༄༅། །«བཀའ་གདམས་ཆོས་འབྱུང»ལ་དཔྱད་པ།
རྩོམ་པ་པོ།:འཕྲིན་ལས་འོད་གསལ།
ཡོང་ཁུངས།:༢༠༢༢ལོའི་བོད་ཡིག་སློབ་གསོ་དེབ་དང་པོ།
དུས་ཚོད།:2022-05-11
ཀློག་གྲངས།:
༄༅། །ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི«བཀའ་གདམས་ཆོས་འབྱུང»ལ་དཔྱད་པ།
འཕྲིན་ལས་འོད་གསལ།
[གནད་བཏུས] དཔྱད་རྩོམ་འདིར་ཡིག་ཚང་རིག་པའི་ཐབས་ལམ་ནས«བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ»ལ་དཔྱད་པ་བྱས་ཡོད་ལ། མཛད་པ་པོ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་གསུང་རྩོམ་གནང་ཚུལ་ཐད་ཀྱི་དོགས་པ་དང་། ཆོས་འབྱུང་འདི་ཉིད་མཛད་པའི་ལོ་ཚིགས་ལ་ཡང་བཞེད་ཚུལ་གཉིས་ཡོད་པ། པར་གཞི་མི་འདྲ་བ་བཞི་དང་དེ་དག་གི་ཁྱད་ཆོས། སྐབས་དེའི་སྤྱི་ཚོགས་ལོ་རྒྱུས་རྒྱབ་ལྗོངས་དང་མཛད་དགོས་པའི་རྒྱུ་རྐྱེན་བཅས་རང་བློས་ལྕོགས་ཚོད་ཀྱིས་དཔྱད་པ་བཏང་ཡོད།
[གནད་ཚིག] ལས་ཆེན་ཀུན་དགའ་རྒྱལ་མཚན། «བཀའ་གདམས་ཆོས་འབྱུང» ལོ་ཚིགས། སྤར་མ།
གླེང་སློང་བ།
བཀའ་གདམས་པའི་ཆོས་བརྒྱུད་འདི་ལ་དབུས་པ་བློ་གསལ་དང་པཎ་ཆེན་ཡེ་ཤེས་རྩེ་མོ། སྤྱན་སྔ་བསོད་ནམས་ལྷའི་དབང་པོ། ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། ལས་ཆེན་ཀུན་དགའ་རྒྱལ་མཚན། པཎ་ཆེན་བསོད་ནམས་གྲགས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་གཙོ་བྱས་པའི་ས་སྐྱ་པ་དང་། དགེ་ལུགས་པ། བཀའ་བརྒྱུད་སོགས་ཀྱི་བླ་མ་མང་པོས་ཆོས་འབྱུང་མང་དུ་མཛད་ཡོད་ཀྱང་། དེ་དག་ལས་ནང་དོན་རྒྱས་ཤོས་དང་ཞིབ་ཕྲ་ཆེ་ཤོས་ནི་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི«བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ»ཡིན་པར་སྣང་། ཆོས་འབྱུང་འདི་ནི་དུས་རབས་བཅོ་ལྔའི་ནང་རྩོམ་གྲུབ་བྱུང་ལ། དུས་རབས་བཅུ་པའི་དུས་སྟོད་ནས་དུས་རབས་བཅོ་ལྔའི་དུས་སྨད་བར་ཏེ། ཇོ་བོ་རྗེ་ནས་རྩོམ་མཁན་ལས་ཆེན་རང་ལ་ཐུག་གི་བར་གྱི་བཀའ་གདམས་པའི་ཆོས་བརྒྱུད་ཀྱི་བྱུང་བ་དང་འཕེལ་འགྱུར། བཀའ་གདམས་སྐྱེས་ཆེན་དག་གི་མཛད་སྤྱོད་དང་དགོན་གནས་ལོ་རྒྱུས། བཀའ་གདམས་གསར་རྙིང་གི་འབྲེལ་བ་བྱུང་ཚུལ་སོགས་གསལ་བས། བརྗོད་བྱ་རྒྱ་ཆེ་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། རྗོད་བྱེད་ཀྱང་སྙན་འཇེབས་ཡིད་དུ་འོང་བ་ཞིག་ཡིན་པས། འདི་ཉིད་ལ་སློབ་སྦྱོང་དང་དང་དོད་བྱེད་མཁན་མང་ན་ཡང་། ཆེད་དུ་ཞིབ་འཇུག་དང་ཉམས་ཞིབ་བྱེད་མཁན་ཤིན་ཏུ་ཉུང་བས་ཁོ་བོས་ཡིག་ཆ་འདི་ཉིད་དང་འདི་ཉིད་ལས་བྱུང་བའི་རྗེ་ཙོང་པའི་རྣམ་ཐར་ཐད་ལ་ཞིབ་རྟོགས་ཅུང་ཟད་དཔྱད་པར་བྱ་བར་འདོད་དོ། །
དང་པོ། མཛད་པ་པོ་དང་མཛད་ལོའི་སྐོར་གྱི་དོགས་སེལ།
གཞུང་འདིའི་མཛད་པ་པོ་ནི་ལས་ཆེན་ཀུན་དགའ་རྒྱལ་མཚན(1432—1506)ཡིན་ལ། ཁོང་གི་མཛད་རྣམ་ཐད་ལ«པོ་ཏ་ལར་བཞུགས་པའི་དགེ་ལུགས་པའི་གསུང་འབུམ་དཀར་ཆག»ཁྲོད་ཀྱི་རྣམ་ཐར་བསྡུས་པ་དེ་ལས་ཆེད་དུ་བརྩམས་པའི་རྣམ་ཐར་རྒྱས་པ་ཞིག་མ་བྱུང་བས། ཁོང་གི་མི་ཚེའི་ལོ་རྒྱུས་གསལ་བོ་ཞིག་མཇལ་རྒྱུ་མ་བྱུང་། ཡིན་ནའང་རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི«ལས་ཆེན་ཀུན་རྒྱལ་བའི་བསྟོད་པ»ལས“ཐོས་དང་བསམ་པས་བྱི་དོར་ལེགས་བྱས་ནས། །ཚུལ་བཞིན་སྒྲུབ་པའི་རྒྱལ་མཚན་རྩེར་སོན་པ། །ཞེས་དང་། གཞོན་ནུའི་དུས་ནས་སྔོན་བསགས་ལས་དཀར་གྱིས། །བསྟན་པའི་སྒོར་ཞུགས་བླ་མ་མང་བསྟེན་ནས། །ཤཱཀྱའི་བསྟན་ལ་མང་དུ་ཐོས་པ... ...རྒྱ་ཆེན་བཤད་པའི་འོད་ཟེར་སྟོང་འཕྲོ་ཞིང་། །རྩོད་པའི་ཚ་ཟེར་ལོག་ལྟའི་ཚང་ཚིང་སྲེག། །སྙན་ངག་འདབས་བརྒྱ་གསར་པས་ཐུབ་བསྟན་གྱི། །... ...ཁྱད་པར་དཔལ་ལྡན་མར་མེ་མཛད་དཔལ་གྱི། །གདམས་པའི་ཆུ་ཀླུང... ... ལྷ་ཆོས་བདུན་ལྡན་ཁྱོད་ལ་གསོལ་བ་འདེབས། །དབེན་པའི་གནས་སུ་རི་ཡི་དབང་བོ་ལྟར། །སྒྲུབ་པ་ལྷུར་མཛད་ཁྱོད་ལ་གསོལ་བ་འདེབས། །གཞན་དོན་དགོངས་ཚེ... ...”