང་བ་ལས་ཀྱང་སྤུ་རྒྱལ་གྱིས་ཞི་དྲག་གཉིས་ཀྱི་ཐབས་ཇུས་ལ་བརྟེན་ནས་དཔུང་ཆེན་ནུབ་ཏུ་དྲངས་པའི་དམིགས་ཡུལ་དེ་གཞི་ནས་གྲུབ་ཟིན་ཞེས་བརྗོད་ཆོག དེ་ནས་ད་གཟོད་སྤུ་རྒྱལ་བཙན་པོས་ཡང་བསྐྱར་དཔུང་ཆེན་གྱི་ཁ་ལོ་ཤར་མདོ་ཁམས་སྨད་དུ་བསྒྱུར་པའི་འགོ་བརྩམས་པའི་ཚུལ་ནི་ཏུན་ཧོང་ཡིག་རྙིང་ནང་འདི་ལྟར། “སྦྲུལ་གྱི་ལོ་ལ། བཙན་པོ་དབྱརད་ཆབ་སྲྀད་ལ་གཤེགསྟེ། རྒྱའི་མཁར་དར་ཁྭ་ཧྱན་ཕབ། ཞོ་དོན་གྱི་ཞང་ཙལ་དུ་བཙན་པོ་སྤྱན་སྔར།ཁྲོམ་གྱྀ་མཀོས་ཆེན་པོ་བགྱྀས། དགུན་ཆབ་སྲིད་ལས་སླར་བྲག་མར་དུ་གཤེགསྟེ།བཟོ་ཞལ་ཅོས་གྱྀས། བརྒལྟེ་མཀར་ལྕགས་རྩེ་སླར་ཐོབ། བཙན་པོ་སྲས་ལྷས་བོན་དང་། བཙན་མོ་ཁོང་ཅོ་གཉིས་གྱྀ་མདད་བཏང་བར་ལོ་གཅིག”[14]ཞེས་པ་ལྟར་ན། སྤྱི་ལོ741ལོའི་དབྱར་ཁར་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་དངོས་ཀྱིས་མདོ་སྨད་དུ་དཔུང་ཆེན་དྲངས་ནས་ཐོག་མར་མཁར་དར་ཁྭ་ཧྱན་ཕབ་དང་། ཁྲོམ་ཆེན་པའི་དམག་དོན་གྱི་བྱ་བ་ལེགས་སྒྲིག་གནང་། ཡང་ལོ་དེའི་དགུན་ཁར་བཙན་པོ་ཕྱིར་ལྷ་སའི་ཕོ་བྲང་དུ་ལོག་ནས་དེ་སྔ་ཚེ་ལས་འདས་ཟིན་པའི་སྲས་ལྷ་བོན་དང་བཙུན་མོ་གྱིམ་ཤིང་ཀུང་ཇོ་རྣམ་གཉིས་ལ་འདས་མཆོད་བསྒྲུབས་འདུག བར་སྐབས་དེར་སྤུ་རྒྱལ་གྱི་དམག་དཔུང་གིས་མཁར་ལྕགས་རྩེ་ལ་ཕར་རྒོལ་བགྱིས་ནས་བདེ་བླག་ངང་བླངས་ཡོད། དམག་དོན་རིག་པའི་ངོས་ནས་བལྟས་ན། སྤུ་རྒྱལ་བཙན་པོ་ཕྱིར་རྒྱལ་སར་ཕེབས་པ་དེ་ནི་འདས་མཆོད་བསྒྲུབ་རྒྱུ་ཁོ་ན་ཙམ་མ་ཡིན་པར། ཐང་དམག་གིས་སོ་མཚམས་དམ་སྲུང་བྱེད་པའི་བྱ་བ་ལ་ལྷོད་གཡེང་འཆོར་དུ་འཇུག་པའི་ཆེད་ཡིན་སྲིད་དེ། མདོ་སྨད་དུ་དམག་སྣ་འདྲེན་མཁན་བཙན་པོ་སྐུ་དངོས་ཡིན་ལ། ཁོང་ཕྱིར་རྒྱལ་སར་འདས་མཆོད་དུ་ཕེབས་པ་དེས་དམག་རྒྱག་པའི་བྱ་བ་རེ་ཞིག་མཚམས་བཞག་ཟིན་པའི་བཟོ་ལྟ་སྟོན་བཞིན་ཡོད། དེས་ཏག་ཏག་ཐང་དམག་བསླུ་བྲིད་འོག་ཏུ་ཚུད་ནས་སོ་མཚམས་དང་ཁྱད་པར་དུ་མཁར་ལྕགས་རྩེ་ལ་རྒོལ་མི་ཡོང་སྙམ་པའི་ངང་བསྡད་ཡོད་སྲིད་ལ། བར་སྐབས་དེར་སྤུ་རྒྱལ་གྱི་དམག་གིས་གཡོ་ཟོལ་གྱིས་ཕར་རྒོལ་བགྱིས་ནས་བདེ་བླག་ངང་མཁར་སླར་ཐོབ་པ་རེད་ལ། ཏུན་ཧོང་ཡིག་ཚང་ནང་། བཟོ་ཞལ་ཅོས་གྱྀས། བརྒལྟེ་མཀར་ལྕགས་རྩེ་སླར་ཐོབ་ཅེས་པ་ལས་ཀྱང་སྒྱུ་ཐབས་ཀྱིས་མཁར་རྫོང་བླངས་པའི་རྣམ་པ་དེ་རོབ་ཙམ་མཐོང་ཐུབ།གོང་གི་ལུང་ཚིག་ནང་ཕབ་ཅེས་མ་བརྗོད་པར་སླར་ཐོབ་ཅེས་བྲིས་པ་དེ་ལ་རྒྱུ་མཚན་ཁྱད་པར་ཅན་ཞིག་ཡོད་དེ། སྤྱི་ལོ729ལོར། སྤུ་རྒྱལ་གྱི་དཔུང་ཆེན་བྱང་ཕྱོགས་དྲུ་གུའི་ཡུལ་དུ་དྲངས་ནས་མུ་ལེ་ཅུ་ལེ་བྱ་བའི་ཡུལ་དུ་རྒྱ་དྲུག་དང་གཡུལ་འགྱེད་དྲག་པོ་བྱེད་པའི་སྐབས།[15] སྤུ་རྒྱལ་གྱི་དམག་དཔུང་ཕལ་ཆེ་བ་བྱང་ངོས་ཀྱི་གཡུལ་སར་ཞུགས་ཟིན་པས་ཤར་ཕྱོགས་མདོ་སྨད་ཀྱི་སོ་མཚམས་སུ་དམག་དཔུང་ཉུང་བ་དང་མཁར་རྫོང་གི་སྲུང་བ་ཞན་པའི་སྟབས་ལེགས་དང་བསྟུན་ནས། ཐང་གིས་དཔུང་ཆེན་དྲངས་ནས་མཁར་ལྕགས་རྩེ་བདེ་བླག་ངང་ཕྲོགས་པ་རེད། ཏུན་ཧོང་ཡིག་རྙིང་ནང་དེའི་སྐོར་མ་བྱུང་ལ། རྒྱ་ནག་གི་ཡིག་ཚང་ནང་མཁར་ཕབ་ཚུལ་ཙམ་ལས་གཡུལ་འགྱེད་ཁྲོད་ཤི་རྨས་ཀྱི་གནས་ཚུལ་ཅི་ཡང་བྲིས་མེད་པ་ལ་བལྟས་ན། མཁར་རྫོང་གི་སྲུང་བ་དམ་པོ་མེད་པའི་སྐབས་ཤིག་ཏུ་ཁེལ་བའམ། ཡང་ན་གཡུལ་འགྱེད་ཀྱི་སྟ་གོན་ཚགས་སུ་ཆུད་མེད་པ་ཡིན་ནམ། གང་ལྟར་མཁར་སྲུང་དམག་མི་ཉུང་མཐའ་དྲུག་བརྒྱ་ལྷག་ཡོད་མོད། ཁོ་ཚོས་འགོག་རྒོལ་དྲག་པོ་མ་བྱས་པར་ཐང་གི་ལག་ལ་བདེ་བླག་ངང་ཤོར་ཡོད། ཐང་དམག་གིས་མཁར་སྲུང་བ་རྣམས་ལ་མནར་གཅོད་ཡ་ང་བ་བཏང་ཡོད་པ་གདོན་མི་ཟ་སྟེ། རྒྱའི་ཡིག་ཚང་ནང་བཀོད་པ་ལྟར་ན། སྤུ་རྒྱལ་གྱི་མཁར་སྲུང་དམག་མི་དྲུག་བརྒྱ་ལྷག་འཛིན་བཟུང་བགྱིས་པའི་ནང་ནས་བཞི་བརྒྱ་ལྷག་གི་མགོ་བཅད་པ་དང་ཉིས་བརྒྱ་ཙམ་གོང་མའི་གཞུང་ལ་རྩིས་སྤྲོད་བྱས་འདུག[16] དེ་དུས་མཁར་རྫོང་གི་སྲུང་བ་དམ་པོ་མེད་པར་མ་ཟད། སྲུང་མཁན་གྱི་དམག་མི་ཡང་ཉུང་ཤོས་ཤིག་ལས་མེད་པས་རྒྱུན་བསྲིང་གི་འགོག་རྒོལ་དྲག་པོ་ཅི་ཡང་བགྱིས་མེད་པ་ཤིན་ཏུ་གསལ། དེ་ནི་སྤུ་རྒྱལ་གྱི་དམག་དཔུང་གཙོ་ཆེ་བ་ཁག་རྒྱ་དྲུག་གི་གཡུལ་འགྱེད་ནང་ཞུགས་ནས། མདོ་སྨད་ཀྱི་སྲུང་བ་ཞན་པའི་སྐབས་ཤིག་དང་ཁེལ་བས་ཡིན། དེ་ནས་ལོ་ངོ་བཅུ་ཙམ་གྱི་རིང་ལ་ཐང་གིས་མཁར་ལྕགས་རྩེ་བདག་ཏུ་བཟུང་ནས་དམག་སྡེ་བཙུགས་པར་བརྟེན། སྤུ་རྒྱལ་བཙན་པོས་ཤར་ཕྱོགས་སུ་མངའ་རིས་རྒྱ་བསྐྱེད་པའི་གེགས་སུ་གྱུར་མོད། སྤྱི་ལོ741ལོར་སྤུ་རྒྱལ་གྱི་ལག་ཏུ་ཤོར་བ་ནི་དོན་ལ་བདག་པོར་རང་དངོས་སླར་དབང་བ་ཡིན་པས་སླར་ཐོབ་ཅེས་པའི་དོན་ཡང་དེ་ཡིན་ནོ༎ རྒྱའི་ཡིག་ཚང་ཁག་ནང་བཀོད་པ་ལྟར་ན། ཐེངས་དེར་མདོ་སྨད་ཙོང་ཀའི་ཕྱོགས་སུ་སྤུ་རྒྱལ་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་དམག་མི་བཞི་འབུམ་ལྷག་ཡོད་པའི་དཔུང་ཆེན་དྲངས་པར་མ་ཟད། ད་དུང་དམར་གསོད་ཆེན་པོ་བཏང་ཞེས་ཀྱང་བྲིས་ཡོད་པར་གཞིགས་ན།[17] ཐེངས་དེའི་གཡུལ་འགྱེད་ནང་ཕྱོགས་གཉིས་ཀྱི་དམག་མི་ཤི་རྨས་བྱུང་ཡོད་པར་མ་ཟད། སྔར་མཁར་སྲུང་དམག་མི་བསད་པ་ལ་ཤ་འཁོན་ཆེན་པོ་བླངས་ཡོད་པའང་གདོན་མི་ཟའོ༎