[1]ཞེས་གསུངས་པ་ལྟར་ལས་ཆེན་ཀུན་དགའ་རྒྱལ་མཚན་ནི་ཆུང་ངུའི་དུས་ནས་རྩེད་ཐང་གི་ཆོས་གྲྭར་ཞུགས་ནས་ཐོས་བསམ་ཚུལ་བཞིན་གནང་ཞིང་། འཆད་རྩོད་རྩོམ་གསུམ་ལ་མངའ་འབྱོར་བ། བཀའ་གདམས་ཀྱི་ཆོས་ལ་དགྱེས་པ། དབེན་པ་འགྲིམས་ནས་སྒྲུབ་པ་ལྷུར་ལེན་མཛད་པ་སོགས་སྒོ་དུ་མ་ནས་བསྔགས་པ་མཛད་འདུག་པས་འདིས་ཀྱང་རྣམ་ཐར་གྱི་ས་བོན་ཙམ་མངོན་ཐུབ་པ་ཡིན། ཡོངས་གྲགས་སུ་ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དཀྱིལ་ཙམ་ལ་སྐུ་འཁྲུངས་ཤིང་། གཞོན་ནུའི་དུས་ནས་རྩེད་ཐང་གི་ཆོས་གྲྭར་ཞུགས་ནས་སློབ་གཉེར་མཛད་ལ། ཁྱད་པར་དུ་འགོས་ལོ་གཞོན་ནུ་དཔལ་ལམ་དཔལ་ཡིད་བཟང་རྩེ་པར་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཛད་པར་བཤད། ཆོས་འབྱུང་གསལ་སྒྲོན་དུ་རྒྱལ་བ་དགེ་འདུན་གྲུབ་ཀྱི་ཞབས་ལ་གཏུགས་ནས་བཀའ་གདམས་གླེགས་བམ་གྱི་ཁྲིད་གསན་པར་གསུངས་ཡོད་པ་དང་། ནམ་མཁའ་བློ་གྲོས་དང་སྤྱན་སྔ་བསོད་ནམས་ལྷའི་དབང་པོ་སོགས་ལ་བསྟེན་ཚུལ་ཡང་བྱུང་ཡོད། ཡང«བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ»ལས“དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོ་བློ་གྲོས་སྦས་པ”[2]ཞེས་འབྱུང་བ་ལ་དཔགས་ན་འདུལ་འཛིན་བློ་གྲོས་སྦས་པའམ་གྲགས་པ་དཔལ་ལྡན་མཆོག་མཁན་པོར་བསྟེན་ནས་རབ་བྱུང་དགེ་ཚུལ་སློང་གང་རུང་གི་སྡོམ་པ་བླངས་པར་སེམས། གསུང་སྐྱེས་ཀྱི་བུ་སློབ་ལ་པཎ་ཆེན་བསོད་ནམས་གྲགས་པ་སོགས་མང་དུ་བྱུང་། རྒྱལ་བ་དགེ་འདུན་རྒྱ་མཚོས“བསྔགས་འོས་བཤེས་གཉེན་མཆོག་ལ་གསོལ་བ་འདེབས”[3]ཞེས་དང་། “བླ་མ་དམ་པས་དགྱེས་བཞིན་འཛིན་གྱུར་ཅིག”[4]ཅེས་པའི་ཚིག་རིས་ལ་དཔགས་ན་རྒྱལ་བ་དགེ་འདུན་རྒྱ་མཚོ་ནི་འདིའི་གསུང་ལས་སྐྱེས་པའི་བུ་སློབ་ཡིན་པ་འདྲ། ཡང་དེ་ཉིད་ལས།“དབེན་པའི་གནས་སུ་རི་ཡི་དབང་པོ་ལྟར། །སྒྲུབ་པ་ལྷུར་མཛད་ཁྱོད་ལ་གསོལ་བ་འདེབས། །”[5]ཞེས་པ་དང་། ཆོས་འབྱུང་རང་གི་མཇུག་བྱང་ལས་ཀྱང་ཆོས་འབྱུང་འདི་ཉིད་རི་ཁྲོད་ཅིག་ཏུ་མཛད་པར་གསུངས་འདུག་པས་ཁོང་ནི་ཚེ་སྨད་རི་ཁྲོད་དུ་བསྐྱལ་བའི་ཉམས་ལེན་པ་ཞིག་ཡིན་པར་སྣང་།ཁོང་གི་གསུང་རྩོམ་སྐོར་ལ«བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་ཐེངས་དང་པོའི་དཀར་ཆག»ཁྲོད་དུ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་ལ་ཆོས་འབྱུང་མཁས་པའི་ཡིད་འཕྲོག་ཅེས་འབྱུང་མོད། འདི་ཉིད་ཀྱི་ལུང་ཁུངས་ལ་བསྟན་རྩིས་ཀུན་བཏུས་ནོར་བུ་དང་དགེ་ལུགས་པའི་གསུང་འབུམ་དཀར་ཆག་བཀོད་འདུག་པ་དང་། «དགེ་ལུགས་པའི་གསུང་འབུམ་དཀར་ཆག»ཁྲོད“རྗེ་འདིས་སྤྱི་ལོ1505ལ་ཆོས་འབྱུང་དེ་བརྩམས་པར་མཛད”[6]ཅེས་དང་། «བསྟན་རྩིས་ཀུན་བཏུས་ནོར་བུ»ལས“ཤིང་སྟག ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བཀའ་གདམས་ཆོས་འབྱུང་བརྩམས”[7]ཞེས་འབྱུང་བ་ནི་ཆོས་འབྱུང་གསལ་སྒྲོན་ལ་བྱ་བ་ཡིན་པར་འདོད། ཡང«བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་ཐེངས་བཞི་པའི་མཛད་པ་པོ་རྣམས་ཀྱི་རྣམ་ཐར་མདོར་བསྡུས»ལས“སྤྱིར་ཁོང་གི་གསུང་ལ། བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག་དང་། བྱང་ཆུབ་ལམ་སྒྲོན་འགྲེལ་བ་དང་བསྡུས་དོན་བཅས་ཡོད་པ་ལས། ཆོས་འབྱུང་མཁས་པའི་ཡིད་འཕྲོག་ནི་བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་གླེགས་བམ་སོ་བརྒྱད་པའི་ནང་དུ་བསྒྲིགས་ཏེ་དཔེ་སྐྲུན་ཞུས་ཡོད།”[8]ཅེས་འབྱུང་བ་ལྟར་བཙལ་ན་གླེགས་བམ་སོ་བརྒྱད་པར་འཁོད་པའི་ཆོས་འབྱུང་མཁས་པའི་ཡིད་འཕྲོག་ནི་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པ་མ་ཡིན་པར་ལས་ཆེན་གྱི་གསུངས་ལ་གཞིར་བཅོལ་ནས་ཞང་ཞུང་དཔལ་འབྱོར་བཟང་བོས་མཛད་ཅེས་བྱུང་འདུག དེ་ལྟར་བྱས་ཚེ་བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་སོགས་ལས་ལས་ཆེན་གྱིས་ཆོས་འབྱུང་མཁས་པའི་ཡིད་འཕྲོག་བརྩམས་ཞེས་པ་ནི་ནོར་སྐྱོན་ཡིན་པར་སྣང་།ཆོས་འབྱུང་གསལ་སྒྲོན་རྩོམ་གྲུབ་བྱུང་བའི་ལོ་ནི་གང་ཡིན་ཐད་བཞེད་ཚུལ་མི་མཐུན་པ་གཉིས་ཙམ་སྣང་སྟེ། «བསྟན་རྩིས་ཀུན་བཏུས་ནོར་བུ»ལས་གོང་སྨོས་ལྟར་ཤིང་སྟག་ལོ་སྟེ་སྤྱི་ལོ1494ལོ་ཡིན་པར་བཞེད་ལ། ཡང«དགེ་ལུགས་པའི་གསུང་འབུམ་དཀར་ཆག»ཁྲོད་བསྟན་བཅོས་འདི་ནི་སྤྱི་ལོ1505ལོ་ལ་རྩོམ་གྲུབ་བྱུང་བར་གསུང་ཡོད། དེ་ལྟར་བཞེད་ཚུལ་སྔ་ཕྱི་གཉིས་ཀྱི་བར་ལ་ལོ་ངོ་མཐོང11གི་ཁྱད་ཕྱེ་འདུག འོ་ན་ཡང་སྙིང་གང་བདེན་སྙམ་ན«བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེའི»མཇུག་བྱང་ལས“བཀའ་གདམས་ཀྱི་རྣམ་པར་ཐར་བ་བཀའ་གདམས་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། རྒྱལ་བའི་བསྟན་པ་ལོ་སུམ་སྟོང་དྲུག་བརྒྱ་སོ་གཅིག་འདས་པ་ན་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས། བླ་མ་རྣམས་ཀྱི་གསུང་ལ་བརྟེན་ནས། ཕྱོགས་གཅིག་ཏུ་བསྒྲིགས་པ་རྫོགས་སོ”[9]ཞེས་འབྱུང་བར་དཔྱད་པ་ན་དེ་ནི་ཇོ་བོའི་ལུགས་ཀྱི་སྟོན་པའི་འདས་ལོ་ནས་བརྩི་དགོས་ཏེ། དེ་ལྟར་ཇོ་བོའི་ལུགས་ཀྱི་སྟོན་པའི་འདས་ལོ་ཤིང་སྤྲེལ་ཏེ། སྤྱི་ལོ་སྔོན་གྱི་ལོ2137ནས་བརྩིས་ཚེ་འདས་ལོ་སུམ་སྟོང་དྲུག་བརྒྱ་སོ་གཅིག་པ་དེ་ཏག་ཏག་སྤྱི་ལོ1494ལ་འཁེལ་འདུག། ཡང«བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ»ལས།“དེ་ལ་དགེ་བཤེས་སྟོན་པས་མེ་ཕོ་སྤྲེའུའི་ལོ་ལ་རྭ་སྒྲེང་བཏབ་ནས་དིང་སིང་གི་ཤིང་སྟག་འདི་ཡན་ལ་ལོ་བཞི་བརྒྱ་དང་རྩ་དགུ་འདས”[10]ཞེས་དང་། དེ་ཉིད་ལས།“མེ་མོ་བྱ་དེ་ནས་ད་ལྟའི་ཤིང་སྟག་ཡན་ལ་ལོ་བདུན་ཅུ་རྩ་དགུ་འདས། ཁྲོམ་གཞེར་ཆེན་པོ་གཤེགས་ནས་ལོ་སུམ་བརྒྱ་དང་ཉི་ཤུ་རྩ་བརྒྱད་ཤིང་སྟག་འདི་ཡན་ལ་སོང་།”[11]ཞེས་དང་། ཡང་དེ་ཉིད་ལས།“གཏུམ་སྟོན་གྱིས་སྣར་ཐང་ཆུ་བྱ་ལ་བཏབ་པ་ནས། ཤིང་སྟག་འདི་ཡན་དུ་ལོ་སུམ་བརྒྱ་དང་བཞི་བཅུ་ཞེ་གསུམ་འདས”[12]ཞེས་མགོ་མཇུག་ཀུན་ཏུ་ཆོས་འབྱུང་འདི་ཉིད་ཤིང་སྟག་ལོ་ཞིག་ལ་གྲུབ་པར་གསུང་འདུག་པས་ཆོས་འབྱུང་འདི་ནི་རབ་བྱུང་བརྒྱད་པའི་ཤིང་ཕོ་སྟག་གི་ལོ་སྟེ་སྤྱི་ལོ1494ལོ་ཡིན་པར་སེམས།
གཉིས་པ། པར་གཞི་མི་འདྲ་བ་བྱུང་ཚུལ།
བཀའ་གདམས་ཆོས་འབྱུང་འདིའི་མཚན་ཆ་ཚང་ལ«བཀའ་གདམས་ཀྱི་རྣམ་པར་ཐར་བ་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ»ཞེས་བྱ་བ་དང་། བཀའ་གདམས་གོང་མ་རྣམས་ཀྱི་རྣམ་ཐར་ཕྱོགས་གཅིག་ཏུ་བཀོད་པའི་སྡོམ་ལྟ་བུ་ཡིན་ཞིང་། བཀའ་གདམས་པའི་ཆོས་ཀྱི་བརྒྱུད་པ་དང་སྐྱེས་ཆེན་མང་པོའི་མཛད་རྣམ་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པས། བོད་བརྒྱུད་ནང་བསྟན་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན། དེ་ཡང་མིག་སྔར་ལག་སོན་བྱུང་བའི་པར་མ་རིགས་བཞི་ཙམ་ཡོད་དེ། དང་པོ་ནི་དབུ་མེད་ཀྱི་མ་དཔེ་བྲིས་མ་དང་། གཉིས་པ་ནི་རྒྱལ་བ་བློ་བཟང་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་བཞེངས་པའི་དབུ་མེད་པར་མ་དེ་ཡིན། གསུམ་པ་ནི་རྒྱལ་བ་བློ་བཟང་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་བཞེངས་པའི་དབུ་ཅན་པར་མ། བཞི་པ་ནི2003ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་ལྕགས་པར་གྱི་མགོ་བཙེམ་པར་མ་བཅས་སོ། །དང་པོ། དབུ་མེད་ཀྱི་མ་དཔེ་བྲིས་མ་དེ་ནི་ཡིག་གཟུགས་དང་ཤོག་བུ། མཐའ་རྒྱན་རི་མོ་སོགས་གང་ལ་བལྟས་ཀྱང་པར་མ་གཞན་ལས་སྔ་བར་འདོད། ལས་ཆེན་ཁོང་གི་སྐབས་སུ་ཡི་གེ་པས་བྲིས་པ་ཨེ་ཡིན་སྙམ། པར་མ་འདི་ལ་ཁྱོན་བསྡོམས་པས་ཤོག་གྲངས་སུམ་བརྒྱ་དང་ལྔ་ཡོད། མདུན་ཤོག་དང་རྒྱབ་ཤོག་ཚང་མ་བསྣན་ན་ཤོག་ངོས་དྲུག་བརྒྱ་དང་བཅུ་གསུམ་ཡོད་པ་རེད། ཤོག་ངོས་དང་པོའི་མཐའ་ཐིག་གི་སྒྲོམ་ནི་རིམ་པ་གཉིས་སུ་སྐོར་ནས་བཀོད་འདུག་ལ། ཡི་གེ་ལ་ཐིག་ཕྲེང་དྲུག་ཡོད། ཤོག་ངོས་གཉིས་པ་ནི་མཐའ་ཐིག་གི་སྒྲོམ་རིམ་པ་སྐོར་གཅིག་ཕྱེ་ནས་ཡི་གེ་ཕྲེང་བདུན་བྱས་ནས་བྲིས་ཡོད་ལ། ཤོག་ངོས་གསུམ་པ་ནས་བཟུང་གོང་ཞབས་ཀྱི་མཐའ་ཐིག་ཀྱང་མེད་པར་ཡི་གེ་ཐིག་ཕྲེང་བདུན་རེ་བྱས་ནས་བྲིས་ཡོད། ཆེས་མཇུག་མཐའི་ཤོག་ངོས་གསུམ་ནི་ཐིག་ཕྲེང་བརྒྱད་རེ་བྱས་ནས་བྲིས་ཡོད། གཞན་པར་མ་འདིར་ས་བཅད་ཆེན་པོ་དང་མི་སྣའི་མཚན། དགོན་པ་གལ་ཆེན་སོགས་ཀྱི་མིང་བརྡ་གནད་འགག་ཅན་དག་མཚལ་བྲིས་སམ་ཡི་གེའི་ཁ་དོག་དམར་པོར་བྱས་འདུག
གཉིས་པ། རྒྱལ་བ་བློ་བཟང་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་བཞེངས་པའི་དབུ་མེད་པར་མ་ནི། སྟོད་སྨད་གཉིས་སུ་ཕྱེ་ནས་བཀོད་ཡོད་ཅིང་། རེ་རེ་ནས་བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་ཐེངས་དང་པོའི་པོད་ཀ་པ་དང་ཁ་པ་གཉིས་སུ་བཀོད་ཡོད། འདིའི་སྟོད་ཆ་ལ་ཁྱོན་སྡོམ་ཤོག་གྲངས་སུམ་བརྒྱ་དང་བཅོ་ལྔ་ཡོད་པ་དང་། སྟོད་ཆའི་ཤོག་ངོས་དང་པོ་ནས་ལྔ་པའི་བར་དང་། ཆེས་མཇུག་མཐའི་ཤོག་ངོས་གཅིག་བཅས་ལ་ཡི་གེ་ཐིག་ཕྲེང་ལྔ་རེ་ཡོད། ཤོག་ངོས་དྲུག་པ་ནས་བཟུང་ཐིག་ཕྲེང་དྲུག་རེ་ཡོད། ཤོག་ངོས་དང་པོ་ནས་བཅུ་པའི་བར་དུ་མཐའ་སྒྲོམ་ཡོད་ན་ཡང་། ཤོག་ངོས་བཅུ་གཅིག་ནས་བཟུང་གོང་ཞབས་ཀྱི་མཐའ་སྒྲོམ་མེད། སྨད་ཆ་ལ་ཡང་ཁྱོན་བསྡོམས་ཤོག་གྲངས་སུམ་བརྒྱ་དང་བཅོ་ལྔ་ཡོད་པ་དང་།སྨད་ཆའི་ཤོག་ངོས་དང་པོ་དང་གཉིས་པ་གཉིས་ལ་ཡི་གེ་ཐིག་ཕྲེང་ལྔ་རེ་ཡོད་ལ། ཤོག་ངོས་གསུམ་པ་ནས་བཟུང་ཐིག་ཕྲེང་དྲུག་རེ་ཡོད། ཆེས་མཇུག་མཐའི་ཤོག་ངོས་གཅིག་ལ་ཐིག་ཕྲེང་གཉིས་ལས་མེད། ཤོག་ངོས་དང་པོ་ནས་ལྔ་པའི་བར་དུ་མཐའ་སྒྲོམ་ཡོད་ལ། ཤོག་ངོས་དྲུག་པ་ནས་བཟུང་