སྤྱི་ལོ741ལོར། སྤུ་རྒྱལ་གྱིས་མཁར་ལྕགས་རྩེ་སླར་བླངས་པ་དང་བསྟུན་ནས་སྔར་འགོག་སྲུང་གི་བྱ་བ་འཐུས་ཤོར་བྱུང་བའི་དབང་གིས་དགྲ་ལག་ཏུ་ཤོར་བའི་བསླབ་བྱ་ཡོད་པར་བརྟེན། ད་གཟོད་སོ་སྲུང་དམག་སྡེ་བཙུགས་ནས་མཁར་ལྕགས་རྩེའི་འགོག་སྲུང་གི་བྱ་བ་དམ་དུ་བཟུང་བ་དང་། མཁར་ལྕགས་རྩེ་རྩོད་པའི་གཡུལ་འགྱེད་གནས་སྐབས་རིང་མཚམས་ཆད་མོད། ཐང་ལ་མཁར་རྫོང་དེ་དམག་སྲིད་ཐད་དགོས་མཁོ་ཤིན་ཏུ་ཆེ་བས་སླར་འཕྲོག་འདོད་ཀྱི་དམིགས་ཡུལ་གཏན་ནས་བཏང་མེད། ཐང་ལ་མཚོན་ན། མཁར་ལྕགས་རྩེ་ཤོར་བ་དེས་མདོ་སྨད་དུ་མངའ་རིས་རྒྱ་བསྐྱེད་པ་དང་སོ་མཚམས་བརྟན་བསྲུང་བྱེད་པའི་བྱ་གཞག་ལ་བར་ཆད་ཐེབས་བཞིན་ཡོད་པས། དམག་ལམ་གཞན་དུ་མི་བསྒྱུར་ཀ་མེད་བྱུང་སྟེ། སྤྱི་ལོ742ལོར། ཐང་གིས་སྤུ་རྒྱལ་གྱི་བྱང་ངོས་སུ་དམག་སྡེ་ཆེན་མོ་བཙུགས་པ་དང་སྤུ་རྒྱལ་དང་དྲུ་གུའི་འགྲུལ་ལམ་བཅད་པ་སོགས་ནུབ་ཡུལ་དུ་དབང་ཤུགས་བསྐྱེད་ཅི་ཐུབ་བགྱིས་པ་རེད། དེ་ནི་སྤུ་རྒྱལ་གྱི་དམག་སྣ་བྱང་ངོས་སུ་ཁྲིད་པའི་ཐབས་ཇུས་ཤིག་ཡིན་པར་ངེས། སྤྱི་ལོ744ལོར། སྤུ་རྒྱལ་གྱིས་དམག་དཔུང་བྱང་ངོས་སུ་དྲངས་ནས་ཐང་གི་དྲག་ཤུགས་ལ་ཁ་གཏད་འཇལ་དགོས་བྱུང་བ་དང་། ཐ་ན་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་དངོས་བྱང་ཕྱོགས་སུ་ཕེབས་པའི་སྐོར་ཏུན་ཧོང་ཡིག་རྙིང་ནང་གསལ་བས་ན།[18] ཐང་གིས་བྱང་ངོས་སུ་དབང་ཤུགས་རྒྱ་བསྐྱེད་པ་དེས་ནུབ་ཡུལ་གྱི་གནས་སྟངས་རིམ་བཞིན་ཛ་དྲག་ཏུ་བཏང་བ་དང་སྤུ་རྒྱལ་མཚོན་ན་དེ་ནི་ཆབ་སྲིད་ཀྱི་ཉེན་ཁ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རྟོགས་ཐུབ། རྒྱའི་ཡིག་ཚང་རྙིང་བ«སྲིད་སྐྱོང་མེ་ལོང»ནང་བཀོད་པ་ལྟར་ན། སྤྱི་ལོ745ལོར། སྤུ་རྒྱལ་གྱི་དམག་སྣ་བྱང་ངོས་སུ་འཁོར་བཞིན་པའི་གོ་སྐབས་དང་བསྟུན་ནས། ཐང་གིས་ད་གཟོད་མཁར་ལྕགས་རྩེ་ལ་ཕར་རྒོལ་བྱས་མོད། ཐོག་མར་ཐང་དམག་ཕམ་ཞིང་དམག་དཔོན་ཞིག་ཀྱང་གཡུལ་སར་བསད་པ་རེད།[19] དེ་ལས་སྤུ་རྒྱལ་གྱིས་སྔར་དང་མི་མཚུངས་པར་མཁར་རྫོང་འགོག་སྲུང་གི་བྱ་བ་དམ་པོ་བྱས་ཡོད་པ་ཤིན་ཏུ་གསལ། སྤྱི་ལོ747ལོར། ཐང་གོང་མས་ཡང་བསྐྱར་བློན་པོ་ཝ་ཀྲུང་སི་ལ་བཀའ་ཕབ་ནས་མཁར་ལྕགས་རྩེ་ལ་རྒོལ་བརྩིས་བྱས་མོད། བློན་པོ་ཝ་ཀྲུང་སིས་མཁར་རྫོང་གི་ས་བབ་བཙན་ཞིང་བརྟན་པོ་ཡོད་པས་དམག་མི་ཁྲི་སྟོང་གི་སྲོག་མ་ཤོར་བར་འཕྲོག་མི་ཐུབ། དེ་བས་གནས་སྐབས་བསྐྱུར་ནས་གོ་སྐབས་ལ་བསྒུག་དགོས་ཚུལ་གྱི་རེ་བ་བཏོན་པ་ན། གོང་མ་ཐུགས་མི་དགྱེས་པར་གྱུར་ནས་དམག་དཔོན་ཏུང་ཡན་ཀོང་ལ་རམ་འདེགས་བྱས་ནས་མཁར་རྫོང་ལེན་དགོས་པའི་བཀའ་ནན་བཏང་བར་བརྟེན། མཐའ་མར་ཁོས་མི་འདོད་བཞིན་དང་ལེན་མི་བྱེད་ཀ་མེད་དུ་གྱུར། ཁོས་དམག་དཔོན་ཏུང་ཡན་ཀོང་ལ་རམ་འདེགས་ལེགས་པོ་མ་བྱས་པ་དང་། མཁར་རྫོང་ཀྱང་དུས་བཅད་ལྟར་ལེན་མ་ཐུབ་པས། དམག་དཔོན་ཏུང་ཡན་ཀོང་གིས་རང་ཉེས་འགེབ་སྲུང་བྱེད་པའི་ཆེད་དུ་དམག་ཇུས་ལ་བར་ཆད་བཏང་བར་སྙད་བཏགས་ནས་ཝ་ཀྲུང་སི་ཁྲིམས་རའི་ནང་བརྫངས་པ་སོགས་ཐང་གི་རྗེ་བློན་དག་གི་བར་ཁ་མཆུ་སྣ་ཚོགས་ཤོར། འདི་ལྟར་མཁར་ལྕགས་རྩེ་འཕྲོག་པའི་ཐབས་ཇུས་རེ་རེ་བཞིན་ཕམ་ཁ་བྱུང་ནས། བློན་པོ་ཝ་ཀྲུང་སིས་བཤད་པ་ནང་བཞིན་གོ་སྐབས་ལ་མི་བསྒུགས་ནས་མི་འདུག་ཀ་མེད་དུ་གྱུར་ཏོ།།
སྤྱི་ལོ747ལོའི་དབྱར་ཁར་ཐང་གིས་སྤུ་རྒྱལ་གྱི་ནུབ་ཕྱོགས་སུ་སྲུང་བ་ཞན་པའི་གནས་ཚུལ་ལ་བརྟགས་ནས་དམག་རྒྱག་པའི་འགོ་བརྩམས་པ་དང་དེ་ནི་ཕྱིས་སུ་ཐང་གིས་མཁར་ལྕགས་རྩེ་འཕྲོག་པའི་མཐུན་རྐྱེན་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད། དེ་ཡང་ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་ནང་། “ཕགྀ་ལོ་བབསྟེ། དབྱར་བཙན་པོ་ན་མར་ན་བཞུགས། གོག་ཡུལ་དུ་རྒྱའི་གྱིམ་པོ་བྱུང་སྟེ།བྲུ་ཤ་དང་གོག་སྟོརད།”[20]ཅེས་བྱུང་བ་ལས་ཤེས་ཐུབ་པ་ནི། ཐང་གིས་སྤུ་རྒྱལ་གྱི་ནུབ་མཐར་གནས་པའི་བྲུ་ཤ་དང་གོག་ཡུལ་ལ་དམག་དྲངས་ནས་སྤུ་རྒྱལ་གྱི་དམག་སྡེ་གཏོར་ཕམ་བཏང་བར་མ་ཟད། གཡུལ་འགྱེད་དེའི་ནང་བྲུ་ཤའི་རྗེ་བོ་དང་བཙན་མོ་ཇེ་བ་ཁྲི་མ་ལོད་གཉིས་ཐང་དམག་གིས་བཟུང་བར་བརྟེན། སྤུ་རྒྱལ་གྱིས་ཡང་བསྐྱར་དཔུང་ཆེན་མོ་སྟོད་ཕྱོགས་སུ་དྲངས་ནས་བྲུ་ཤ་དང་གོག་ཡུལ་གཉིས་བསྐྱབ་དགོས་བྱུང་བ་རེད། དམག་དོན་ཐབས་ཇུས་བྱ་བ་ནི་མིག་མངས་རྩེ་བ་བཞིན་ཡང་དང་བསྐྱར་དུ་འབྱུང་བཞིན་ཡོད་པ་ཞིག་སྟེ། སྤྱི་ལོ729ལོར། ཐང་གིས་མཁར་ལྕགས་རྩེ་ཐོག་མར་ཕྲོགས་པ་དེ་ཡང་སྤུ་རྒྱལ་གྱི་དམག་ཤུགས་གཙོ་བོ་སྟོད་ཕྱོགས་སུ་ཡོད་པའི་གོ་སྐབས་བརྩད་པ་ཞིག་ཡིན་ལ། ཐེངས་གཉིས་འཕྲོག་སྐབས་ཀྱང་དེ་དང་ཀུན་ནས་མཚུངས་པ་མ་ཡིན་ནམ། དེ་ནི་ཐང་གི་བློན་པོ་ཝ་ཀྲུང་སི་ན་རེ། “དམག་དཔུང་སྦྱོང་བརྡར་ལེགས་པོ་དང་གྲ་སྒྲིག་ཨང་བསར་བྱས་ཏེ་ནམ་ཞིག་གོ་སྐབས་ལེགས་པོ་བྱུང་ཚེ་མཁར་དེ་བླངས་ན་འགྲིག་སྙམ།”[21]ཞེས་ཐབས་ཇུས་བཏོན་པ་མངོན་འགྱུར་བྱུང་བ་རེད་ཅེས་བརྗོད་ཆོག་གོ།