གོང་ཞབས་ཀྱི་མཐའ་སྒྲོམ་མེད། སྟོད་ཆའི་ཤོག་ངོས་དང་པོའི་དཀྱིལ་དབུས་སུ་ཇོ་བོ་རྗེ་ཨ་ཏི་ཤའི་སྐུ་བརྙན་གཅིག་བཀོད་ཡོད་ཅིང་།སྨད་ཆའི་ཤོག་ངོས་དང་པོའི་དཀྱིལ་དབུས་སུ་རྗེ་ཙོང་ཁ་པའི་སྐུ་བརྙན་གཅིག་བཀོད་ཡོད། དེ་ལྟར་ན་རྒྱལ་དབང་ལྔ་པའི་སྐབས་ཀྱི་དབུ་མེད་པར་མ་འདིའི་སྟོད་སྨད་གཉིས་ལ་ཁྱོན་བསྡོམས་ཤོག་གྲངས་དྲུག་བརྒྱ་དང་སུམ་ཅུ་ཡོད་དོ། ། དབུ་མེད་པར་མ་འདི་དང་གཤམ་གྱི་དབུ་ཅན་པར་མ་འདི་གཉིས་ནི་རྒྱལ་བ་བློ་བཟང་རྒྱ་མཚོའི་སྐབས་སུ་བཞེངས་པ་ཡིན་ཏེ། པར་མ་འདིའི་མཇུག་བྱང་དུ“བཀའ་གདམས་བརྒྱུད་པའི་རྣམ་ཐར་རིན་ཅེན་འདི། །རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ་ཡིས། ། བཀའ་བསྩལ་ཇི་བཞིན་སྤྱི་བོར་རབ་བཞེས་ཏེ། ། མི་དབང་འཕྲིན་ལས་རྒྱ་མཚོས་པར་དུ་བསྒྲུབས། །”[13]ཞེས་གསུངས་པ་བཞིན་སྡེ་སྲིད་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོས་བཞེངས་པ་ཡིན་པར་འདོད།
གསུམ་པ། རྒྱལ་བ་བློ་བཟང་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་བཞེངས་པའི་དབུ་ཅན་པར་མ་དེ་ལ་ཤོག་གྲངས་བཞི་བརྒྱ་དང་བཅུ་བདུན་ཡོད་ལ། པར་མ་འདིའི་ཤོག་ངོས་དང་པོ་དང་གཉིས་པ། ཆེས་མཇུག་མཐའི་ཤོག་ངོས་གཅིག་བཅས་ལ་མཐའ་སྒྲོམ་སྐོར་གཉིས་བྱས་ཡོད་ལ། ཡི་གེ་ཐིག་ཕྲེང་ལྔ་རེ་བྱས་ནས་བརྐོས་ཡོད། ཤོག་གྲངས་གཉིས་པའི་སྲིབ་ཤོག་གམ་རྒྱབ་ངོས་ཏེ། ཤོག་ངོས་གསུམ་པ་ནས་བཟུང་མཐའ་སྒྲོམ་སྐོར་གཅིག་དང་ཡིག་ཕྲེང་དྲུག་རེ་བྱས་ནས་བརྐོས་ཡོད། གཞན་ཤོག་ངོས་དང་པོའི་གཡས་ཕྱོགས་སུ་ཇོ་བོ་རྗེའི་སྐུ་བརྙན་དང་གཡོན་ཕྱོགས་སུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐུ་བརྙན་བརྐོས་ཡོད་ལ། ཤོག་ངོས་གཉིས་པའི་གཡས་ཕྱོགས་སུ་རྗེ་ཙོང་ཁ་པའི་སྐུ་བརྙན་ཞིག་དང་། གཡོན་ཕྱོགས་སུ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་སྐུ་བརྙན་གཅིག་བཅས་བརྐོས་ཡོད། ཆེས་མཇུག་གི་ཤོག་ངོས་ཀྱི་གཡས་ཕྱོགས་སུ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་དང་།གཡོན་ཕྱོགས་སུ་རྒྱལ་བ་མི་གཡོ་བའི་སྐུ་བརྙན་གཅིག་བཅས་བརྐོས་ཡོད། དེ་ལྟར་སྐུ་བརྙན་རེ་བརྐོས་ཡོད་པ་ལ་ཡང་དགོས་པ་ཁྱད་པར་ཅན་ཡོད་པར་སྙམ་སྟེ། སྐུ་བརྙན་དང་པོ་ཇོ་བོ་རྗེ་ཨ་ཏི་ཤ་ནི་བཀའ་གདམས་པའི་མེས་པོའམ་སྲོལ་འབྱེད་མཁན་ཡིན་ལ། ཁོང་གི་ཐུགས་རྗེ་ལ་བརྟེན་ནས་བཀའ་གདམས་པའི་ཆོས་བརྒྱུད་ཀྱི་དབུ་བརྙེས་པ་མཚོན་པ་དང་། སྐུ་བརྙན་གཉིས་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ནི་ཇོ་བའི་དངོས་སློབ་ཁུ་རྔོག་འབྲོམ་གསུམ་དུ་གྲགས་པའི་ཡ་གྱལ་ཡིན་ཞིང་།ཆོས་སྡེ་ཆེན་མོ་རྭ་སྒྲེང་བཏབ་ནས་ཇོ་བོའི་ལུགས་ཀྱི་གདམས་པ་ཟབ་མོ་ཉིད་དར་སྤེལ་དང་རྒྱུན་འཛིན་གནང་བས་བཀའ་གདམས་པའི་སྲོལ་འབྱེད་དུ་གྱུར་པ་མཚོན། སྐུ་བརྙན་གསུམ་པ་རྗེ་ཙོང་ཁ་པ་ནི་ཇོ་བོ་བཀའ་གདམས་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱུན་འཛིན་དང་། ཚུལ་ཁྲིམས་ཀྱི་བསླབ་པ་གལ་ཆེ་བར་བསྟན་ནས་བཀའ་གདམས་རྙིང་མའི་རྣམ་ཐར་གཙང་མ་ཚུལ་བཞིན་བསྐྱངས་ཏེ་བསྟན་པ་ལ་དག་ཐེར་ཆེན་པོ་མཛད་ནས། སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པ་མཚོན། སྐུ་བརྙན་བཞི་པ་ལས་ཆེན་ཀུན་དགའ་རྒྱལ་མཚན་ནི་གཞུང་འདིའི་མཛད་པ་པོ་ཡིན་ལ།ཁོང་གིས་ཇོ་བོ་རྗེ་ནས་རྒྱལ་བ་ཙོང་ཁ་པ་ཡབ་སྲས་ལ་ཆོས་ཀྱི་བརྒྱུད་པ་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་གསལ་བོར་བཀོད་ནས། བཀའ་གདམས་གསར་རྙིང་གི་བརྒྱུད་པ་བྱུང་ཚུལ་ཆེས་གསལ་བར་མཛད་པ་མཚོན། སྐུ་བརྙན་ལྔ་པ་དང་དྲུག་པ་ནི་རྗེ་བཙུན་སྒྲོལ་མ་དང་རྒྱལ་བ་མི་གཡོ་བ་གཉིས་ཡིན་ལ། འདི་གཉིས་ནི་བཀའ་གདམས་ལྷ་ཆོས་བདུན་ལྡན་ཞེས་གྲགས་པའི་ལྷ་བཞིའི་ཡ་གྱལ་ཡིན་པ་དང་། ཇོ་བོ་རྗེ་སོགས་བཀའ་གདམས་གསར་རྙིང་གི་སྐྱེས་ཆེན་དག་གིས་དུས་ཀུན་ཏུ་ཡི་དམ་དུ་བརྟེན་པ་ཡིན་པས། སྐབས་འདིར་ཡང་བར་ཆད་སྲུང་བ་དང་བསྟན་པ་རྒྱས་པ་སོགས་ཀྱི་དགོངས་གཞིར་དམིགས་ནས་བསྟན་བཅོས་འདིའི་མཇུག་ཏུ་བརྐོས་པ་ཡིན་པར་འདོད། དེ་ལྟར་དེབ་འདི་ཀློག་དུས་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་དྲན་པ་དང་ཡི་དམ་གྱིས་བཀའ་སྲུང་སོགས་བསྟན་པ་རྒྱས་པའི་དགོས་པ་དང་དགོངས་གཞི་ཁྱད་པར་ཅན་ལ་དམིགས་ནས་པར་མ་འདིར་སྔ་ཕྱིར་སྐུ་བརྙན་དྲུག་བར་བཅུག་བྱས་ནས་པར་དུ་བརྐོས་ཡོད། པར་མ་འདི་ཉིད་བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་ཐེངས་དང་པོའི་པོད་ག་པར་ཉར་ཚགས་བྱས་ཡོད།
བཞི་པ། 2003ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་ལྕགས་པར་གྱི་མགོ་བཙེམ་པར་མ་དེ་ཡིན་ལ། འདིའི་མཇུག་བྱང་འགོད་སྟངས་སོགས་ལ་གཞིགས་ན་འདི་ནི་རྒྱལ་དབང་ལྔ་པའི་སྐབས་ཀྱི་དབུ་ཅན་པར་མ་དེ་ལ་གཞིར་བཞག་ནས་པར་སྐྲུན་བྱས་པར་འདོད། པར་གཞི་འདིའི་ཁྲོད་དུ་དཀར་ཆག་གསལ་བོར་བཀོད་ནས་མི་སྣ་རེའི་རྣམ་ཐར་འཆད་སྐབས་མི་སྣའི་མཚན་དག་ཡི་གེ་མཐུག་པོར་བྱས་ནས་བཀོད་ཡོད། འདི་ལ་ཁྱོན་བསྡོམས་ཤོག་ངོས་བརྒྱད་བརྒྱ་དང་སུམ་ཅུ་ཡོད།
གསུམ་པ། ཆོས་འབྱུང་གསལ་སྒྲོན་མཛད་དགོས་པའི་རྒྱུ་རྐྱེན་དང་ལོ་རྒྱུས་རྒྱབ་ལྗོངས།
རྗེ་ཙོང་ཁ་པ་ནི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ནས་དུས་རབས་བཅོ་ལྔ་པར་འཚོ་བཞེས་གནང་བའི་སྐྱེས་ཆེན་ཞིག་ཡིན་པ་དང་། དེ་ནི་ཡོན་རྒྱལ་རབས་ནུབ་པ་དང་། ཏཱ་མིང་རྒྱལ་པོ་དང་པོ་ཧུང་ཝུ(洪武)ཁྲིར་འཁོད་ནས་མིང་ཆེན་མོའི་སྲིད་དབང་ཚུགས་པའི་སྐབས་ཡིན། དེ་ནས་རིམ་བཞིན་རྒྱལ་པོ་ཡུང་ལོ(永乐)ཡིས་སྲིད་བསྐྱངས། བོད་དུ་ཡང་ས་སྐྱ་པའི་སྲིད་དབང་ཉམས་ནས་ཕག་གྲུ་པས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་བའི་སྐབས་སོ། ། རྗེ་ཙོང་ཁ་པ་ནི་སྤྱི་ལོ1372ལོར་མདོ་སྨད་ནས་དབུས་སུ་ཕེབས་ཏེ། སྔ་ཕྱིར་བླ་མ་མང་དུ་བསྟེན་ནས་གསན་བསམ་རྒྱ་ཆེར་མཛད་ལ། མི་དབང་གྲགས་པ་བྱང་ཆུབ་ཀྱི་ཞབས་ལ་གཏུགས་ནས་ནཱ་རོ་ཆོས་དྲུག་སོགས་ཕྱག་ཆེན་གྱི་གདམས་པ་གསན། མི་དབང་གྲགས་པ་བྱང་ཆུབ་གཤེགས་རྗེས་སུ་མི་དབང་གྲགས་པ་རྒྱལ་མཚན་གྱིས་བསྐུལ་བ་ལ་བརྟེན་ནས་རྟོགས་བརྗོད་ལྷུན་པོ་བརྩམས། ཕྱིས་སུ་མི་དབང་གྲགས་པ་རྒྱལ་མཚན་གྱིས་ཀྱང་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས་ནས་མཆོད་ཡོན་གྱི་འབྲེལ་བ་རྒྱ་ཆེར་བསྐྱངས། དེ་ལྟར་མི་དཔོན་བླ་དཔོན་མང་པོའི་རྒྱབ་སྐྱོར་ལ་བརྟེན་ནས། རི་བོ་དགེ་ལྡན་པའི་བསྟན་པ་དར་མགོ་ཚུགས་པ་དང་། རྗེ་ཙོང་ཁ་པའི་བུ་སློབ་དག་གིས་བཀའ་གདམས་གོང་མའི་རྣམ་ཐར་གཙང་མ་བསྐྱངས་ཏེ། རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འདི་ཉིད་དར་ཞིང་རྒྱས་པར་མཛད་པ་དང་། བོད་གངས་ཅན་གྱི་ཆོས་བརྒྱུད་གྲུབ་མཐའ་ཁག་ཏུ་དགའ་ལྡན་པའམ་དགེ་ལྡན་པ་ཞེས་པའི་གསར་བྱུང་གི་གྲུབ་མཐའ་འདིའི་རྐང་ཚུགས་པར་གྱུར། སྤྱི་ལོ1432ལོར་མི་དབང་གྲགས་པ་རྒྱལ་མཚན་སྐུ་མྱ་ངན་ལས་འདས་ནས་ཁོང་གི་གཅུང་ཆེ་ས་སངས་རྒྱས་རྒྱལ་མཚན་གྱི་སྲས་གྲགས་པ་འབྱུང་གནས་རྒྱལ་སར་བཀོད་མོད། ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་གྱིས་རང་གིས་ཁྲི་ཐོག་ཨེ་ཡོང་རེ་བ་བྱས་ནས་ཡར་ཀླུང་དུ་སྡེ་གཟར་ལངས། དེའི་སྟབས་ཀྱིས་ཕག་གྲུ་ནང་ཞིག་གི་ལོ་ཞེས་པ་བྱུང་ནས་སྤྱི་ལོ1435ལོ་ནས་རིན་སྤུངས་ཕྱོགས་ཀྱི་མངའ་ཤུགས་ཇེ་དྲག་དང་ཕག་གྲུའི་མངའ་ཐང་ཉམས་རྒུད་དུ་སོང་། རིམ་བཞིན་རིན་སྤུངས་པས་བོད་སྤྱི་ལ་དབང་བསྒྱུར་བའི་མགོ་བརྩམས། རིན་སྤུངས་པ་ནོར་བུ་བཟང་པོའི་སྲས་ཀུན་ཏུ་བཟང་པོ་ལ་སྲས་གཉིས་ཡོད་པའི་སྲས་གཉིས་པ་དོན་ཡོད་རྡོ་རྗེས་རྫོང་ཆེན་བཅུ་གཉིས་ཀྱི་རྫོང་དཔོན་བཟུང་ནས། ཀརྨ་པ་ཞྭ་དམར་ཆོས་གྲགས་དང་མཆོད་ཡོན་འབྲེལ་ཏེ། ཡངས་པ་ཅན་གྱི་དགོན་པ་ཕྱག་བཏབ། ཀརྨ་ཆོས་གྲགས་ཀྱི་ཐུགས་བཀོད་ལྟར་ལྷ་སའི་ཉེ་འདབས་མ་ཞེས་པའི་སར་ཀརྨ་པའི་དགོན་པ་ཞིག་བཏབ་ཀྱང་སེ་ར་དང་འབྲས་སྤུངས་སོགས་ཀྱིས་བཤིགས་པ་སོགས་དུས་མི་བདེ་བ་བྱུང་ཞིང་། སྔ་ཕྱིར་སྡེ་གཟར་ལན་མང་དུ་བྱུང་། སྤྱི་ལོ1480ལོ་ནས་རིན་སྤུངས་པས་ཡར་ཀླུང་དང་ལ་སྟོད། སྐྱིད་ཤོད་སོགས་སུ་དམག་གཏོས་ཆེན་ལན་མང་དུ་དྲངས། དེ་རྗེས་སྐྱིད་ཤོད་དུ་སྣང་རྩེ་ཁུ་དབོན་རྐྱེན་ལམ་དུ་བཏང་བས་རྐྱེན་བྱས་ཏེ། སྡེ་བ་རིན་སྤུངས་པས་གཙང་གི་དམག་གཏོས་ཆེན་དབུས་སུ་དྲངས། སྡེ་པ་དགའ་ལྡན་པ་ནམ་མཁའ་རྒྱལ་པོས་ངོ་ཡ་བྱས། ཀརྨ་པ་དང་སྟག་ལུང་པ་སོགས་ཀྱིས་ཆིངས་བྱས་ཏེ་སྣེལ་པ་དཔོན་ངག་དབང་ལྷུན་པོ་སྐུ་མཆེད་སྐུ་སྐལ་བླངས་ནས་སྐྱོར་མོ་ལུང་དུ་ཕེབས་དགོས་བྱུང་། རིན་སྤུངས་པས་སྣེའུ་གཞིས་རྩིས་བླངས། ལྷ་ས་དང་པོ་ཏ་ལ་སོགས་ཀྱི་བདག་པོ་བྱས། དེ་ནས་བཟུང་ལོ་ཉི་ཤུའི་བར་དུ་སེ་ར་དང་འབྲས་སྤུངས་ཀྱི་དགེ་འདུན་པ་རྣམས་ལྷ་ལྡན་སྨོན་ལམ་ཆེན་མོ་ལ་ཕེབས་མི་ཆོག་པར་བྱས། དེ་ལྟར་བོད་ཀྱི་མི་དཔོན་སྡེ་དཔོན་དག་གིས་ཆོས་བརྒྱུད་གྲུབ་མཐའ་རེ་ཟུང་གཙིགས་སུ་བཟུང་སྟེ་དེ་དག་ལ་ཞབས་འདེགས་སུ་བསྙད་ནས། ཆོས་བརྒྱུད་ཕན་ཚུན་ལ་འཐེན་འཁྱེར་དང་ཕྱོགས་ལྷུང་བྱས་ཏེ། སྡེ་གཟར་སྣ་ཚོགས་ཀྱི་ཡོ་ལང་དཀྲུགས་ནས་ཞབས་འདྲེན་ཆེན་པོ་བྱས། དེ་ལྟར་རི་བོ་དགེ་ལྡན་པར་ཉམས་ཉེས་དང་གཏོར་བརླག་ཅི་རིགས་ཐེབས། དེ་ལྟ་བུའི་ལོ་རྒྱུས་ཀྱི་གནས་བབ་འོག་ཏུ་ཇོ་བོ་བཀའ་གདམས་པའི་ཆོས་བརྒྱུད་ཀྱི་ལོ་རྒྱུས་བཀའ་གདམས་ཆོས་འབྱུང་ངམ་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་སྣ་ཚོགས་བྱུང་བ་རེད།ཡང་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པ་ཡིའུ་ཆི་མ་ཧོ་ལགས་ཀྱིས“བཀའ་གདམས་པའི་ཆོས་འབྱུང་བྱུང་བ་དང་དགེ་ལུགས་པ་དར་བ་གཉིས་དུས་མཚུངས་ཡིན”[14]ཞེས་སྡོམ་ཚིག་བཀོད་འདུག་པ་ནི་དོན་ལ་གནས་པའི་གཏམ་ཡིན་པར་སྣང་། ཏག་ཏག་ཆོས་འབྱུང་འདི་ནི་དུས་རབས་བཅོ་ལྔ་པ་སྟེ་དགེ་ལྡན་པའི་ཆོས་བརྒྱུད་ཆེས་ཆེར་དར་ནས། སྡེ་བ་རིན་སྤུངས་པ་དང་གཙང་པ་སོགས་ཕྱི་རོལ་གྱི་རྒོལ་བ་དང་ཉམས་ཉེས་སྣ་ཚོགས་འབྱུང་བཞིན་པའི་སྐབས་སུ་བྱུང་བ་ཡིན། ཡང་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པའི་བླ་མ་པཎ་ཆེན་ཡེ་ཤེས་རྩེ་མོ་དང་ལས་ཆེན་ཀུན་དགའ་རྒྱལ་མཚན། པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་བརྩམས་པའི་བཀའ་གདམས་ཆོས་འབྱུང་གང་དང་གང་ཡིན་ཡང་ཆོས་འབྱུང་རང་གི་མཇུག་ཏུ་དགེ་ལུགས་པའི་བླ་མའི་རྣམ་ཐར་དང་ཁོང་ཅག་གིས་བསྟན་པ་སྤེལ་ཚུལ་གྱི་བྱུང་བ་ཉུང་ཙམ་རེ་འབྱུང་གིན་ཡོད། ཡང་ཆོས་འབྱུང་འདི་དག་གི་བྱུང་བ་དང་བསྟུན་ནས་བཀའ་གདམས་གསར་རྙིང་ཞེས་པའི་ཐ་སྙད་ཀྱང་བྱུང་བ་ཡིན་ཞེས་བཤད་ཀྱང་འགལ་བ་མེད་སྙམ། འོ་ན་བཀའ་གདམས་པའི་ཆོས་འབྱུང་ཡིན་བཞིན་དུ་ཅིའི་ཕྱིར་དགེ་ལུགས་པའི་བླ་མའི་རྣམ་ཐར་འབྱུང་དགོས་པ་དང་། དགེ་ལུགས་པའི་བླ་མ་ཡིན་བཞིན་དུ་ཅིའི་ཕྱིར་བཀའ་གདམས་པའི་ཆོས་འབྱུང་མཛད་དགོས་ཤེ་ན། དེ་ནི་ཆུ་མགོ་གངས་ལ་གཏུགས་པའི་དཔེ་ལྟར་རང་གི་ཆོས་བརྒྱུད་ཀྱི་ཁུངས་དག་པར་སྟོན་པ་དང་། ཇོ་བོ་བཀའ་གདམས་པའི་རྣམ་ཐར་གཙང་མ་ལ་གཙིགས་སུ་འཛིན་པས་ཡིན་པར་སྙམ། ཡང་ཨ་མེས་ཞབས་ཀྱི་བཀའ་གདམས་ཆོས་འབྱུང་ལས་ཀྱང་ས་སྐྱའི་བདག་ཉིད་ཆེན་པོ་རྣམས་དང་བཀའ་གདམས་གོང་མའི་འབྲེལ་བ་སྐབས་སྐབས་སུ་འཕྲོས་ཀྱིན་པས་ཀྱང་རྟོགས་སོ། ། ཆོས་འབྱུང་གསལ་སྒྲོན་དུ་བཀའ་གདམས་གཞུང་གདམས་ངག་གང་རུང་གི་གདམས་པ་རེ་ཟུང་གི་ལོ་རྒྱུས་སམ་བརྒྱུད་པ་གསུངས་དུས་ཇོ་བོ་རྗེ་ནས་ལས་ཆེན་ཀུན་དགའ་རྒྱལ་མཚན་རང་དང་རང་གི་བླ་མ་ལ་ཐུག་པའི་བར་གྱི་བརྒྱུད་པ་ཐམས་ཅད་ཟམ་མ་ཆད་པར་གསུངས་པ་ཡིན།
མདོར་ན་ཁོང་གིས་བཀའ་གདམས་ཆོས་འབྱུང་མཛད་པའི་དགོས་པ་ནི་གཅིག་ནས་བཀའ་གདམས་པའི་རྣམ་ཐར་གཙང་མ་ལ་གཙིགས་ཆེན་དང་བརྒྱུད་འཛིན་བྱེད་པ་ཡིན་ལ། གཉིས་ནས་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ཁུངས་དག་པར་སྟོན་པ་ཡིན། གསུམ་ནས་རང་གི་བཤེས་གཉེན་དམ་པ་རྣམས་ཀྱིས་རྩོམ་བསྐུལ་གནང་བ་ལ་བརྟེན་ནས་ཆོས་འབྱུང་འདི་ཉིད་རྩོམ་པ་བགྱིས་པ་ཡིན་ནོ། །
བཞི་པ། ཆོས་འབྱུང་གསལ་སྒྲོན་གྱི་སྒྲིག་གཞི་དང་ནང་དོན་གྱི་ཁྱད་ཆོས།
ཆོས་འབྱུང་གསལ་སྒྲོན་གྱི་གཞུང་སྤྱིའི་ཁོག་དབུབས་ལ་སྤྱིའི་ཆ་ནས་ས་བཅད་ཆེན་པོ་གསུམ་སྟེ། དང་པོ་བཀའ་གདམས་ཉིད་ངོས་གཟུང་བ་དང་། གཉིས་པ་བཀའ་གདམས་ཀྱི་ཆོས་སྤྱིའི་དབྱེ་བ་བཤད་པ། གསུམ་པ་བཀའ་གདམས་ཀྱི་མཛད་སྤྱོད་རྣམ་ཐར་བཤད་པ་དང་གསུམ་མོ། །དང་པོ་བཀའ་གདམས་ཉིད་ངོས་གཟུང་བ་ལས་གཙོ་བོ་བཀའ་གདམས་པའམ་བཀའ་དམ་པ་ཞེས་པའི་མིང་ཐོགས་ཚུལ་དང་མཁས་པ་སོ་སོས་བཀའ་གདམས་ཀྱི་མིང་ལ་གོ་བ་བྱེད་སྟངས། ལམ་རིམ་དང་ལྷ་ཆོས་བདུན་ལྡན་ལ་གཙིགས་ཆེན་བྱེད་ཚུལ་སོགས་བཀའ་གདམས་པ་ཞེས་པའི་གོ་དོན་དང་ངོ་བོ་ཇི་ལྟར་ཡིན་པ་བསྟན་ཡོད། གཉིས་པ་བཀའ་གདམས་ཀྱི་ཆོས་སྤྱིའི་དབྱེ་བ་བཤད་པ་ལ། བཀའ་གདམས་ཀྱི་ཆོས་ཡོངས་སུ་གྲགས་པ་ལ་རྣམ་པ་གཉིས་ཏེ། གཞུང་དང་གདམས་ངག ཡང་ན་མན་ངག་གསུམ་དུ་དབྱེའོ་ཞེས་གཞུང་གདམས་ངག་གཉིས་ཀྱི་ལྟ་བ་གཙོ་བོར་སྟོན་པ་དང་། སྤྱོད་པ་གཙོ་བོར་སྟོན་པ། ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་གསུམ་གྱི་སོ་སོའི་འཁྲིད་བྱའི་གཞུང་དང་ལྟ་བ་གང་གཙོ་བོར་འཛིན་པ་བསྟན་ཡོད་པ་དང་། མན་ངག་པར་བརྒྱུད་པའི་བཀའ་གདམས་གླེགས་བམ་གྱི་བྱུང་བ་ཡང་བསྟན་འདུག གསུམ་པ་བཀའ་གདམས་ཀྱི་མཛད་སྤྱོད་རྣམ་ཐར་བཤད་པ་ལ། དམ་པ་རྣམས་ཀྱི་མཛད་སྤྱོད་དང་ཉམས་སུ་བཞེས་ལུགས་སྤྱིར་བསྟན་པ་དང་། སོ་སོའི་རྣམ་ཐར་ཞིབ་ཏུ་བཤད་པ་གཉིས་ཡོད། སོ་སོའི་རྣམ་ཐར་ཞིབ་ཏུ་བཤད་པ་ལ་ཡང་། 1.