སྤྱི་ལོ748ལོར། སྤུ་རྒྱལ་གྱི་དཔུང་ཆེན་སྟོད་ཕྱོགས་སུ་སོང་བ་དང་མདོ་སྨད་དུ་སོ་སྲུང་གི་དམག་ཤུགས་ཞན་པའི་གོ་སྐབས་དང་བསྟུན་ནས། ཐང་གིས་མཁར་ལྕགས་རྩེ་འཕྲོག་པའི་ཐབས་ཇུས་ཀྱི་འགོ་རྩོམ་སྐབས། ཐོག་མར་མཁར་ལྕགས་རྩེ་ལ་ཕར་རྒོལ་མ་བྱས་པར་མཚོ་སྔོན་པོའི་འགྲམ་ངོགས་སུ་དམག་སྒར་བཏབ་ནས་དེ་རུ་ཡོད་པའི་སྤུ་རྒྱལ་གྱི་སོ་སྲུང་དམག་སྡེ་ཕམ་ཉེས་སུ་བཏང་བ་དང་། མཚོ་གླིང་དུ་མཁར་བརྩིགས་པ་སོགས་འགོག་སྲུང་གི་བྱ་བ་རྣམས་ལེགས་པར་གྲུབ་རྗེས། ད་གཟོད་མཁར་ལྕགས་རྩེ་ལ་རྒོལ་བའི་གཡུལ་འགྱེད་ཀྱི་འགོ་བསླངས་འདུག དེ་ནི་ཕལ་ཆེར་སྤུ་རྒྱལ་གྱི་རོགས་དམག་འོང་བའི་ཉེན་ཁ་བཟློག་ཐབས་སུ་སྔོན་འགྲོའི་བྱ་བ་དེ་རྣམས་བསྒྲུབས་པ་ཞིག་ཡིན་པར་སྙམ།
ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་ལ་ཆད་སྐྱོན་ཤོར་བའི་སྟབས་ཀྱིས་ཐེངས་དེའི་གཡུལ་འགྱེད་ཀྱི་གནས་ཚུལ་མེད་མོད། རྒྱའི་ཡིག་ཚང་ཁག་ནང་ཅུང་གསལ་བོ་ཞིག་བཀོད་འདུག གཡུལ་འགྱེད་སྔ་མ་རྣམས་དང་བསྡུར་ན་ཐེངས་དེའི་གཡུལ་འགྱེད་ནང་དམག་མི་སྟོང་ཕྲག་མང་བོའི་སྲོག་ཤོར་བ་སོགས་ཛ་དྲག་དང་ཡ་ང་བའི་གནས་ཚུལ་ཐོན་ཡོད་དེ། རྒྱའི་ཡིག་ཚང་རྙིང་བ«སྲིད་སྐྱོང་མེ་ལོང»སོགས་སུ་བཀོད་པ་ལྟར་ན། ལོ་དེའི་ཟླ་དྲུག་པར། ཐང་གོང་མས་བཀའ་བཏང་ནས། ས་ཁུལ་ཆེན་པོ་གསུམ་གྱི་དམག་སྡེ་ལྷན་ཏུ་བསྡུས་ཤིང་ཁྱོན་སྡོམ་དམག་མི་དྲུག་ཁྲི་སུམ་སྟོང་ལྷག་གཡུལ་ལ་ཞུགས་པར་བཤད།[22] སྐབས་དེར་སྤུ་རྒྱལ་ལ་མཁར་ལྕགས་རྩེ་སྲུང་བའི་དམག་མི་བརྒྱ་ཕྲག་འགའ་ཙམ་ལས་མེད་ན་ཡང་། མཁར་རྫོང་གི་ས་བབ་བཙན་པ་དང་། མཁར་བརྩིགས་པ་སྲ་ཞིང་བརྟན་པོར་ཡོད་པར་མ་ཟད། དམག་གི་བཟའ་འབྲུ་དང་། རྡོ་དང་ཤིང་དུམ། མདའ་དང་གོ་མཚོན་སོགས་དམག་གི་མཁོ་ཆས་ཀྱང་གང་ལ་གང་འཚམ་ཞིག་མཁར་རྫོང་ནང་བསྡུ་གཉེར་བྱས་ཡོད་པར་བརྟེན། ཐང་དམག་གིས་ཐེངས་གང་མང་ལ་ཕར་རྒོལ་བྱས་ན་ཡང་། མཁར་རྫོང་འཕྲོག་མ་ཐུབ་པར་མ་ཟད། ཐང་གི་དམག་མི་སྟོང་ཕྲག་མང་བོའི་སྲོག་ཀྱང་ཤོར། ཐང་གོང་མ་མཐའ་མར་འུ་ཐུག་ནས་དམག་དཔོན་ཀའོ་ཞིའུ་ཡན་དང་ཀྲང་ཧྲོའུ་ཡུས་གཉིས་ལ་དམག་ཁྲིམས་བཅད་ནས་སྲོག་ཐོག་ཏུ་གཏོང་བརྩིས་ཀྱང་བྱས་མོད། དམག་དཔོན་གཉིས་ཀྱིས་སྔར་གྱི་ཉེས་པ་དག་ཐབས་སུ་ཉིན་གསུམ་རིང་མཁར་རྫོང་འཕྲོག་པའི་དམ་བཅའ་ཕུལ་ནས། ཡང་བསྐྱར་ཕར་རྒོལ་བྱས་མཐར་མཁར་རྫོང་གཞི་ནས་ཕབ་ཐུབ་པ་བྱུང་། རྒྱའི་ཡིག་ཚང་ཁག་ནང་། མཐའ་མའི་ཕར་རྒོལ་སྐབས་སྤུ་རྒྱལ་གྱི་མཁར་སྲུང་དམག་མིས་ཐེངས་སྔ་མ་ནང་བཞིན་འགོག་རྒོལ་དྲག་པོ་བྱས་པའི་གནས་ཚུལ་བཀོད་མེད། དེར་བལྟས་ན་གཡུལ་འགྱེད་མཐའ་མའི་སྐབས་ཧ་ལམ་ཐང་དམག་གིས་བདེ་བླག་ངང་མཁར་ཕྲོགས་ཡོད་པར་ངེས། «སྲིད་སྐྱོང་མེ་ལོང»ནང་། མཐའ་མའི་གཡུལ་འགྱེད་ནང་སྤུ་རྒྱལ་དམག་མི་བཞི་བརྒྱ་ལྷག་འཛིན་བཟུང་བགྱིས་བའི་ཚུལ་ཡང་བཀོད་འདུག དེ་ནི་ཧ་ལམ་མཁར་རྫོང་ནང་བསྡུ་གཉེར་བྱས་པའི་འབྲུ་རིགས་དང་གོ་མཚོན་ཡོངས་སུ་ཟད་པ་དང་། ཡུན་རིང་འགོག་རྒོལ་བྱས་ཀྱང་རོགས་དམག་མ་འབྱོར་བས་སེམས་ཤུགས་ཉམས་པ་སོགས་ལ་རྐྱེན་བྱས་ནས། མཐའ་མར་ཐང་ལ་མགོ་བཏགས་པ་ཡིན་སྲིད། སྤྱིར་ན་དམག་མི་བརྒྱ་ཕྲག་ལྷག་གིས་མཁར་རྫོང་བཙན་པོའི་ཕན་ཁེ་ལ་བརྟེན་ནས་དགྲའི་དཔུང་ཆེན་ལ་ཁ་གཏད་འཇལ་བ་ནི་ཡུན་ཐུང་གི་རྒྱལ་ཁ་ཙམ་ལས་རྒྱུན་བསྲིང་གི་དམག་འཐབ་ཅིག་ག་ལ་ཡིན། གཅིག་ན་ཁོ་ཚོ་ལ་དམག་རོགས་མ་འབྱོར་བ་དང་།གཉིས་ན་བཟའ་འབྲུ་དང་གོ་མཚོན་སོགས་ཀྱང་རྫོགས་ངེས་པས་ན། མཐའ་མར་དགྲ་ལག་ནས་མི་ཕམ་རང་ཕམ་དུ་གྱུར་ཡོད།