ཇོ་བོ་རྗེའི་རྣམ་ཐར་དང་། 2.ཇོ་བོའི་དངོས་སློབ་རྣམས་ཀྱི་བྱུང་བ། 3.དགོན་པ་བའི་བཀའ་བརྒྱུད་རྣམས་ཀྱི་རྣམ་ཐར། 4.གདམས་ངག་པའམ་སྔན་སྔ་བའི་བཀའ་བརྒྱུད་རྣམས་ཀྱི་རྣམ་ཐར། 5.གཞུང་པའམ་པོ་ཏོ་བའི་བཀའ་བརྒྱུད་རྣམས་ཀྱི་རྣམ་ཐར། 6.གླེགས་བམ་གྱི་བརྒྱུད་པའམ་ཕུ་ཆུང་བའི་བཀའ་བརྒྱུད་རྣམས་ཀྱི་རྣམ་ཐར། 7.གདམས་པ་ཐོར་བུ་བའི་བླ་མ་རྣམས་ཀྱི་རྣམ་ཐར། 8.བཀའ་གདམས་གསར་མའམ་རྗེ་ཙོང་ཁ་པའི་སློབ་བརྒྱུད་རྣམས་ཀྱི་རྣམ་ཐར་ཏེ་སྐབས་བརྒྱད་དུ་བསྡུས་ནས་གསུངས་ཡོད། ས་བཅད་འགྲེམ་སྟངས་འདི་ནི་འདྲིལ་ཆེ་ལ་མཐུས་ཚང་བ་ཞིག་ཡིན་པར་འདོད། དེ་བས་བཀའ་གདམས་པའི་ཆོས་བརྒྱུད་ཀྱི་དབྱེ་བ་བྱེད་སྟངས་འདི་གས་ནི་ཕྱིས་བྱུང་བསྟན་བཅོས་ལ་ཤུགས་རྐྱེན་ཆེ་སྟེ། དཔེར་ན«ཐུའུ་བཀྭན་གྲུབ་མཐའ»སོགས་ཆོས་འབྱུང་ལོ་རྒྱུས་ལ་ལར་བཀའ་གདམས་པའི་ལོ་རྒྱུས་འཆད་སྐབས་ས་བཅད་འདི་དང་མཐུན་པར་བྱུང་ཡོད་པ་ཡིན།ཆོས་འབྱུང་གསལ་སྒྲོན་ནི་གོང་སྨོས་ཀྱི་ས་བཅད་ལྟར། བཀའ་གདམས་གོང་མའི་གཞུང་དང་གདམས་ངག མན་ངག་སོགས་ཀྱི་བརྒྱུད་པ་རྣམས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་ལས་ཆེན་ཀུན་དགའ་རྒྱལ་མཚན་དང་ཁོང་གི་བླ་མ། ཡང་ན་རྗེ་ཙོང་ཁ་པ་ཡབ་སྲས་སོགས་ལ་ཇི་ལྟར་བརྒྱུད་ཚུལ་གྱི་རིམ་པ་རྣམས་གསལ་བར་སྟོན་པའི་བསྟན་བཅོས་ཤིག་ཡིན་ལ། བཀའ་གདམས་གསར་མའམ་དགེ་ལྡན་པའི་ལུགས་ཀྱི་བྱུང་ཚུལ་དང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་གཙོ་བྱས་གླེགས་བམ་རིན་པོ་ཆེ་དང་བཀའ་གདམས་ལྷ་ཆོས་བདུན་ལྡན། དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། དོན་ཞགས་པའི་སྒྲུབ་ཐབས་སོགས་བཀའ་གདམས་གོང་མ་རྣམས་ནས་དགེ་ལྡན་པར་བརྒྱུད་པའི་གདམས་པ་དང་མན་ངག་སོགས་ཀྱི་བརྒྱུད་པ་གསལ་བར་བཀོད་ཡོད་པས་ཆོས་བརྒྱུད་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན། ཡང་འདི་ཉིད་ལས་བཀའ་གདམས་གོང་མ་རྣམས་ཀྱི་རྣམ་ཐར་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཀའ་གདམས་པའི་མཛད་སྤྱོད་ལ་བསྡོམས་ལྟ་བུར་བྱས་འདུག་ལ། ཁྱད་པར་དུ་སྐུ་མཆེད་གསུམ་དང་གླང་ཤར་སོགས་བཀའ་གདམས་པའི་སྐྱེས་ཆེན་རྣམས་ཀྱི་གསུང་མོལ་དང་མཆེད་གླེང་སོགས་ཇི་བཞིན་དུ་བཀོད་ཡོད་པས། ཁོང་རྣམས་ཀྱི་མཛད་སྤྱོད་ལ་ངེས་པ་གཏིང་ནས་རྙེད་པའི་གྲོགས་སུ་འགྲོ་བ་དང་། དེ་ལ་ངེས་པ་རྙེད་པས་ནི་སློབ་གཉེར་པ་དང་དགེ་འདུན་པ་ཐམས་ཅད་ཀྱི་མིག་དཔེ་དང་ལམ་སྟོན་ལྟ་བུར་འགྲོ་བ་ཡིན། དེ་བས་རྣམ་གྲོལ་དོན་གཉེར་ལ་བརྩོན་པའི་དགེ་འདུན་པ་སྨོས་ཅི་འཚལ། ཐོས་པ་དོན་གཉེར་གྱི་སློབ་གཉེར་པ་ཡོངས་ལ་ཡང་སློབ་སྦྱོང་གི་མིག་ལྟོས་བཟང་པོར་འགྲོ་བ་ཡིན། དཔེར་ན། «ཆོས་འབྱུང་གསལ་སྒྲོན»ལས“པོ་ཏོ་བའི་སློབ་མ་བྱ་རབ་པས་པོ་ཏོ་བ་ཡབ་སྲས་ཀྱི་མཛད་སྤྱོད་ཡི་གེར་བཀོད་པའི་བསྡོམས་ནི། གཞན་གྱི་དཔོན་དང་གཡོག་མི་བྱ། །གཞན་སེམས་མི་དཀྲུགས་སེམས་མི་གཟུང་། །སྲེ་སླད་མི་བྱ་འབྲེལ་མི་བྱ། །ལྟོགས་འཇེན་མི་བྱ་འདྲིས་མི་བྱ། །གྱོང་དུ་བྱ་ཞིང་འགྲོགས་དཀར་བྱ། །རྟེན་བཞེངས་པ་དང་རྟེན་ལ་མཆོད། །ཀློག་འདོན་སྦྱིན་གཏོང་བྱ་བ་ཡང་། །རྒྱ་ཆེན་ཡོངས་སུ་སྤངས་ནས་ནི། །རང་གི་ཟས་གོས་འཚོ་བ་ཡང་། །ངན་ངོན་ཙམ་གྱིས་ཆོག་བྱ་ཞིང་། །དབེན་པའི་གནས་སུ་སོང་ནས་ནི། །སྒྲུབ་པ་སྙིང་པོར་བླང་བར་བྱ། །”[15]ཞེས་བཀོད་པ་ལྟར་བཀའ་གདམས་པའི་ཆོས་བརྒྱུད་ཀྱི་མཛད་སྤྱོད་ལ་བསྡོམས་མཛད་འདུག་ལ། ཡང་དེ་ཉིད་ལས་སྤང་བྱའི་གནས་དང་སྤང་བྱའི་གྲོགས། ཟས། གོས། ནོར། ལས་སོགས་ཀྱི་ཁྱད་པར་གསལ་བོར་བཀོད་ནས། པོ་ཏོ་བའི་སློབ་བརྒྱུད་དག་གཙོ་བྱས་བཀའ་གདམས་གོང་མ་རྣམས་ཀྱི་སྤྱོད་ལམ་འཁྱེར་ཚུལ་ལ་གསུངས་འདུག་ཅིང་། ཇོ་བོ་རྗེའི་ཆེ་བའི་ཡོན་ཏན་རྣམས་བརྗོད་པའི་སྐབས་སུ་ཇོ་བོའི་རྣམ་ཐར་ལ་ཡོན་ཏན་གྱི་ཆེ་བ་བརྒྱ་རྩ་བརྒྱད་བྱས་ནས་རྣམ་ཐར་མཛད་འདུག་པ་ཡིན། གཞན་བཀའ་གདམས་པའི་ཆོས་བརྒྱུད་འཛིན་པ་དག་གིས་དགོན་གནས་བཞེངས་ཚུལ་དང་། གདན་ས་གལ་ཆེན་དག་གི་གདན་རབས་བྱུང་ཚུལ་ཡང་གསལ་འདུག་པས། འདི་ནི་ཆོས་བརྒྱུད་ལོ་རྒྱུས་དང་དགོན་གནས་ལོ་རྒྱུས་ལ་ཞིབ་རྟོགས་བྱེད་པའི་རྒྱུ་ཆ་གལ་ཆེན་པོར་སྣང་། གཞན་ཡང་རྩོམ་མཁན་ཁོང་གིས་རྣམ་ཐར་དང་ལུང་བསྟན། བསྟོད་པ། མནལ་ལམ། གསུང་སྒྲོས་སོགས་འབྲེལ་ཡོད་ཀྱི་སྐབས་ཐོག་ཡིག་ཆ་སྣ་ཚོགས་ཕྱོགས་བསྒྲིགས་བྱས་ཡོད་པས་ཆོས་འབྱུང་འདི་ལ་རང་མོས་ཆུང་ཞིང་ཁུངས་ཆེ་བ། ཚིག་སྦྱོར་ཡིད་དུ་འོང་བ་ཞིག་ཡིན་པ་སོགས་ཀྱི་ཁྱད་ཆོས་ལྡན། ཡང་སྔོན་གྱི་མཁས་པ་ལ་ལས་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་བཀའ་གདམས་ཆོས་འབྱུང་ནི་ཡིག་ཆ་ཕྱོགས་བསྒྲིགས་བྱས་པ་ཙམ་ཡིན་ཞེས་གདེང་འཇོག་ཆེར་མི་མཛད་པ་ཡང་ཡོད་མོད། གཟུར་གནས་མཁས་པས་དཔྱད་ན་ནི་དེ་ཙམ་ཞིག་ག་ལ་ཡིན་ཏེ། རིག་གསར་དང་དུས་འཇིག་སྣ་ཚོགས་བྱུང་བའི་རྗེས་ཀྱི་དེ་རིང་བལྟས་ན་བཀའ་གདམས་གོང་མ་རྣམས་ཀྱིས་ཡིག་ཐོག་ཏུ་བཀོད་པའི་རྣམ་ཐར་དང་གསུང་རྩོམ་མང་ཆེ་བ་ཆུད་ཟོས་སུ་གྱུར་ནས། སྐབས་དེ་གའི་སྐབས་ཐོག་ཡིག་ཆ་རེ་བཙལ་དགོས་ན་ཧ་ཅང་དཀའ་ལས་ཁག་པོ་ཡོད་ཅིང་། ཉིན་མོའི་སྐར་མ་བཞིན་དུ་དཀོན་པ་ཡིན། ཡིག་ཆ་རེ་ཟུང་ལག་ཏུ་སོན་ཡང་དེ་དག་ཀྱང་ཁ་ཆད་སྣ་རལ་ཞིག་ལས་ཕྱོགས་ཡོངས་ནས་བཀའ་གདམས་པའི་ཆོས་ཀྱི་རྒྱུན་ཐག་གསལ་ཐུབ་པ་ཞིག་ཤིན་ཏུ་དཀོན། དེ་བས་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་ཆོས་འབྱུང་འདི་ནི་བོད་བརྒྱུད་ནང་བསྟན་གྱི་འཕེལ་འགྱུར་ལོ་རྒྱུས་ཁྲོད་མེད་མི་རུང་གི་ཡིག་ཆ་གལ་ཆེན་ཞིག་ཡིན་ལ། འདི་ལ་ལོ་རྒྱུས་ཀྱི་རང་བཞིན་དང་རྩོམ་རིག་གི་རང་བཞིན། སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་རང་བཞིན་སོགས་ཕྱོགས་འདུས་ཤིག་ཡིན་པས། སྣ་འཛོམས་རང་བཞིན་གྱི་ཆོས་འབྱུང་ཡིག་ཆ་ཞིག་ཡིན་ནོ། །
མཇུག་གི་གཏམ།
མདོར་ན། ཆོས་འབྱུང་གསལ་སྒྲོན་ནི་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་རིན་སྤུངས་པ་དང་གཙང་བ་སོགས་དུས་མི་བདེ་བྱུང་སྐབས་ཤིག་སྟེ། སྤྱི་ལོ1494ལོར་མཛད་པ་ཡིན་ལ། འདི་ནི་བཀའ་གདམས་གསར་རྙིང་གི་བརྒྱུད་པ་གསལ་བའི་ཆོས་བརྒྱུད་ལོ་རྒྱུས་རྒྱུ་ཆ་གལ་ཆེན་ཞིག་ཡིན། འདིའི་མཛད་པ་པོའི་ལོ་རྒྱུས་མི་གསལ་བས། བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་སོགས་ལས་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཆོས་འབྱུང་མཁས་པའི་ཡིད་འཕྲོག་བརྩམས་ཞེས་པ་ནི་ནོར་སྐྱོན་ཡིན་ལས་ཆེ།ཆོས་འབྱུང་འདི་ལ་སྔ་ཕྱིར་པར་གཞི་མི་འདྲ་བ་བཞི་ལྷག་བྱུང་ཡོད་ལ། དེ་རེ་རེ་ལ་ཡང་རང་རང་གི་ཁྱད་ཆོས་མངོན་གསལ་དོད་པོ་རེ་ཡོད། གཞན་ཡང་ཆོས་འབྱུང་འདིའི་ཁྱད་ཆོས་ནི། ཆོས་ལུགས་ལོ་རྒྱུས་ཐད་ནས་མི་སྣའི་བྱུང་བ་དང་ལོ་རྒྱུས་དོན་རྐྱེན་གསལ་བ། དགོན་པ་གལ་ཆེན་དག་གི་གདན་རབས་གསལ་བ། བཀའ་གདམས་གསར་རྙིང་གི་བརྒྱུད་པ་གསལ་བ་བཅས་ཀྱི་ཁྱད་ཆོས་དང་། ཡིག་ཚང་ཐད་ནས་ཡིག་ཆ་ཐོར་བུ་མང་པོ་ཕྱོགས་སྡོམ་བྱས་ཡོད་པ། བཀའ་གདམས་དགེ་བཤེས་རྣམས་ཀྱིས་གསུང་རྩོམ་གནང་ཚུལ་གསལ་བ། སྔོན་བྱོན་མཁས་པའི་རྩོམ་ཐབས་སྤྱད་པ། བརྡ་རྙིང་བཀོལ་ཁྱབ་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད་དོ། །དཔྱད་ཡིག་ལུང་ཁུངས།
[1][3][4][5] རྒྱལ་བ་དགེ་འདུན་རྒྱ་མཚོ། རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ཀ་པ། [M] bdr:W1CZ2857.སྣ་རིང་། P68. P68.P68.P68
[2][9][10][11][12] ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003:758.830.211.419.527.
[6] བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གི་པོ་ཏ་ལ་རིག་དངོས་སྲུང་སྐྱོབ་དོ་དམ་སོའོ། དགེ་ལུགས་པའི་གསུང་འབུམ་དཀར་ཆག [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990:172
[7] ཚེ་ཏན་ཞབས་དྲུང་། བསྟན་རྩིས་ཀུན་བཏུས་ནོར་བུ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1982:226
[8] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་ཐེངས་བཞི་པའི་དཀར་ཆག [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016:68
[13] ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M] bdr:W1KG10687. སྣ་རིང་། P315
[14] ཡིའུ་ཆི་མ་ཧོ། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་ལས་རྗེ་ཙོང་ཁ་པ་དང་དགེ་ལུགས་པའི་དགེ་བཤེས་རྣམས་ཀྱི་རྣམ་ཐར་སྐོར་གླེང་བ། [M] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2018 (3)
[16] ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003:40
* འཕྲིན་ལས་འོད་གསལ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2019ལོའི་ཆོས་ལུགས་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
འབྲེལ་ཡོད་འོས་སྦྱོར།