རྒྱ་ནག་གི་ཡིག་ཚང་ཁག་ནང་ཐེངས་དེའི་གཡུལ་འགྱེད་ཀྱི་གནས་ཚུལ་བཀོད་སྟངས་སྐོར་ལ་དོགས་སློང་བྱེད་མཁན་ཡང་ཡོད་དེ། གཅིག་ན་ད་ལྟའི་མཁར་རྫོང་གི་གནས་གཞི་ལ་བལྟས་ན། ཧ་ལམ་དམག་མི་བརྒྱ་ཙམ་ལས་མང་བོ་ཞིག་ཤོང་དཀའ་བར་ཡོད་པས། སྤུ་རྒྱལ་གྱི་དམག་མི་བཞི་བརྒྱ་ཙམ་བཟུང་ཟེར་བ་དེ་ཁུངས་ལྡན་དུ་བརྩི་དཀའ་སྟེ། མཁར་རྫོང་ནང་འབྲུ་རིགས་དང་ཤིང་དུམ་སོགས་དམག་ཆས་ཀྱང་བསྡུ་གཉེར་བགྱིས་པའི་ཁར་དམག་མི་དེ་འདྲ་མང་བོ་ཞིག་ཤོང་བའི་གནས་མེད་ཟེར།གཉིས་ན་མཁར་རྫོང་ཡོད་སར་རི་བྲག་དང་ལུང་འགོག་མང་བོས་དམག་མི་ཁྲི་སྟོང་མང་བོ་གཡུལ་སར་ཞུགས་པའི་ས་ཁྱོན་མེད། དེར་བརྟེན་སྲིད་སྐྱོང་མེ་ལོང་ནང་ཐང་དམག་དྲུག་ཁྲི་སུམ་སྟོང་གཡུལ་དུ་ཞུགས་པ་དང་དེའི་ནང་ཁྲི་ཕྲག་འགའི་སྲོག་ཤོར་ཞེས་བརྗོད་པ་ནི་དོན་དངོས་ཀྱི་གྲངས་འབོར་ཞིག་ཡིན་མི་སྲིད་ཟེར། དེ་ཡང་མཐར་གཏུགས་ན་ཚོད་དཔག་ཙམ་ལས་སྒྲུབ་བྱེད་བཙན་པོ་ཞིག་རྙེད་མེད། མཁར་ལྕགས་རྩེ་རྩོད་པའི་གཡུལ་འགྱེད་ནི་མ་གཞི་ནས་ཡ་ང་བ་དང་ཛ་དྲག་ཆེ་བ་ཞིག་ཏག་ཏག་བྱུང་ཡོད་པ་ཐེ་ཚོམ་མེད་དེ། ད་ལྟའང་མཁར་རྫོང་གི་ཉེ་ལོགས་སུ་མིའི་རུས་པ་དང་མདེའུ། ཁྲབ་ཀྱི་བྱང་བུ་སོགས་མང་བོ་འཐོན་བཞིན་ཡོད་པར་མ་ཟད་། མི་རོའི་ལུང་བ་དང་མི་ཁྲི་ཕྲག་སྦས་པའི་དུར་དོང་སོགས་ས་མིང་འཇིགས་ཡེར་བ་ཁ་ཤས་ཀྱང་མཁར་རྫོང་ཉེ་ལོགས་ཀྱི་གྲོང་མི་ཚོའི་ངག་ན་ད་དུང་མ་ཉམས་པར་ཡོད་པར་བཤད།[23] དེའི་ཕྱིར་གོ་མཚོན་དང་ས་མིང་དེ་དག་ནི་མཁར་རྫོང་དེ་རུ་གཡུལ་འགྱེད་ཡ་ང་བ་བྱུང་མྱོང་བའི་དཔང་རྟགས་རྨ་མེད་པ་ཞིག་ཏུ་བགྲངས་ཆོག་གོ།
ཐང་གིས་ཐེངས་གཉིས་པར་མཁར་ལྕགས་རྩེ་ཕྲོགས་རྗེས། སྔོན་ལྟར་དགྲ་ལག་ཏུ་འཆོར་བར་དོགས་ནས་ཧྲིན་ཝུའུ་ཅུན་བྱ་བའི་དམག་སྡེ་ཞིག་བཙུགས་ནས་སྲུང་བ་དམ་པོ་བྱས་མོད། སྟོད་ཕྱོགས་ཀྱི་གཡུལ་འགྱེད་མཇུག་མ་རྫོགས་པའི་སྟབས་ཀྱིས་སྤུ་རྒྱལ་གྱི་དཔུང་ཆེན་ལམ་སེང་མདོ་སྨད་དུ་སླེབས་མ་ཐུབ་ལ། རེ་ཞིག་མཁར་ལྕགས་རྩེ་རྩོད་པའི་གཡུལ་འགྱེད་ཞི་འཇགས་སུ་གྱུར། བར་སྐབས་དེར་ཐང་དང་འཇང་གཉིས་ལ་འཁྲུག་པ་བྱུང་བ་དང་འཇང་གི་རྗེ་བོ་ཀོག་ལ་བོང་བྱ་བས་སྤུ་རྒྱལ་ལ་མགོ་བཏགས། དེ་ནས་བཟུང་སྤུ་རྒྱལ་གྱིས་འཇང་གི་རོགས་དམག་ལ་བརྟེན་ནས་ཐང་གི་ལྷོ་ནུབ་ཏུ་ཕར་རྒོལ་བྱས་ནས་མཁར་རྫོང་མང་དུ་ཕབ། བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་བཞེངས་པའི་མགུར་ནང། “དཔའ་འྀ་ནི་ལས་བྱས་པའ༎རྒྱ་མཁར་ནྀ་མཐོའ་བཤིག་ཅིང་༎རྒྱ་འབངས་ནྀ་མང་བསྡུས་ནས༎ཡུལ་དང་ནྀ་སྡེར་བཆསྟེ༎”[24]ཞེས་པའི་དུས་སྐབས་དེ་ཡིན། སྤྱི་ལོ755ལོར་ཐང་རྒྱལ་རབས་ཆེན་མོའི་ནང་ཁུལ་དུ་ཨན་ལོ་ཧྲིའི་ཟིང་འཁྲུག་སོགས་བྱུང་ནས་ཕྱི་ནང་གཉིས་སུ་ཉེར་འཚེ་མང་བོས་ཀུན་ནས་བསྐོར་བར་བརྟེན། ཐང་གིས་ནང་གི་ཟིང་ཆ་གཙོ་བོ་རྣམས་ཞི་འཇགས་སུ་གཏོང་ཆེད་ནུབ་ཕྱོགས་ཀྱི་སོ་མཚམས་སྲུང་བའི་དཔུང་ཆེན་རྣམས་རིམ་བཞིན་ཕྱིར་འཐེན་བྱས་ཡོད་དེ།«སྲིད་སྐྱོང་མེ་ལོང»ནང་། “ཚེས་བདུན་གྱི་ཉིན། གོང་མས་བཀའ་ཡིག་བཏང་ནས་སྐུ་ངོ་མ་དམག་ཏུ་སྐྱོད་རྩིས་གནང་། ཧྲོ་ཧྥང་། ཧོ་ཞི། ལུང་ཡིའུ་བཅས་ཀྱི་དམག་དཔུང་ཁག་ནས་མཁར་རྫོང་སྲུང་མཁན་ལས་གཞན་དག་ཚང་མ་བྱེས་ཕེབས་རུ་སྒར་དུ་འཛོམ་རྒྱུ་དང་། ཅེ་ཏུའུ་ཧྲི་སོ་སོས་དཔུང་སྣེ་ཁྲིད་དེ་ཉིན་ཉི་ཤུའི་ནང་འཛོམ་དུས་བཏབ།”[25]ཞེས་པ་ལས། རྨ་ནུབ་དང་ལུང་ཡིའུ་ས་ཆའི་དམག་དཔུང་རྣམས་ཕྱིར་འཐེན་བྱེད་དགོས་བྱུང་བ་དང་ཤུལ་དུ་མཁར་རྫོང་གི་སྲུང་དམག་ཙམ་ལས་བཞག་མེད་པ་ཤིན་ཏུ་གསལ་བས་ན།མདོ་སྨད་ཀྱི་སའི་ཆ་སྟེ་རྨ་ནུབ་ཏུ་གཏོགས་པའི་མཁར་ལྕགས་རྩེ་རུ་བཙུགས་པའི་ཧྲིན་ཝུའུ་ཅུན་བྱ་བའི་དམག་སྡེའང་ཕྱིར་འཐེན་བྱས་ནས་ཤུལ་དུ་མཁར་སྲུང་བ་ཙམ་ལས་མེད་པ་སྨོས་མ་དགོས། དེ་ནི་སྤུ་རྒྱལ་ལ་མཚོན་ན་མཁར་རྫོང་ཕྱིར་ལེན་པའི་གོ་སྐབས་བླ་ན་མེད་པ་ཞིག་ཡིན་པས། 756ལོར་སྤུ་རྒྱལ་གྱིས་ཏག་ཏག་གོ་སྐབས་དེ་དང་བསྟུན་ནས་མཁར་ལྕགས་རྩེ་སླར་ཕྲོགས་པ་རེད། རྒྱ་ནག་གི་ཡིག་ཚང་ཁག་ནང་མཁར་ཕབ་ཅེས་པ་ཙམ་ལས་གཡུལ་འགྱེད་གྱི་གནས་ཚུལ་ཅི་ཡང་བཀོད་མེད་ལ། ཏུན་ཧོང་ཡིག་རྙིང་གི་ལོ་ཚིགས་གནད་བསྡུས་ན་ཡང་། མཁར་ཕབ་ཚུལ་གླེང་བསླང་ཙམ་ཡང་མེད་པ་ལ་བལྟས་ན། མཁར་ཕབ་སྐབས་ཐང་གི་མཁར་སྲུང་དམག་མི་རྣམས་སྤུ་རྒྱལ་གྱི་དཔུང་གི་གཟི་རྔམ་ལ་འཇིགས་ནས་མགོ་བཏགས་པའམ་གང་ལྟར་ཐེངས་དེར་གཡུལ་འགྱེད་དྲག་པོ་ཞིག་ཧ་ལམ་བྱུང་མེད་པར་སྙམ། དེ་ནས་བཟུང་། རྒྱལ་རབས་ཆེན་མོ་འདི་གཉིས་སྔ་ཕྱིར་འཇིག་རག་བར་དུ་མཁར་ལྕགས་རྩེ་སྤུ་རྒྱལ་གྱིས་བདག་ཏུ་བཟུང་བ་དང་། ཐང་གིས་མདོ་སྨད་དུ་དཔུང་ཆེན་འདྲེན་པའི་ལོ་རྒྱུས་ཀྱང་མཇུག་རྫོགས་པར་གྱུར། དེ་ནི་ཐང་གི་གོང་མས་མཁར་ལྕགས་རྩེ་འཛིན་འདོད་ཀྱི་སྲིད་ཧམ་དོར་བ་མ་ཡིན་མོད། ཕྱི་རོལ་ནས་ཧོར་དང་སྤུ་རྒྱལ། འཇང་སོགས་ཀྱིས་ཚུལ་རྒོལ་དྲག་པོ་ཐེབས་པ་དང་། ནང་ཁུལ་དུ་ཨན་ཧྲིའི་ཟིང་འཁྲུག་སོགས་བྱུང་ནས་ཐང་རྒྱལ་རབས་ཆེན་མོ་མར་ངོའི་ཟླ་བཞིན་བྲི་བའི་དུས་དང་ཁེལ་བར་བརྟེན། མཁར་ལྕགས་རྩེ་འཕྲོག་པའི་གོ་སྐབས་གཏན་ཏུ་མེད་པར་གྱུར་ཏོ༎
གསུམ་པ། གཡུལ་འགྱེད་སོ་སོའི་རྒྱལ་ཕམ་ལས་བྱུང་བའི་མཇུག་འབྲས་སྐོར།
སྤྱི་ལོ729ལོར། ཐང་གིས་སྤུ་རྒྱལ་གྱི་ལག་ནས་མཁར་ལྕགས་རྩེ་ཕྲོགས་ནས་བདག་ཏུ་བཟུང་བ་དེས། ཐང་ལ་མཚོན་ན། ནུབ་ཕྱོགས་སུ་ཡོད་པའི་མདོ་ཁམས་སྨད་དུ་མངའ་རིས་རྒྱ་བསྐྱེད་པ་དང་སོ་མཚམས་བརྟན་བསྲུང་གི་བྱ་བཞག་ལ་ཕན་བསྐྱེད་ཁྱད་དུ་འཕགས་པ་ཞིག་ཐོན་ཡོད་དེ། «སྲིད་སྐྱོང་མེ་ལོང»ལས། “བྲེལ་མྱུར་གྱིས་དཔུང་འཇུག་བྱས་ཏེ་མཁར་དེ་ཕབ། དམག་ཁག་བགོས་ཀྱིས་ས་ཆ་འགངས་ཆེན་བསྲུངས་ཏེ་དགྲ་བོ་མདུན་དུ་སྐྱོད་མི་ཐུབ་པ་བཟོས། དེ་རྗེས་ཧོ་ཞི་དང་ལུང་ཡིའུ་ས་ཆའི་ཅུན་ཁག་ཏུ་སྐོར་སྐྱོད་ཀྱིས་མངའ་རིས་ལེ་དབར་སྟོང་ལྷག་རྒྱ་བསྐྱེད། གོང་མས་དེ་ཐོས་རྗེས་ཆེར་དགྱེས་ཏེ་མཁར་ལྕགས་རྩེའི་མིང་ཀྲེན་ཝུའུ་ཅུན་དུ་བསྒྱུར།”[26]ཞེས་པ་ལ་བརྟགས་ན་གནད་དོན་གཉིས་གསལ་བོར་བཤད་ཆོག་སྟེ། དང་པོ། ཐང་གིས་མཁར་ལྕགས་རྩེ་ཕབ་པ་དང་བསྟུན་ནས་དེ་དང་འབྲེལ་བའི་དམག་ས་འགངས་ཆེན་ཁག་ཅིག་ཀྱང་ཐོབ་ཡོད་པར་མ་ཟད། བཙན་ས་དེ་དག་ལ་བརྟེན་ནས་སྤུ་རྒྱལ་གྱི་དཔུང་ཆེན་ཤར་ཕྱོགས་སུ་བསྐྱོད་པའི་བགྲོད་ལམ་འགོག་ཐུབ་པ་བྱུང་། གོང་གི་ལུང་ཚིག་ནང་དགྲ་བོ་མདུན་དུ་སྐྱོད་མི་ཐུབ་པ་བཟོས་ཞེས་པའི་དོན་དེ་ཡིན། གཉིས་པ། བཙན་མཁར་དེ་དག་ལ་བརྟེན་ནས་སྤུ་རྒྱལ་གྱི་དམག་ལམ་བཀག་པར་མ་ཟད། དར་གོས་ཚོང་ལམ་གྱི་རྒྱུད་དུ་གཏོགས་པའི་ཡུལ་གྲུ་ཁག་བདག་ཏུ་བཟུང་ནས་མདོ་སྨད་དུ་ཐང་གི་དབང་ཤུགས་ཁྱབ་པར་སྟབས་བདེ་གང་ལེགས་བྱུང་ཡོད། དེའི་དབང་གིས་ཐང་གོང་མ་ཡང་མཁར་ལྕགས་རྩེ་ཐོབ་པའི་དོན་དག་དེར་ཐུགས་དགྱེས་པའི་རྩེར་སོན་པར་གྱུར། དེ་ནི་ཐང་ལ་མཁར་ལྕགས་རྩེ་ཐོབ་པ་ལས་བྱུང་བའི་ཆབ་སྲིད་ཀྱི་ཁེ་ཕན་ཐོག་མ་ཡིན་ལ། སྤུ་རྒྱལ་ལ་མཚོན་ན་མཁར་རྫོང་དགྲ་ལག་ཏུ་ཤོར་བ་དེས་མདོ་སྨད་ཀྱི་ཡུལ་ཁམས་སྤྱི་དང་ཁྱད་པར་དུ་མཚོ་སྔོན་པོའི་འགྲམ་རྒྱུད་དང་རྨ་ནུབ་ཀྱི་ཡུལ་ལུང་ཁག་གི་དབང་ཤུགས་སྲ་བརྟན་ཏུ་གཏོང་བའི་གེགས་ཆེན་པོར་གྱུར་པར་མ་ཟད། ཧ་སི་བྱང་ངོས་སུ་མངའ་རིས་རྒྱ་བསྐྱེད་པའི་དམིགས་ཡུལ་ཡང་རེ་ཞིག་བསྐྱུར་དགོས་བྱུང་བ་རེད། མཚོ་སྔོན་པོའི་ནུབ་ཕྱོགས་སུ་སྤུ་རྒྱལ་གྱི་དམག་དཔུང་སྔར་བཞིན་གནས་ཡོད་པས། མདོ་སྨད་ཀྱི་དབང་ཤུགས་ཉམས་དམས་སུ་གཏོང་ཐུབ་མེད་ལ། ཁྱད་པར་དུ་སྤུ་རྒྱལ་གྱིས་མདོ་སྨད་ཀྱི་འདུན་མ་སྔར་ལྟར་བསྡུ་བཞིན་པ་དེ་ལས་ཀྱང་ཐང་གི་དབང་ཆ་མིང་ཙམ་ཡིན་པ་གསལ་བོར་རྟོགས་ཐུབ། སྤྱི་ལོ729ལོའི་རྗེས་ཀྱི་ལོ་ཁ་ཤས་ནང་མདོ་སྨད་ཀྱི་གཡུལ་འགྱེད་རེ་ཞིག་ཞི་འཇམ་དུ་གྱུར་པར་མ་ཟད། ཐང་དང་སྤུ་རྒྱལ་བར་མཇལ་དུམ་གྱི་མནའ་ཆིངས་ཀྱང་བཞག་པར་བརྟེན། སྤུ་རྒྱལ་གྱི་སོ་སྲུང་དམག་དཔོན་ཁྲི་གཟིགས་བྱ་བས་མནའ་ཆིངས་ལ་ཡིད་ཆེས་ནས་སོ་སྲུང་མཁར་རྫོང་རྣམས་བཤིག་པ་དང་། གང་སར་ཕྱུགས་ཟོག་འཚོ་ཆོག་པ་བྱས་ནས་སོ་སྲུང་གི་བྱ་བ་ལྷོད་ཡངས་སུ་བཏང་། ཕྱིས་སུ་ཐང་གིས་གཡོ་བྱས་ནས་སྤུ་རྒྱལ་གྱི་དོགས་ཟོན་མེད་པའི་གོ་སྐབས་དང་བསྟུན་ནས་མཚོ་སྔོན་པོའི་ནུབ་ཕྱོགས་སུ་དཔུང་ཆེན་དྲངས་ཏེ་སྤུ་རྒྱལ་གྱི་དམག་སྒར་གཏོར། དེ་ནས་བཟུང་ཡང་བསྐྱར་མདོ་སྨད་ཀྱི་གཡུལ་འགྱེད་འགོ་བསླངས་ནས། སྤྱི་ལོ737དང738ལོ་གཉིས་རིང་གི་མདོ་སྨད་ཀྱི་གཡུལ་འགྱེད་ཁྲོད་སྤུ་རྒྱལ་ལན་མང་ཕམ་པར་གྱུར། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་མཁར་ལྕགས་རྩེ་ལྟ་བུའི་མཁར་རྫོང་བཙན་པོ་དག་དགྲ་ལག་ཏུ་ཤོར་བའི་མཇུག་འབྲས་ཡིན་ཞེས་སྨོས་ཆོག་གོ། ཐང་གིས་མཁར་ལྕགས་རྩེ་ཕབ་པ་དེ་ནི་གོ་སྐབས་བླ་མེད་ཅིག་ཏུ་བལྟས་ཡོད་པ་གདོན་མི་ཟ་སྟེ། སྤྱི་ལོ738ལོར། མདོ་སྨད་ཙོང་ཀའི་ཕྱོགས་སུ་ཐང་གིས་དྲག་དཔུང་ལ་བརྟེན་ནས་ཡུན་རིང་བདག་འཛིན་བྱེད་འདོད་ཀྱི་སྟ་གོན་བགྱིས་པའི་ཚུལ་ནི«ཐང་ཡིག་གསར་མ»ལས། “ཏུའུ་ཞི་ཝང་གིས་ཧྲན་ཀྲོའུ་ཡི་དམག་དཔུང་བཏང་སྟེ་བོད་ཀྱི་རྨ་ཆུའི་ཟམ་པ་ཕྲོགས་ཤིང་། རྨ་ཆུའི་ངོགས་སུ་ཡན་ཆོན་མཁར་བརྩིགས་པ་དེར་ཀྲེན་ཞི་ཅུན་དུ་བཏགས། བོད་དམག་སུམ་ཁྲི་ཕམ་པར་བྱས།”[27]ཞེས་པ་ལ་གཞིགས་ན། སྤུ་རྒྱལ་ཕམ་པའི་སྐབས་དང་བསྟུན་ནས། ཐང་གིས་ལག་ཏུ་ཐོབ་མ་ཐག་པའི་ས་ཆར་མཁར་རྫོང་བརྩིགས་པ་དང་ཟམ་པ་ལ་བདག་གཉེར་བྱེད་པ་སོགས་བྱས་ཡོད་པ་ཤིན་ཏུ་གསལ། གོང་གསལ་ཐང་ཡིག་ནང་སྤུ་རྒྱལ་གྱི་དམག་སུམ་ཁྲི་ཕམ་ཞེས་པ་ནི་ཕལ་ཆེར་ཐང་གི་བློན་པོ་ཚོས་གོ་གནས་འཐོབ་པའི་ཆེད་དུ་བྱས་རྗེས་རྫུན་མ་སྙན་སེང་ཞུས་པ་ཡིན་པ་གོར་མ་ཆག་སྟེ། «སྲིད་སྐྱོང་མེ་ལོང» «ཡིག་ཚང་རུས་སྦལ་མ»སོགས་རྒྱའི་དེབ་ཐེར་གྲགས་ཅན་ཁག་ནང་དམག་གྲངས་འབོར་ཆེན་དེ་འདྲ་ཡོད་པའི་སྐོར་མི་གསལ།སྤྱི་ལོ741ལོར། སྤུ་རྒྱལ་གྱིས་མཁར་ལྕགས་རྩེ་ཡང་བསྐྱར་ཕབ་རྗེས། མདོ་སྨད་ཀྱི་གཡུལ་འགྱེད་ལ་གཞི་ནས་འགྱུར་བ་ཐེབས་ཤིང་ཐང་ཡང་བསྐྱར་ཕམ་ཁ་འཁུར་བའི་ལམ་དུ་ཞུགས་དགོས་བྱུང་། དེ་ནི་གཡུལ་འགྱེད་ཀྱི་ཕམ་ཁ་ཁོ་ན་ཙམ་མ་ཡིན་པར་སྲིད་འབྱོར་གྱི་སྟོབས་ལ་ཉམས་ཆག་ཐེབས་འགོ་ཚུགས་ཡོད་དེ། སྐབས་དེར་ཐང་གིས་སྤུ་རྒྱལ་འགོག་པའི་ཆེད་དུ་མདོ་སྨད་ཕྱོགས་སུ་སོ་སྲུང་དམག་མི་ཁོ་ན་བདུན་ཁྲི་ལྔ་སྟོང་ལྷག་བཞག་པ་དང་། སོ་མཚམས་གཞན་དང་གཞན་དུ་ཁྱོན་སྡོམ་སོ་སྲུང་དམག་མི་བཞི་འབུམ་དགུ་ཁྲི་ཙམ་བསྐོ་བཞག་བྱས། དེ་ནི་ཐང་གི་ལོ་རྒྱུས་ནང་སོ་སྲུང་དམག་གྲངས་ཆེས་མཐོ་ཤོས་ཀྱི་སྐབས་ཡིན་པར་བཤད། དེས་མངའ་རིས་བརྟན་བསྲུང་གི་བྱ་བ་ལ་ཕན་ཁེ་ཅུང་ཟད་བྱིན་ཡོད་དུ་སྲིད་མོད། དར་གོས་དང་བཟའ་འབྲུ་སོགས་དམག་རྒྱག་གི་འགྲོ་སོང་ཇེ་མང་དུ་གྱུར་ནས་རྒྱལ་བོའི་བང་མཛོད་སྟོང་བར་གྱུར་པ་དང་འབངས་མི་སེར་རྣམས་དབུལ་བོའི་གནས་སུ་ལྷུང་བའི་རྐྱེན་དུ་གྱུར་པ་རེད།[28] དེ་ནི་མཁར་ལྕགས་རྩེ་གཙོ་བོར་གྱུར་བའི་མཁར་རྫོང་གནད་ཆེན་མང་བོ་སྤུ་རྒྱལ་ལ་ཤོར་ནས་སོ་སྲུང་དམག་མི་འཕར་མ་འཇོག་དགོས་བྱུང་བ་ཞིག་ཡིན་ལ། མཇུག་འབྲས་ངན་པ་དེ་ལས་བསྐྱབ་དགོས་ན་མཁར་རྫོང་ཡང་བསྐྱར་འཕྲོག་པ་ལས་ཐབས་མཆོག་གཞན་གང་ཡང་མེད་པ་ཡིན་ཙ་ན། ཐང་གི་རྗེ་བློན་ཚོས་དམག་གྲོས་ཡང་ཡང་བགྱིས་ཤིང་དམག་མི་ཁྲི་སྟོང་མང་བོའི་སྲོག་བློས་བཏང་མཐར། སྤྱི་ལོ749ལོར་ཡང་བསྐྱར་མཁར་ལྕགས་རྩེ་ཕྲོགས་ཐུབ་པར་གྱུར། སྤུ་རྒྱལ་གྱི་དཔུང་ཆེན་སྟོད་ཕྱོགས་སུ་སོང་བའི་སྐབས་དང་བསྟུན་ནས་ཐང་གིས་ཧྲིན་ཝུའུ་ཅུན་བྱ་བའི་དམག་སྡེ་བཙུགས་པ་དང་། ལོ་དེའི་ཕྱི་ལོ་སྟེ750ལོ་ནས་བཟུང་། ཐང་གིས་མཁར་ལྕགས་རྩེ་བདག་ཏུ་བཟུང་བའི་སྐབས་དང་བསྟུན་ནས་ཡང་བསྐྱར་མདོ་སྨད་དུ་མངའ་རིས་རྒྱ་བསྐྱེད་པའི་དམག་འཁྲུག་གི་འགོ་བརྩམས་པ་ནི་འདི་ལྟར། ལོ་དེར་དཔུང་ཆེན་དྲངས་ནས་འ་ཞ་རྒྱལ་བོའི་སྐུ་མཁར་རྙིང་བ་དང་རྨ་ཆུའི་ཟམ་པ་ལྔ[29]ཙམ་ཕྲོགས་ནས་དམག་ལམ་བདེ་བར་བཏང་། 753ལོར་གཞི་ནས་རྨ་ཆུའི་རྒྱུད་དུ་ཕར་རྒོལ་བྱས་པའི་ཚུལ་ནི། «སྲིད་སྐྱོང་མེ་ལོང»ལས། “ཟླ་དྲུག་པར། ལུང་ཡིའུ་ཡི་ཅེ་ཏུའུ་ཧྲིའི་གོ་ཐོབ་ཅན་ཀེ་ཧྲུའུ་ཧན་གྱིས་བོད་དམག་དང་འཐབ་སྟེ། མཁར་ཧུང་ཅི་དང་མཁར་ཏ་མོ་མོན་སོགས་བླངས། ཅིའུ་ཆུས་ས་ཆའི་ཚོ་བ་ཚང་མ་དབང་དུ་བསྡུས།”[30]ཞེས་བྱུང་། དེའི་ནང་བོད་དམག་དང་འཐབ་ཅེས་པ་ནི་སྤུ་རྒྱལ་གྱི་སོ་སྲུང་དམག་མི་དང་འཐབ་པའི་དོན་ཡིན་གྱི་སྤུ་རྒྱལ་གྱི་དཔུང་ཆེན་སྟོད་ཕྱོགས་ཀྱི་གཡུལ་འགྱེད་ནང་ཞུགས་ཟིན། མཁར་ཏ་མོ་མོན་དང་མཁར་ཧུང་ཅི་ཞེས་པ་གཉིས་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ཤར་ལྷོའི་རྒྱུད་དུ་ཡོད།[31] ཅིའུ་ཆུས་ས་ཆ་ཞེས་པ་ནི་རྨ་ཆུའི་འཁྱིལ་ཁུག་གི་ས་ཆའི་དོན་ཡིན་ལ། དེ་ནི་ཕལ་ཆེར་མཚོ་ལྷོ་ཁུལ་གྱི་འབའ་རྫོང་དང་། མང་རྫོང་། ཁྲི་ཀ་རྫོང་སོགས་ཀྱི་ཁོངས་སུ་ཡོད་པའི་རྨ་ཆུའི་བཞུར་རྒྱུན་གྱི་ས་ཆར་གོ་དགོས་སྙམ། གོང་གི་ལུང་ཚིག་ལ་བརྟགས་ན། ལོ་དེར་སྤུ་རྒྱལ་གྱི་ས་ཆ་དང་མཁར་རྫོང་། མི་སེར་གང་འཚམ་ཞིག་ཐང་ལ་ཤོར་བ་ཤིན་ཏུ་གསལ། དེ་ནི་སྤུ་རྒྱལ་མཚོན་ན་མཁར་ལྕགས་རྩེ་དགྲ་ལག་ཏུ་ཤོར་བ་ལས་བྱུང་བའི་ཆབ་སྲིད་ཀྱི་ཕམ་ཉེས་ཤིག་ཅི་ལ་མིན།
བར་སྐབས་དེར་ཐང་གི་མངའ་རིས་ཆེས་ཆེ་བའི་དུས་སྐབས་ཤིག་ལ་སླེབས་ཡོད་ན་ཡང་། དེ་ནི་སྐད་ཅིག་མའི་ཡུན་ཚད་ཙམ་ལས་མ་འདས། སྤྱི་ལོ755ལོར། ཐང་གི་ནང་ཁུལ་དུ་ཨན་ཧྲི་ཟིང་འཁྲུག་བྱུང་བའི་དབང་གིས་གོང་མ་ཐབས་སྡུག་འུ་ཟད་དུ་གྱུར་ནས་མཐའ་མཚམས་སྲུང་མཁན་གྱི་དཔུང་ཆེན་རྣམས་ཕྱིར་འཐེན་བྱས་ཏེ་གྱེན་ལོག་པ་རྣམས་ཀྱི་མགོ་གནོན་དུ་འཇུག་དགོས་བྱུང་། དེའི་ཕྱི་ལོར་སྤུ་རྒྱལ་གྱིས་གོ་སྐབས་དེ་དང་བསྟུན་ནས་མཁར་ལྕགས་རྩེ་སླར་བླངས་ནས་མདོ་སྨད་ཀྱི་དབང་ཤུགས་སླར་གསོ་བགྱིས་པར་མ་ཟད། རིམ་བཞིན་ཤར་ཕྱོགས་ཀྱི་མངའ་རིས་གཏན་འཇགས་སུ་གཏོང་བའི་ཆེད་དུ་དཔུང་ཆེན་དྲངས་ནས་མཁར་རྫོང་འགངས་ཆེན་ཁག་རིམ་བཞིན་ཕབ་པ་འདི་ལྟར། སྤྱི་ལོ758ལོར་མཁར་ཙོང་ཀ་ཆེན་པོ་དང་སེག་ཤིང་ཀུན་གཉིས་ཕབ་པ་དང་། 760ལོར་མཁར་ཙོང་ཀ་ཆུང་ངུ་ཕབ་པར་མ་ཟད། དཔུང་ཆེན་བྱང་ངོས་སུ་དྲངས་ནས་ལེང་ཅུ་ཕབ་པ་དེས། དོན་ལ་དར་གོས་ཚོང་ལམ་དང་ཁྱད་པར་དུ་ཧ་སི་བྱང་ངོས་ཀྱི་མཁར་རྫོང་རྣམས་གཏན་འཇགས་ཀྱི་མངའ་རིས་སུ་གཏོང་བའི་འགོ་ཚུགས་པ་མཚོན་ཡོད། དེ་ནས་རིམ་བཞིན་མཁར་ལྕགས་རྩེ་ལྟེ་བར་བཟུང་སྟེ་ཤར་ངོས་ཀྱི་ཙོང་ཀ་ཆེ་ཆུང་ནས་ལུང་ཤན་ལ་རྒྱུད་བར་དང་།བྱང་ངོས་ཀྱི་ཤ་ཅུ་དང་ལེང་ཅུ་སོགས་དར་གོས་ཚོང་ལམ་གྱི་ཡུལ་གྲུ་མཐའ་དག་དབང་དུ་བསྡུས། རྒྱའི་ཡིག་ཚང་ནང་། ལུང་ཡིའུ་ཡི་ས་ཆ[32]ཐམས་ཅད་སྤུ་རྒྱལ་ལ་ཤོར་ཞེས་པའི་དུས་སྐབས་དེ་བྱུང་ངོ་༎ དེ་ལྟར་སྤྱི་ལོ756ལོར་མཁར་ལྕགས་རྩེ་སྤུ་རྒྱལ་ལ་ཤོར་བ་དང་བསྟུན་ནས་ཐང་གིས་ནུབ་ཕྱོགས་སུ་གཏན་འཇགས་ཀྱི་མངའ་རིས་འཚོལ་བའི་ལོ་རྒྱུས་མཇུག་རྫོགས་པར་མ་ཟད། ཐ་ན་སྔར་ཡོད་ཀྱི་ཡུལ་ལུང་མང་བོ་ཞིག་གཞན་ལག་ཏུ་ཤོར་ནས་མཐའ་མར་གོང་མའི་རྒྱལ་ས་ཡན་ཆད་ལ་སྤུ་རྒྱལ་གྱི་དམག་མོ་ཆེ་བླུགས་པ་སོགས་གོད་ཆག་ཡ་ང་བ་ཐེབས་ཡོད། རྒྱའི་ལོ་རྒྱུས་ཞིབ་འཇུག་པ་དག་གི་ལྟ་ཚུལ་ལྟར་ན། སྤྱི་ལོ756ནས763ལོའི་བར་ནི་ཐང་རྒྱལ་རབས་ཆེན་མོ་དར་རྒྱས་ཀྱི་རྩེ་མོ་ནས་མགྱོགས་མྱུར་ངང་རྒུད་པའི་གཡང་ལ་ལྷུང་བཞིན་པའི་སྐབས་ཤིག་ཡིན། དེ་ནི་ཐང་གི་གོང་མར་གཏུམ་སྤྱོད་ཆེ་བ་དང་། དཔོན་ཁག་རུལ་སོང་དུ་གྱུར་པ། དམག་མི་དྲག་སྤྱོད་ལ་རྔམ་པ་སོགས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་དར་ཆེ་བས་ལན་པར་སྨྲ། དེ་ནི་སྤུ་རྒྱལ་ལ་མཚོན་ན། ཤར་ཕྱོགས་སུ་མངའ་རིས་རྒྱ་བསྐྱེད་པའི་གོ་སྐབས་བླ་མེད་ཅིག་ཅི་ལ་མིན༎
མདོར་ན། དམག་དོན་བསམ་བློ་བ་གྲགས་ཅན་མཱ་ཏེན་ན་རེ། “དམག་འཁྲུག་ནི་དམིགས་ཡུལ་འགྲུབ་ཐབས་སུ་སྤྱོད་པའི་ལག་ཆ་ཙམ་ལས་མ་འདས་པས། དགྲ་བོ་ལ་ཤི་རྨས་བཟོས་ནས་འཐབ་འཛིང་གི་བློ་སྟོབས་ཉམས་ཉེས་སུ་གཏོང་རྒྱུ་དེ་ཡིན། དེ་ནི་མཐར་གཏུགས་ན་ཚོགས་སྡེ་ག་གེ་མ་ཞིག་གི་ཁེ་ཕན་ལ་ཞབས་ཕྱི་བསྒྲུབས་པ་ཞིག་གོ།”[33]ཞེས་པ་ལྟར། མཁར་ལྕགས་རྩེ་རྩོད་པའི་གཡུལ་འགྱེད་ལས་ཤེས་རྟོགས་ཐུབ་པ་ཞིག་ནི། དམག་འཐབ་ཀྱི་རྒྱལ་ཕམ་དེས་ཆབ་སྲིད་དབང་འཛིན་པ་ཁོ་ནའི་ཁེ་ཕན་ལ་ཕན་གནོད་འབྱུང་བཞིན་ཡོད་པ་ལས། འབངས་མི་སེར་གྱི་སྐྱིད་སྡུག་ལ་འབྲེལ་བ་དེ་ཙམ་མེད། མཚོ་སྔོན་པོ་དང་ཙོང་ཆུའི་རྒྱུད་ཀྱི་ཡུལ་ལུང་རྣམས་དང་ཁྱད་པར་དུ་མཁར་ལྕགས་རྩེ་སོགས་མཁར་རྫོང་གལ་ཆེན་ཁག་འཕྲོག་རྩོད་བྱེད་པའི་གཡུལ་འགྱེད་ནང་དམག་མི་གྲངས་མེད་ཀྱི་ཚེ་སྲོག་ཤོར་ཞིང་དུད་ཁྱིམ་མང་བོ་དབུལ་ཕོངས་དང་ཁ་འཐོར་དུ་བཏང་བ་སོགས་ཡ་ང་བའི་སྡུག་བསྔལ་ལ་སྦྱར་ཡོད་པ་སྨོས་ཅི་དགོས། དམག་འཁྲུག་གིས་དམག་མི་ཁོ་ནས་ཚེ་སྲོག་ཕྲོགས་པ་ཙམ་མ་ཡིན་པར། དུད་ཁྱིམ་གྲངས་མེད་ཁ་འཐོར་དུ་བཏང་ཞིང་ལྷན་འཛོམས་ཀྱི་སྤྲོ་སྐྱིད་ཕྱིར་འོང་མེད་པར་བྱས་པས། མིའི་རིགས་ལ་དམག་འཁྲུག་ལས་ལྷག་པའི་གོད་ཆག་ཡ་ང་བ་ཞིག་གང་ན་ཡོད་དམ། རྒྱལ་རབས་ཆེན་མོ་འདི་གཉིས་ཀྱི་མི་སེར་གྱི་ངོས་ནས་བལྟས་ན། མཁར་ལྕགས་རྩེ་རྩོད་པའི་གཡུལ་འགྱེད་ཀྱང་ཚུལ་དེ་ལས་མ་འདས། དེའི་དབང་གིས་སྐབས་དེའི་ཤེས་ལྡན་པ་རྣམས་རྒྱལ་རབས་ཆེན་མོ་འདི་གཉིས་ཀྱི་གཡུལ་འགྱེད་ལ་སྐྱོ་བ་གཏིང་ནས་སྐྱེས་ཤིང་ཉི་འོག་གི་མི་སེར་རྣམས་ལ་ཞི་བདེ་མཉམ་གནས་ཀྱི་ཁོར་ཡུག་ཅིག་འབྱུང་བའི་རེ་འབོད་གཏོང་བཞིན་ཡོད་དེ། དཔེར་ན། ཐང་རྒྱལ་རབས་ཀྱི་སྙན་ངག་པ་ལིའི་པེ་ལགས་ཀྱི་སྙན་ངག«关山月»[34]ཞེས་པའི་ནང་། མཚོ་སྔོན་པོའི་ཕྱོགས་ནི་གནའ་དུས་སུ་སྤུ་རྒྱལ་དང་ཐང་གིས་དྲག་པོ་གཡུལ་འགྱེད་བྱེད་སའི་གནས་ཤིག་ཡིན་ལ། དེ་གའི་གཡུལ་སར་ཞུགས་པ་རྣམས་ཕར་འགྲོ་ཡོད་ཀྱང་ཚུར་འོང་མེད་པས། གཞིས་ལུས་བུད་མེད་རྣམས་ཐོག་ཁང་ཆེན་མོའི་རྩེ་མོ་རུ་ཟླ་བ་ལ་ལྟ་བཞིན་ཁྱོ་བྲལ་གདུང་བའི་དབུགས་རིང་ནར་ནར་འབྱིན་པའི་ངང་ཚུལ་ཞིབ་འབྲི་དང་དམག་འཁྲུག་གིས་བཟོས་པའི་སྐྱོ་སྡུག་སོགས་བརྗོད་པ་བརྒྱུད་ནས་ཁྱིམ་མི་ལྷན་འཛོམས་ཡོང་བའི་རེ་སྨོན་དྲག་པོ་མཚོན་པར་བྱས་ཡོད་པ་ལྟ་བུའོ༎ གནའ་དེང་གང་དུའང་མིའི་རིགས་ཀྱི་སྐྱིད་སྡུག་ལ་བསམ་གཞིག་གཏོང་མཁས་པའི་རླབས་ཆེན་གྱི་ཤེས་ལྡན་པ་དག་རྩོམ་པའི་ལས་སུ་ཞུགས་ནས་སྤྱི་ཕན་གྱི་དགོངས་པ་ཞིག་སྟོན་བཞིན་ཡོད་ལ། དངོས་དང་བརྒྱུད་པའི་སྒོ་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཤན་ཆེན་པོ་ཐེབས་བཞིན་ཡོད། ལོ་དུ་མ་ཞིག་གི་རྗེས་སུ་ཞི་བདེ་ཡི་རྒྱལ་བོ་ཆེན་པོ་མངའ་བདག་རལ་བ་ཅན་གྱིས་སྲིད་བཟུང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཤེས་ལྡན་མི་སྣ་ཁག་གི་རམ་འདེགས་འོག་ཏུ། སྤྱི་ལོ822ལོར་ལྷ་སར་ཞི་བའི་འཇལ་དུམ་གནང་ནས། ནུབ་ཀྱི་སྤུ་རྒྱལ་དང་ཤར་གྱི་ཐང་གུར་བར་དུ་གཡུལ་འགྱེད་ཀྱི་དུད་སྤྲིན་ཡལ་ཞིང་ཞི་བདེ་མཉམ་གནས་ཀྱི་གོ་སྐབས་ཤིག་གཞི་ནས་མངོན་དུ་གྱུར་ཏོ༎
ལུང་འདྲེན་དཔྱད་ཡིག
[1] དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ»ཞེས་པའི་ཤོག་ངོས30སྟེང་གསལ། མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་གིས་བསྐྲུན།
[2] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས136སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[3] «资治通鉴»唐纪二十九石堡城下胡三省注:记载“又南隔涧七里有石堡城, 本吐蕃铁刃城也。”
[4] འཇམ་དར་གྱིས་བསྒྱུར་པའི«ཐང་ཡིག་གསར་རྙིང»གི་ཤོག་ངོས235སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[5] 李智信:«青海古城考辨»西北大学出版社1995年版,第128页。
[6] བཀྲ་ཤིས་དབང་ཕྱུག་གིས་བསྒྱུར་པའི«ཡུལ་དུས་ལས་འདས་པའི་སུན་ཙིའི་དམག་གི་བསྟན་བཅོས»ཀྱི་ཤོག་ངོས158སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
[7] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས124སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[8][以]马丁·范克勒韦尔德著、李阳译:«战争的文化», 三联书店2010年版, 第46页。
[9] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས98སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[10] གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས»ཀྱི་ཤོག་ངོས93སྟེང་གསལ། ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་གིས་བསྐྲུན།
[11] བཀྲ་ཤིས་དབང་ཕྱུག་གིས་བསྒྱུར་པའི«ཡུལ་དུས་ལས་འདས་པའི་སུན་ཙིའི་དམག་གི་བསྟན་བཅོས»ཀྱི་ཤོག་ངོས114སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
[12] དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ»ཞེས་པའི་ཤོག་ངོས28སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
[13] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས120སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[14] གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས»ཀྱི་ཤོག་ངོས96སྟེང་གསལ། ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་གིས་བསྐྲུན།
[15] ཏུན་ཧོང་ཡིག་རྙིང་ནང་། “སྦྲུལ་གྱི་ལོ། བློན་སྐྱེས་བཟང་ལྡོང་ཙབ་ལས་སྩོགས་པས། མུ་ལེ་ཅུ་ལེར་གཡུལ་སྤྲདེ། རྒྱ་མང་པོ་བདུངས།” ཞེས་པ་དེ་ཡིན།
[16] འཇམ་དར་གྱིས་བསྒྱུར་པའི«ཐང་ཡིག་གསར་རྙིང»གི་ཤོག་ངོས37སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[17] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས111སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[18] གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས»ཀྱི་ཤོག་ངོས96སྟེང་གསལ། ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་གིས་བསྐྲུན།
[19] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས115སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[20] གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས»ཀྱི་ཤོག་ངོས98སྟེང་གསལ། ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་གིས་བསྐྲུན།
[21] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས117སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[22] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས124སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[23] 参见王昱«石堡城遗址考察纪实»,«青海社会科学»2009年第5期。
[24] གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས།«བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས»ཀྱི་ཤོག་ངོས397སྟེང་གསལ། ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་གིས་བསྐྲུན།
[25] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས132སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[26] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས98སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[27] འཇམ་དར་གྱིས་བསྒྱུར་པའི«ཐང་ཡིག་གསར་རྙིང»གི་ཤོག་ངོས187སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[28] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས114སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[29] རྨ་ཆུའི་ཟམ་པ་ལྔ་ནི་མདོ་སྨད་ཁྲི་ཀའི་ཁོངས་སུ་གཏོགས་པར་བཤད།
[30] འཇམ་དར་གྱིས་བསྒྱུར་པའི«སྲིད་སྐྱོང་མེ་ལོང»གི་ཤོག་ངོས129སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
[31] 柏杨:«白话版资治通鉴»,第26册,万卷出版公司2011年版,第259页。
[32] ལུང་ཡིའུ(陇右)ཡི་ས་ཆ་ཞེས་པ་ནི་གཙོ་བོ་དར་གོས་ཚོང་ལམ་རྒྱུད་དུ་གཏོགས་པའི་ཡུལ་ལུང་རྒྱ་ཆེ་བ་ཞིག་ལ་གོ་དགོས་ཏེ།རྒྱའི་ཡིག་ཚང་ནང་བཀོད་པ་ལྟར་ན།ལུང་ཡིའུ་ཡི་ས་ཆར་ཤར་ནུབ་གཉིས་སུ་ཕྱེ་ཡོད་དེ།ཀྭ་ཅུའི་ནུབ་ངོས་ནས་ཏ་ཟིག་ལ་ཐུག་པའི་བར་ལ་ལུང་ཡིའུ་ནུབ་མ་ཞེས་འབོད་ལ།ཀྭ་ཅུའི་ཤར་ངོས་ནས་ལོང་ཤན་ལ་རྒྱུད་བར་ལ་ལུང་ཡིའུ་ཤར་མ་ཞེས་འབོད།(参见谭其骧主编:«中国历史地图集»第5册,中国地图出版社1982版。)
[33][以]马丁·范克勒韦尔德著、李阳译:«战争的文化», 三联书店2010年版, 第414页。
[34] 李白:«关山月»记载“明月出天山,苍茫云海间。长风几万里,吹度玉门关。汉下白登道,胡窥青海湾。由来征战地,不见有人还。戍客望边色,思归多苦颜。高楼当此夜,叹息未应闲。”
རྩོམ་ཡིག་འདི་ནི«མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་དེབ»༢༠༡༦ལོའི་དེབ་བཞི་བ་ལས་ཁོལ་དུ་ཕྱུངས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།